གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ལ་བལྟས་པ།

2013-10-17 16:02:00 མུ་ར་གསུང་རབ། ཀློག་གྲངས། མཆན ཡོད།

   སྤྱིར་ང་ཕ་ཡུལ་ལ་ཐོན་མ་ཐག་ཡིན། དེའི་དབང་གིས་ཡུལ་མི་སེར་སྐྱ་སུ་ཞིག་གི་ངོ་ཐད་ནས་བཤད་ན་ཡང་། མི་སྒེར་ལ་ཕོག་ཐུག་གཏོང་འདོད་སའམ་གཏོང་རན་ས་གང་ཡོད་པ་མ་རེད། ལྷག་པར་ཏུ་ང་མཚོན་ནས་བཤད་ན། ཆུང་ནས་བཟུང་། ཡུལ་མི་ཉེ་འབྲེལ་དང་ཕ་མ་སྤུན་མཆེད་ཀྱི་རྒྱབ་སྐྱོར་དང་བཀའ་དྲིན་གྱི་ཐུ་འོག་ཁོ་ན་ལས་འཚར་ལོངས་བ་ཡིན་ལ། མི་ཚེ་ཀྱག་ཀྱོག་གི་བགྲོད་ལམ་དང་རེ་ཕམ་རེ་རྒྱལ་གྱི་འཐབ་མོའི་ཁྲོད་དུ་ཕམ་ཐེངས་རེ་ཡང་། ཡུལ་མི་ཚོའི་རྒྱབ་སྐྱོར་འོག་ནས་ལང་ཐེངས་རེ་ཡིན་པས། ངས་ཁོང་ཚོར་སྙིང་ནས་གུས་འདུད་དང་བཀའ་དྲིན་ཞུ་འོས། དེའི་དབང་གིས་ངས་ཡང་ཁ་ཡག་སྐམ་པོས་མྱི་མི་ཉན། ཏ་ར་རུལ་བས་སྐོམ་མི་སོད་ཟེར་བ་ལྟ་བུའི་ཁ་བཤད་ཁོ་ནའི་རྗེས་སུ་མི་འགྲོ་ཐབས་སུ། རང་གི་ཁོར་ཡུག་གམ་ཁ་ཉེ་ཐག་རྩར་དོ་ཁུར་དང་རྒྱབ་སྐྱོར་བྱེད་རྩིས་ཡོད། གཤམ་དུ་ཉེ་ལམ་བདག་གིས་མཐོང་བའི་གནད་དོན་འགའ་ལ་གླེང་མོལ་བསྡུས་བསྡུས་ཤིག་བྱེད།
   དང་པོ། ཁ་པར་བརྡ་འཕྲིན་སྐོར་གྱི་གནད་དོན་དང་བསམ་ཚུལ་འགའ།
སྤྱིར་དུས་འདི་ཙམ་ཞིག་ལ་དངོས་པོ་དེ་ཙམ་ཞིག་བེད་སྤྱོད་གཏོང་ཐུབ་པའམ་ངོས་ལེན་བྱེད་ཐུབ་པ་དེ་ལ་ཅི་ཡང་དགག་པ་རྒྱག་འདོད་མེད་པ་མ་ཚད། དགག་ནས་དགོས་པའང་ཡོད་པ་མ་རེད་ལ། དགག་པའི་ཚབ་ཏུ་དགའ་བསུ་ཡག་ཐག་ཆོད་ཅིག་བྱེད་འདོད་ཡོད། འོན་ཀྱང་། དེའི་ཐད་ཀྱི་འཛེམ་བྱ་དང་མི་ལེགས་པའི་ཀུན་སྤྱོད་མང་པོ་ཞིག་ལ་ང་ཚོས་ངེས་པར་དུ་དོར་སྣང་མ་བྱས་རང་བྱས་རེད།
