གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕའི་གནས་སར་བགྲོ་བའི་གཏམ།

2015-01-27 10:38:29 ཚྭ་རྡེའུ་ཚེ་དབང་འཇིགས་མེད། ཀློག་གྲངས། མཆན ཡོད།


  ཨ་ཕ་ལགས།དུས་ཚོད་ནི་འཆིང་ཐག་གིས་མ་ཐུབ་པའི་རྟ་རྒོད་ཅིག་དང་འདྲ་བར་ཇི་འདྲའི་མགྱོགས་པ་ལ་ཨང་། དེ་རིང་ནི་ཁྱེད་ཉིད་མི་ཡུལ་དང་བྲལ་ནས་ཏག་ཏག་ལོ་ངོ་གསུམ་འདས་པའི་དུས་དྲན་གྱི་ཉིན་མོ་ཡིན་ལ།ཕྱིར་འདང་རེ་བརྒྱབ་ན། ཁྱེད་རང་ངེད་མ་སྨད་དང་བྲལ་ནས་ཀྱང་དེ་རིང་གི་བར་དུ་ཕལ་ཆེར་བགྲང་བྱ་བཅུ་དྲུག་ལྷག་འགོར་ཡོད།
  ལོ་དེའི་དགུན་ཁར་ཁྱེད་རང་མི་ཡུལ་དང་ཁ་གྱེས་པས། ཁྱེད་ཀྱི་བུ་མོ་ཐ་ཆུང་དེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་བཟའ་ཟླས་ཀྱང་ཉིན་མཚན་དབྱེར་མེད་དུ་མིག་ཆུ་འདོན་བཞིན་འདུག་ཅེས་སྡེ་བ་དེའི་མི་འགས་ང་ལ་རྒྱུན་དུ་བཤད་མྱོང་། ཡིན་ན་འང་ངས་ནི་རང་གི་ཨ་མའི་གདོང་ནས་དེ་འདྲའི་རྣམ་པ་ཞིག་ཡེ་ནས་མཐོང་མ་སོང་། འོན་ཀྱང་སེམས་ཀྱི་འགྱུར་བ་ཅི་འདྲ་ཡིན་སྲིད་པ་ནི་སུས་ཀྱང་བཤད་དཀའ་བས། སྐྱིད་པོར་བསྡད་སོང་ཞེས་པའི་ཁ་ཚོན་ཡང་གཏན་ནས་མི་ཆོད། གང་ལྟར་རང་ཉིད་ལ་མཚོན་ན་ནམ་ཡང་འགྱོད་གདུང་གིས་གཟེར་ཞིང་ངོ་ཚ་ཡིས་འཁུམས་པར་བྱེད་པ་ནི། ཁྱེད་ཀྱི་འདས་ཁའི་ཞལ་ཆེམས་ལྟ་ཅི་མཐའ་མའི་ཞལ་རས་ཤིག་ཀྱང་མ་མཐོང་བ་དེ་རེད། ཨ་ཕ་ལགས། གལ་སྲིད་སྡེ་མི་ཞིག་གིས་ང་དེ་རིང་ཁྱེད་ཀྱི་གནས་སའི་གམ་ན་བཙོག་པུར་བསྡད་དེ་སྡུག་གཏམ་ཤུར་ཤུར་གློད་གྱིན་པའི་ཚུལ་འདི་མཐོང་ཐོས་བྱུང་རྒྱུ་ན། ཁོང་ཚོས་ཚམ་ཚོམ་ཅི་ཡང་མེད་པར་ང་ལ་གཤེ་གཤེ་དང་འཕྱ་སྨོད་བྱེད་སྲིད་པ་ངས་སྔ་མོ་ནས་ཤེས་ཡོད་མོད། སེམས་གཏིང་དུ་ལུད་པའི་ན་ཟུག་དང་དྲན་གདུང་། ད་དུང་ཆ་མི་འཚལ་བའི་འདྲི་རྟགས་མང་པོ་ཞིག་གི་སྒུལ་ཤུཊ་ཀྱིས་ང་དེ་རིང་ཁྱེད་ཀྱི་གནས་སའི་གམ་ལ་དབང་མེད་དུ་ཐོན་ཡོད།
