གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ར་ལོ། ངའི་ཤ་ཉེ།

2014-01-16 21:16:00 བིས་མདོ་སྒྲོལ་མ་སྐྱབས། ཀློག་གྲངས། མཆན ཡོད།

           _____<<ར་ལོ>>ལས་འཕྲོས་པའི་གཏམ།

  ད་ལོ་ཡང་ནམ་རྒྱུན་དང་འདྲ་བར་དགུན་གཞུང་གི་གྲང་རེག་ཧ་ཅང་རྩུབ་པས་ལྷགས་རླུང་གི་འཚེ་བ་ལ་གཡོལ་ཐབས་ཀྱིས་ཁྱིམ་གཞི་དྲོད་མོའི་མལ་ན་བདེ་བའི་དཔལ་ལ་རོལ་བཞིན་པའི་སྐབས་ཁ་པར་གྱི་སྐུད་ལམ་ལས་སྙན་པའི་གླུ་སྒྲ་དང་བཅས་ང་རང་ངོ་མཚར་དགོས་པའི་སྐད་ཆ་ཞིག་བཤད་སོང་། “ཁྱེད་རང་ར་ལོ་ཡི་ཚ་བོ་ཡིན་” ཟེར།
   ངའི་བསམ་པར་ཉིན་འགའི་སྔོན་ལ་རྩོམ་པ་པོ་ཚེ་དོན་གྱི་<<ར་ལོ>>ཞེས་པ་སློབ་ཁྲིད་བྱེད་མྱོང་ཡོད་པས་གྲོགས་པོ་སུ་ཞིག་གི་ང་ལ་ཀུ་རེ་རྩེད་མོ་རྩེ་བ་ཡིན་སྙམ་བཞིན། གནད་དོན་འདི་ནི་ངོ་མ་ཨ་ཕ་ལ་འདྲི་དགོས་པའི་དོན་ཞིག་ཡིན་ཏེ། ཨ་ཕའི་ང་ལ་“ཕ་མེས་ཡང་མེས་ཀྱི་རིགས་རྒྱུད་སྐྱེ་ཁུངས་གསལ་པོ་ཞིག་མི་ཤེས་མོད།  འོན་ཀྱང་ཁྱོད་རང་ཆུང་དུས་གཉོམ་ཆུང་།  དཔའ་མེད།  སྣབས་ལུག།  ད་དུང་ཉལ་སའི་ནང་གཅིན་པ་གཏོང་བའི་གོམས་གཤིས་ངན་པ་དེ་ལོ་ངོ་བཅུ་བཞིའི་བར་དུ་ཆད་མ་མྱོང་”ཟེར། བསམ་གཞིགས་ཀྱི་ཀློང་ནས་ངའི་ན་ནིང་གི་དོན་དེ་ཡིད་ལ་འཁོར། སློབ་གཙོས“ཁྱེད་རང་དང་ཐོག་དགེ་རྒན་ལེགས་གྲས་ཤིག་ཡིན་ཡིན་ནའང་ད་ལྟ་སྒྱིད་ལུག་གི་དབང་གིས་སློབ་ཁྲིད་ལེགས་པོ་མ་བྱས་པའི་རྐྱེན་གྱིས་སློབ་མ་དང་ཁྱིམ་བདག་ལ་བསམ་འཆར་ཆེན་པོ་ཡོད་པས་ལོ་རིམ་འཕར་མི་ཆོག”་ཟེར་བའི་དོན་རྐྱེན་དེ་དྲན་བཞིན་ཁྱིམ་དུ་ལོག  གུང་ཟས་ཟ་བར་རྩོམ་པ་ན་ཆུང་མས་ང་ལ་“ངོ་མ་གཙང་བཙོག་མི་འདུག   ཅི་འདྲ་བསླབ་ཀྱང་མི་ཤེས་པ་ཅི་ཡིན་ནམ།  ཟ་མ་བཟའ་བའི་སྔོན་ལ་ལག་པ་བཀྲུ་རྒྱུ་ནི་རྒྱུན་ཤེས་ཤིག་ཡིན།  འབྲོག་པའི་རང་གཤིས་ད་དུང་བསྒྱུར་མི་ཐུབ་བམ།  ཆང་དང་ཐ་མག་ཡོད་ན་ཆུང་མ་དང་བྱིས་པ་ཡང་མི་དགོས་པ་ཅི་ཡིན།” གནའ་མིའི་གཏམ་དཔེར་“མི་ངན་པར་གྲོགས་པོ་མང་།  མུན་རུབ་དུས་འགྲོ་ས་མེད་”ཟེར་བ་ཅི་མ་བདེན་ཞེས་སྡིགས་མོ་བྱེད་རྒྱུའི་འགོ་བརྩམས་སོང་།  ཞིམ་པའི་ཟས་ཀྱི་བྲོ་བ་མ་ཚོར་བར་སླར་ཡང་གཞུང་ལས་ཁང་དུ་བསྐྱོད།  སེམས་སྡུག་གིས་ཁེངས་པའི་ང་རང་འདུག་སྟེགས་སུ་འཇམ་ཐིང་ངེར་སྡོད་པའི་སྐབས་གློ་བུར་དུ་དགེ་གྲོགས་ཤིག་གིས་“རྒན་ལགས།   ཅི་རེད།   སྒྱིད་ལུག་གི་ཉམས་ཤིག་མངོན་བཞིན་པ་ཅི་ཡིན་”ཟེར།
  ཨ་ཙི།  ངའི་བསམ་པར་ང་རང་ངོ་མ་ར་ལོ་ཡི་རིགས་རྒྱུད་ཅིག་ཡིན་པར་འདུག་སྙམ་བཞིན། ལུས་རྩལ་ར་བ་བརྒྱུད་བུ་བཅོལ་ཁང་དུ་བུ་ཆུང་བསུ་བར་འགྲོ་བའི་སྐབས་འཁྲུལ་ཤེས་ཀྱི་དབང་དུ་སོང་བ་མིན་ན། ངའི་མཐོང་ལམ་དུ་ར་ལོའི་ཨ་ཕ་སུ་ཡིན་མི་ཤེས་ནའང་ར་ལོའི་བུ་རབས་ཚ་རྒྱུད་ནི་དུས་རབས་ཉི་ཤུ་ལོ་རབས་བརྒྱད་ཅུ་ནས་བཟུང་ད་དུང་མཚམས་མ་ཆད་པར་གངས་ཅན་གྱི་གྲུ་ཟུར་རེ་རེ་ན་གང་སར་ཁྱབ་འདུག་སྙམ་བཞིན། དུ་སྣེ་དེ་ཁོང་འཇིབ་ཅིག་བྱས་ཏེ་དངན་པ་རིང་པོ་ཞིག་འཐེན་པའི་སྐབས། “ཨ་ཕ་”ཞེས་བྱིས་པ་ཞིག་གི་ཡ་ཁའི་སེར་ལ་སྦོམ་པའི་སྣབས་དེ་ཕར་གཡོ་ཚུར་གཡོ་བྱེད་བཞིན་ངའི་ཕྱོགས་སུ་བརྒྱུགས་ཡོང་། 

               (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང) 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།