༡ སྐད་འཕྲིན་དང་རོལ་རྩེད་བེད་སྤྱོད་གཏོང་སྟངས་སྐོར་བཤད་ན། དེ་དག་གང་ཡིན་རུང་ཁྱོད་ཀྱི་ཐོན་རྫས་ཡིན་པ་ལས་ཁྱོད་དེའི་ཐོན་རྫས་སུ་འགྱུར་མི་རུང་། ཁྱོད་ཀྱིས་ཐོན་རྫས་གང་དེ་ཚོད་འཛིན་དང་དབང་བསྒྱུར་བྱེད་དགོས་པ་ལས་ཐོན་རྫས་དེས་ཁྱོད་ལ་ཚོད་འཛིན་དང་དབང་བསྒྱུར་ཐེབས་མི་རུང་། གལ་ཏེ་ཁྱོད་དེའི་ཐོན་རྫས་སུ་གྱུར་ཚར་བ་ཡིན་ན། ཁྱོད་ལ་ཐོན་རྫས་དེ་ལས་གཞན་གལ་ཆེ་བོ་གང་ཡང་ཡོད་པ་མ་རེད། སྤྱིར་འདིའི་རིགས་ལ་ཡང་སེམས་ཁམས་སྙོམ་སྒྲིག་དང་བསམ་བློ་རྗེ་རུས་སོགས་ཀྱི་ལེགས་པའི་ཆ་མང་པོ་ཡོད་པ་རེད་ལ། ལེགས་པའི་ཆ་དེ་དག་གི་རིགས་ལ་རྗེས་སུ་ཡི་རངས་བྱེད་པ་དང་། མི་སུ་ཡིན་ཡང་དེའི་ཐད་ལ་ཡར་སྐུལ་བྱེད་འདོད་པ་ལས་དགག་བྱར་ལེན་འདོད་མེད་དོ། འོན་ཀྱང་དེའི་རིགས་ལ་དུས་ཚོད་ཀྱི་སྟོང་ཆ་དང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེ་སྙམ་པ་མ་ཚད། བཟའ་ཚང་དང་ཕ་མ་མིང་སྲིང་མཉམ་འདུས། གྲོགས་པོ་དང་མགྲོན་པོ་སྣེ་ལེན་ལ་སོགས་པའི་ཅུང་དོ་སྣང་བྱེད་དགོས་པའི་སྐབས་སུ། རང་རང་ས་ནས་རོལ་རྩེད་དང་སྐད་འཕྲིན། ཡིག་འཕྲིན། ཁ་པར་གཏོང་ལེན་སོགས་ཀྱི་རིགས་འདི་ལ་ཚོད་ཅིག་ཡོད་ན་འགྲིག་གི་འདོད་ཀི
   དེ་མ་གཏོགས། ང་ཚོའི་ཕ་ཡུལ་འདི་ལ་མཚོན་ནས་བཤད་ན། དར་མ་ཐག་གི་ཐོན་རྫས་འདིའི་རིགས་ཀྱིས་ཡ་རབས་ཀྱི་མི་གཤིས་སམ་ཀུན་སྤྱོད་ལ་འགྱུར་བ་གཏོང་བཞིན་པའི་ཚོར་བ་ཞིག་སྐྱེས་བྱུང་། བཟའ་ཚང་དང་ཉེ་མི་ལྷན་འདུས་ཀྱི་གསོལ་ཟས་སྟེང་ན་ཡང་། ན་གཞོན་གང་མང་ཅིག་གིས་རང་གི་ཉེ་གམ་གྱི་ཞེ་དུང་དུང་དང་དགོང་འཛུམ་འཛུམ་གྱི་མི་དག་ཕར་རོལ་ཞིག་གི་སར་གཡུགས་ནས། ཕར་ཕྱོགས་ཀྱི་བརྡའམ་སྐུད་པའི་སྣེ་མོའི་སུ་ཞིག་ལ་དེ་བས་ཨ་གསར་དང་ཞེ་རྩིས་ཀྱི་ཉམས་ལྷགས་མ་ཞིག་བསྟན་ནས་བསྡད་ན། དེ་ནི་ཁྱོད་ཀྱི་ཕ་མས་བཞག་པའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཞིག་འབོར་གྱིན་པའི་རྟགས་རེད་ལ། རང་ལ་དགའ་བའམ་ཉེ་བ་དག་ལ་མ་གུས་པ་དང་སྣང་ཆུང་གི་ཉམས་ཤིག་རང་བྱུང་གིས་གྲུབ་ཡོང་གི་རེད། དེའི་སྟབས་ཀྱིས་ང་ཚོར་བརྡ་རྟགས་ཀྱི་སྣེ་མོར་འཇུ་དུས་དང་ཁྱིམ་མི་དང་གྲོགས་པོ་གཏམ་གླེང་བྱེད་དུས་ཀྱི་དབྱེ་མཚམས་ཤིག་ངེས་པར་དུ་ཡོད་དགོས་སྙམ། ཐ་ན་ཁྱིམ་མི་དང་གྲོགས་པོའི་མཐུན་ལམ་ལ་ཡང་གནོད་པ་ལོས་ཡོད་སྙམ། ང་ཚོ་མ་གཞི་ཡ་རབས་སྤྱོད་བཟང་གི་མི་རིགས་ཤིག་ཡིན་པ་མ་ཟད། ད་དུང་ཡང་ཡ་རབས་སྤྱོད་བཟང་གི་མི་རིགས་ཤིག་ཨེ་འཁྱོངས་ཀི་རེ་བ་ཡོད་ན། ཁྱེད་ཚོས་ཡོད་ཚད་རང་དབང་དང་ཐོབ་ཐང་རེད་ཟེར་ནས། ཡ་རབས་ཀྱི་སྤྱོད་པ་དེ་དག་འདོར་རྐྱང་མ་བྱེད་དང་། རང་དབང་དང་ཐོབ་ཐང་ཟེར་བ་དེ་རྩི་འཚོ་དང་གོང་བཀུར་མི་མཁོ་བའི་མི་ཚེའི་རིན་ཐང་ལྟ་བ་ཞིག་ཡེ་ནས་རེད་མི་འདུག
   ༢ དེང་སང་མི་གཤིས་མི་ལེགས་ཤིང་ཀུན་སྤྱོད་སྙིགས་རྫོབ་ཏུ་གྱུར་བའི་མི་སྣ་འགའ་རེས། ཁྲེལ་མེད་ལུགས་མེད་ཀྱི་བྱ་སྤྱོད་མང་དག་སྤེལ་གྱིན་པ་འདི་དག་ལ་ང་ཚོས་ནན་ཏན་གྱི་གསལ་བཤད་ཅིག་བྱེད་དགོས་སྙམ།
ལྷག་པར་ཨ་མདོའི་འབྲོག་ཁུལ་ལ་ལ་ན་ཅི་ལས་འདི་ལས་མེད་པའི་གསར་བུ། ཁོག་ན་ཡོན་ཏན་མེད་ས་གདོང་ན་ངོ་ཚ་མེད་ས་གང་མང་ཅིག་གིས་གང་འདོད་འདོད་དང་གང་བསམ་བསམ་གྱི་བྱ་སྤྱོད་སྤེལ་གྱིན་པ་འདི་མཐོང་ན་ཡིད་ཕམ་པའི་རྒྱུ་ཞིག་རེད། ཁྲེལ་ཡོད་གཞུང་དྲང་གི་ཕ་མའི་རྒྱུད་ལ་སྐྱེས་པའི་མི་ཞིག་ཡིན་ན། ཁྱེད་ཚོས་རང་ཉིད་མི་གྲལ་དུ་འགྲོ་མི་ཐུབ་པའི་ཉོག་ལས་མང་པོ་བྱས་འདུག་པ་ལས། གཞན་ཕ་རོལ་བོའི་ངོ་བོ་དེ་ལ་ཅི་ཡང་སྐྱོན་ཐེབས་མི་འདུག ལོ་ངོ་འདི་དག་གི་རང་ལ་ང་ཚོའི་འབྲོག་ཁུལ་འདི་ཁོ་ནར་མཚོན་ན་དེ་རིགས་ཀྱི་མི་ལེགས་པའི་བྱ་སྤྱོད་མང་པོ་གོ་རྒྱུ་ཐོས་རྒྱུ་ཡོད་ཁུ། དཔེར་ན། ཁ་པར་ལམ་གྱི་ཕོ་མོའི་སྐད་ཆའི་གསང་བ་ཡོད་ཚད་སྒྲ་བླངས་ནས་བརྡ་ལམ་ལ་ཁྱབ་འཇུག་པ་སོགས་ཀྱིས་མིའི་འཚོ་བ་དང་ཀུན་སྤྱོད་ལ་དམའ་འབེབ་བྱས་ཚུལ་མང་དག་ཡོད་ཀྱང་། དོན་ངོ་མས་བལྟས་ན། འདིའི་རིགས་ལ་ང་ཚོས་ཕྱིར་ལྡོག་ནས་གོ་བ་ཞིག་བླང་ན་འགྲིག་འདུག་སྙམ། འདིའི་རིགས་ཀྱི་སྤྱོད་ངན་སྤེལ་མཁན་ནམ་ཁ་པར་གཏོང་མཁན་སྐྱེས་པ་ཚོ་རེད། འོན་ཀྱང་དེ་ལས་ལྡོག་སྟེ་མགོ་སྐོར་ཐེབས་སའམ་དྲང་བཤད་བྱེད་མཁན་བུད་མེད་དག་རེད། དེའི་སྟབས་ཀྱིས་ང་ཚོས་ཀུན་སྤྱོད་མི་གཙང་བ་དང་མི་གཞི་མེད་པའི་མི་དེ་ལ་སྐྱེས་པ་དེ་དག་རྩི་དགོས་ལ། གཞུང་དྲང་བློ་ཐུབ་བམ་གཡོ་མེད་ཚུལ་མཐུན་གྱི་མི་དེ་བུད་མེད་དེ་དག་རྩི་འོས། རྒྱུ་མཚན། བུད་མེད་དེ་དག་གིས་རང་གི་སེམས་པའི་ཕྱི་ནང་ཡོད་ཚད་སྦ་གསང་མེད་པར་ཕར་ཕྱོགས་དེ་ལ་ཡིད་ཆེས་དང་གདེང་འཇོག་སྒོས་བསྟན་པ་ལས་གཞན་འགྲོ་བ་མིའི་ཀུན་སྤྱོད་དང་མི་མཐུན་པའི་ངན་འཁྲི་གང་ཡང་བསྟན་མི་འདུག་ལ། ང་ཚོ་ཚང་མ་སོ་སྐྱེས་ཕལ་བ་ཡིན་པའི་དབང་དུ་བཏང་ན། མི་སུ་ཡང་དེ་འདྲའི་དགའ་ཁ་འཁྱེར་ཕྱོགས་རེ་ཡོད་ཆོག་པས། དེ་མིན། སྐྱེས་པ་དེ་དག་གིས་ཆེད་དམིགས་དང་གཡོ་ཐབས་ཀྱིས་གཞན་གྱི་གསང་བ་འདོན་པ་དང་བསྒྲགས་པ་དེ་ལ། ངན་ལང་ལྩག་ལང་གི་ཀུན་སྤྱོད་རྩིབ་མོ་ཞིག་ཡོད་པ་དང་ཁོག་སྟོང་བླུན་རྟགས་ཀྱི་མི་གཞིའི་སྙིགས་རོ་ཞིག་ལས་ཅི་ཡང་མེད་པ་གསལ་གྱི་ལེ་རེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།