  ཁྱེད་རང་འདས་རྗེས་ཀྱི་བེམ་པོའི་གནས་ས་དེ་ཕྱིར་རང་ཡུལ་གྱི་ས་ཆ་ཞིག་ཏུ་བཅོས་འདུག་ཅེས་པ་ཐོས་པས། དེ་རིང་ངས་གསང་སྟབས་སྒོས་སྡེ་མཐའི་ལུང་བཟང་ཁོག་ཏུ་ཡར་བཙལ་མར་བཙལ་བྱས་བྱས་མཐར། སྔོན་འེད་གཉི་གས་ཅ་རིལ་འཐུ་སའི་རི་ངོས་དེའི་རྩི་རྒྱུད་ཅིག་གི་ཉེ་ལོགས་ནས། བཤིག་རལ་དུ་གྱུར་ཞིང་ཕལ་ཆེར་ས་ངོས་དང་འདྲེས་ཚར་བའི་ཁྱེད་ཀྱི་གནས་ས་དངོས་ནས་རྙེད་བྱུང་། ཨ་ཕ་ལགས། གལ་སྲིད་རྣམ་ཤེས་ཞེས་པ་དེ་ག་ཙམ་འགོར་ཡང་གཞན་རྒྱུད་ལ་ཞུགས་པ་མེད་པར་གཏན་དུ་རང་ལུས་དང་ཆེས་ཉེ་ས་ཞིག་ན་ལྡིང་བསྐོར་བརྒྱབ་སྟེ་ཡོད་རྒྱུ་ན། ངས་བཏེགས་པའི་ཚ་བསུར་གྱི་དྲི་ངད་འདི་ཉིད་ཁྱེད་ཀྱིས་ཚིམ་མེད་དུ་བཞེས་ཆོག་ཅིང་། བཞེས་ནས་ཀྱང་རང་གི་བུ་ཆུང་མ་སྨད་དག་དང་འབྲེལ་བའི་འདས་དོན་མང་པོ་ཞིག་ལ་ཡན་ཡན་ངང་དྲན་པ་གསོས་ཆོག་ལ། ཡང་གཅིག་བཤད་ན། ལོ་ངོ་གསུམ་གྱི་བར་ཏུ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དེ་ཨ་ཕའི་གནས་ས་རུ་ཐེངས་གཅིག་ལ་འང་ཐོན་མ་སོང་ཟེར་བཞིན་ལེ་བདའ་ཚད་མེད་བྱས་ཀྱང་མི་ཆོག་པ་ཅི་ལ་ཡོད།ལོ་ངོ་བཅུ་ཕྲག་ཅིག་གི་དྲན་གདུང་དང་དཀའ་ངལ་མ་ལུས་སྙིང་དུ་ཉར་བཞིན་གམ་ལ་ཐོན་དུས། ཨ་ཕ་ལགས། ང་ལ་ནི་མིག་ལས་མཆི་མ་མི་ཡོང་བའི་ཡིད་ཚོར་སྐྱོ་སྐྱོ་ཅི་འདྲའི་མོད་པོ་ཞིག་ཡོད་ཨང་།
  ཨ་ཕ་ལགས།ད་ནི་ཕྱི་དྲོའི་ཆུ་ཚོད་ལྔ་བ་རེད་ལ།ནམ་མཁའ་རུ་ཚུབ་ཚུབ་ལོང་ལོང་གིས་འཕུར་བའི་ཁ་བ་ལེབ་མོ་དག་ཀྱང་དགུན་གྱི་གྲང་ལྷཊ་དང་བསྡོངས་ཏེ་རི་སུལ་ཀུན་དུ་རྒྱུ་བཞིན་འདུག་པས།འུ་གཉིས་ཀྱི་ཉེ་ལོགས་སུ་རྒྱུས་མེད་ཀྱི་མི་ཞིག་ཕར་ཞོག རྣམ་ཀུན་བྲེལ་ཟིང་གིས་འདུར་བའི་ཨ་བྲ་སོགས་སྲོག་ཆགས་ཕྲ་མོ་ཞིག་ཀྱང་མཐོང་རྒྱུ་མེད་པས། ཁྱེད་ཀྱིས་ཀྱང་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་དེ་དགྲོལ་ཏེ་ང་ལ་ལབ་གླེང་ཞིག་གནང་རོགས།
  ཁྱེད་རང་ངེད་མ་སྨད་དང་བྲལ་ནས་རྒྱུས་མེད་ཀྱི་གཞན་ཁྱིམ་ཞིག་ཏུ་བྱིན་པའི་དུས་དེར་ང་རང་ཏག་ཏག་ལོ་དྲུག་དང་། ཨ་ཅེ་དང་ནུ་མོ་སོ་སོ་ལོ་དགུ་དང་གསུམ་ཙམ་ཡིན་པའི་དོན་དེ་ཁྱོས་ད་དུང་བརྗེད་མེད་པར་ང་ལ་ཡིད་ཆེས་ཡོད། ངེད་ཅག་བཟའ་མི་གང་བོ་མཉམ་དུ་ཡོད་དུས་ཀྱང་། ཨ་ཅེ་དང་ཁྱེད་གཉིས་ནི་འུ་ཚང་གི་ཁྱིམ་མི་དག་ལས་ཡིད་འཛིན་ཆེས་བཟང་ཤོས་ཡིན་པ་དེ་ངས་ད་དུང་བརྗེད་ཐབས་མི་འདུག ཧུ། རྣམ་ཀུན་ང་རང་ལུག་རྫིར་སོང་སྟེ་ལུ་གུ་གཅིག་གཉིས་ཙམ་བྱ་གླག་ལ་འཁུར་དུ་བཅུག་ཚེ། ངས་ནི་ཐབས་བརྒྱ་ཇུས་སྟོང་གིས་འུ་ཚང་གི་ལུ་གུའི་མ་གཞིའི་ཁ་གྲངས་ཇེ་ཉུང་དུ་གཏོང་བ་སོགས་གསང་སྟབས་ཀྱི་སྦྱོར་བ་ཅི་འདྲ་བཤམས་ཀྱང་། ལུག་རའི་ནང་དུ་ཐེངས་གཅིག་ཀྱང་བུད་མ་མྱོང་བའི་ཁྱེད་ཀྱིས།རྣམ་ཀུན་ཨ་མས་བཤད་པའི་ལུ་གུའི་ཁ་གྲངས་དག་སེམས་སུ་ཉར་ཐོག ངའི་ལྐོག་གྱུར་གྱི་ངན་གཡོ་རེ་རེ་ཇི་བཞིན་དུ་བརྟོལ་བར་བྱེད་པས། དོན་དག་དེ་ཙམ་ཞིག་བརྗེད་འགྲོ་ཞེས་ན་སུའི་རྣར་འགྲོ། དེ་བཞིན་ཁྱེད་རང་གྲོང་བརྡལ་དུ་སོང་ནས་ཕྱིར་ཐོན་དུས་རལ་ལུ་རླུང་ལ་སྤུར་བའི་ང་རང་སྤྲོ་བས་བརྟས་ཏེ་རྩྭ་ར་གོང་མའི་སྒོ་ནང་བར་དུ་སྔུན་ལ་བརྒྱུགས་ཤིང་།གལ་སྲིད་ཁྱེད་རང་མཚན་མོར་ཡུལ་དུ་མ་ལོག་ཚེ་ངས་རང་གི་ནུ་མོར་༼ ཨ་ཕའི་དྲི་མ་ཅན ༽་གྱི་མལ་བསྟན་བརྩད་པའི་གཏམ་རྒྱུད་སྐྱུར་བོ་དག་ཀྱང་ཁྱེད་ཀྱིས་ཅི་ལ་བརྗེད་དེ་། གཏན་ནས་བརྗེད་མི་སྲིད་དོ།།
  ཨ་ཕ་ལགས། ད་ནི་ཅིས་ཀྱང་ང་ལ་ཁ་བརྡ་ཞིག་བྱེད་རོགས།
  ལོ་དེར་ཨ་མ་ཁྱེད་གཉིས་གཉེན་འཐོར་བྱུང་བ་ནི། ང་ལ་མཚོན་ན་མི་ཚེའི་སྒྱུར་བཀོད་ཆེན་པོ་ཞིག་གི་ས་མཚམས་ཡིན་པ་ངས་ཀྱང་ལོ་ལྔ་དྲུག་ཅིག་གི་སྔོན་ནས་ད་གཟོད་ཡུན་གྱིས་ཚོར་བ་ཡིན། འོ་རེད། ལོ་དེའི་སྟོན་གར་ཨ་མས་ནུ་མོ་རྒྱབ་ཏུ་ཁུར་ཞིང་།ཨ་ཅེ ་དང་ངེད་གཉི་གས་ར་ལུག་ལྔ་བཅུ་ཙམ་པོ་དེ་དེད་ནས་ང་ཚོ་འང་འུ་ཚང་གི་གཞིས་རྙིང་དང་ཡོངས་སུ་གྱེས་པ་ཡིན། ཤུ། ལན་རེར་བསམ་ན།འདི་ནི་ངེད་ཅག་གི་གནས་སྐབས་ཀྱི་སྡུག་བསྔལ་དང་ཁོང་ཁྲོ་གནོན་ཐབས་ཤིག་ལས་ཅི་ཡང་མིན་པ་འདྲ་མོད། ཡང་སྐབས་རེར་འདང་རྒྱབ་ན།འདི་ནི་ང་ཚོས་ངེས་པར་གདོང་གཏད་དགོས་པའི་གསལ་རྗེན་རྗེན་གྱི་དངོས་ཡོད་ཡིན་པས།དཔུང་རོགས་བོར་བའི ་མ་སྨད་གསུམ་ལ་འདི་ལས་ལྷག་པའི་གདམ་ཀ་ཞིག་གང་ན་ཡོད།
  ལོ་ན་བདུན་གྱི་སྟེང་དུ་ང་རང་སྡེ་བའི་སློབ་ཆུང་དུ་ཞུགས་ཏེ་ལམ་བུ་འདིའི་ཆེས་ཐོག་མའི་དབུ་འཁྱུད་ལ་འཐམས་ཁུལ་བྱས་པ་ཡིན། དྲང་མོར་བཤད་ན། གམ་གྱི་སློབ་གྲོགས་ཚོའི་ཁྲོད་དུ་འང་ང་རང་ལྷན་སྐྱེས་ཀྱི་མི་འཇོན་པོ་ཞིག་ཏུ་བསམ་མཁན་འབའ་ཞིག་ལས། དཀའ་སྡུག་གི་འདས་སོང་ཇི་བཞིན་དང་ཧུར་བརྩོན་གྱི་ལམ་བུ་གསལ་ཐིང་དུ་རྟོགས་ཡོད་པ་གཅིག་ཀྱང་མི་འདུག ལོས་ཡིན་ཏེ། སྐྱུར་བསིལ་བསིལ་གྱི་འདས་དོན་འདི་ངས་ཁྱེད་ཉིད་མ་གཏོགས་སུ་ལ་འང་བཤད་མ་མྱོང་ཞིང་བཤད་ཀྱང་མི་སྲིད་པས། ཁོ་ཚོས་ཅི་ལ་ཤེས། ་་་་་་་་་་་་རེད་ཡ། ཁྱེད་ཀྱིས་འུ་ཚོ་སྡེ་བའི་དགེན་རྒན་བཀྲ་ཤིས་བརྗེད་ཡོད་དམ། ཆུང་དུས་ཁོང་ནི་ང་ཚོ་སྡེ་བའི་རྒན་དར་གཞོན་གསུམ་ཀུན་གྱིས་སྨོན་ས་དང་བལྟ་ས་གཅིག་པུ་ཡིན་པས།ཁྱེད་ཀྱིས་ཚོགས་འདུའི་སྟེང་སྐད་དམའ་མོས་ང་ལ་༼ ནར་སོན་ན་དགེ་རྒན་བཀྲ་ཤིས་བཞིན་མཐོ་འབྲིང་བར་འགྲིམས་ནས་རྒྱལ་ཁབ་ཀྱི་བྱ་བ་རེག་དགོས་༽ཞེས་བཤད་པ་དེ་ད་དུང་དྲན་སོས་སམ། ལོ་ངོ་བཅུ་ལྷག་ལ་འང་ཕྱི་ཡི་འཇིག་རྟེན་འདིར་འགྱུར་བ་ཅི་ཙམ་བྱུང་ཡོད་པ་ཁྱེད་ཀྱིས་ཅི་ལ་ཤེས། ཨ་ཕ། ད་ལྟ་ང་རང་ཆུང་དུས་རྨི་ལམ་དུ་འང་དྲན་མ་མྱོང་བའི་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ཏུ་གྱུར་ཡོད། སློབ་གྲྭ་ཆེན་མོ་ཟེར་བ་དེ་དུས་བཤད་པའི་མཐོ་འབྲིང་དང་བསྡུར་ན་ཚད་རིམ་མཐོ་པོ་ཡོད་པ་ཁྱེད་ཀྱིས་མི་ཤེས་ཀྱང་སྲིད་མོད། ངའི་ལག་ཏུ་ད་དུང་ཁག་བགོས་ཀྱི་བྱ་བ་སོགས་ཅི་ཡང་རེག་མེད། འོ་རེད། རེག་མེད་པ་དེ་ང་གཅིག་པུའང་ག་ལ་ཡིན།
  ༢༠༠༦ལོར་ཨ་ཅེས་མཐོ་རྒྱུགས་འཕྲོད་ཅིང་སློབ་ཆེན་འགྲིམས་ཆོག་པའི་བརྡ་ཡིག་ང་ཚོའི་ལག་ཏུ་འབྱོར་ཡང་། འུ་ཚང་གི་འབྱོར་བ་ཅི་ཙམ་ཡིན་པ་ཁྱེད་ཀྱི་སེམས་སུ་གསལ་བོ་ཡིན་པས། མོ་འང་མི་འདོད་བཞིན་དུ་ཡུལ་ནས་བསྡད་དེ་ངའི་རྗེས་སོར་གྱི་སློབ་ཡོན་འཚོལ་མཁན་ལྟ་བུ་ཞིག་ཏུ་གྱུར་སོང་།འོ་རེད།ན་ནིང་ཨ་ཅེར་བུ་མོ་ཆུང་ཆུང་ཞིག་སྐྱེས་པ་དེས་འུ་ཚང་གི་ཁྱིམ་གཞིས་ལ་སྔ་ན་མེད་པའི་གསོན་ཤུགས་གསར་བ་ཞིག་བསྣན་ཡོད་ཅིང་། སྟུག་པོར་སྐྱེས་པའི་སྨིན་མ་དང་འགྱུ་ལི་ཀྲིག་གེའི་ནེའུ་སྐྲ་སོགས་གང་ལ་བལྟས་ཀྱང་ངེད་མིང་སྲིང་ཚོ་དང་གཏན་གཏན་འདྲ་བས། བལྟས་ཀྱིན་བལྟས་ཀྱིན་སེམས་སུ་སྙིང་ཉེ་བའི་ཚོར་བ་ཞིག་ཡན་ཡན་སྐྱེས་འོང་། ཧུ་ཧུ། ཨ་མས་བཤད་ན་ཁྱོད་ཀྱང་གསར་བུ་ཡིན་དུས་སྐྲ་འགྱུ་ལི་ཅན་པོ་ཡིན་ཟེར་བ་དེ་ངོ་མ་ཨེ་ཡིན །
  ད་སྐབས་བསམ་ན། ལོ་ངོ་བཅུ་གཉིས་ལྷག་གི་དབྱར་དགུན་གནང་གི་དུས་ཚོད་དང་སྐར་མ་རེ་རེ། ཐག་རིང་གི་དགོན་སྡེ་ཞིག་ནས་ཁེར་རྐྱང་དང་སྡུག་རུས་ཀྱི་ཀློང་དུ་བསྐྱལ་བ་འདི་ང་ལ་སྨན་དུ་གྱུར་འདུག ན་ནིང་དབྱར་ཁ་ནས་བཟུང་ངས་གཞི་རིམ་གྱི་དྭ་ཕྲུག་དག་ལ་གདོང་གཏད་པའི་རོགས་སྐྱོར་ཚོགས་པ་ཆུང་ཆུང་ཞིག་བཙུགས་ཡོད། མ་དངུལ་དང་སེམས་ཤུགས་ཀྱི་རོགས་འདེགས་ཤིན་ཏུ་དཀོན་པས་ལན་རེར་སློང་མོ་བྱེད་རྒྱུར་ཐུག་ཀྱང་། དྭ་ཕྲུག་དེ་དག་གི་གཉོམ་དུང་ངེའི་འཛུམ་ཆུང་དྲན་ཚེ་ང་ལ་ཕྱི་བཤོལ་གྱི་སེམས་ཤིག་ཡེ་ནས་མི་འདུག གང་ལྟར་ལོ་ངོ་འདི་འགར་ངས་མང་པོ་མང་པོ་ཞིག་ལ་བློས་བསླངས་བྱེད་ཀྱིན་ཡོད་ལ། མང་པོ་མང་པོ་ཞིག་ལ་ཕྱིར་འདང་རྒྱག་གིན་ཡོད། ཆུང་དུས་དྲན་པའི་སྡུག་བསྔལ་དང་ན་མཉམ་ཁྲོད་ཀྱི་ངོ་ཚ། རུ་སྡེའི་སྔུན་གྱི་མི་ཁ། རང་རང་སེམས་ཀྱི་ན་ཟུག་སོགས་ངས་ཅི་ལྟར་བརྗེད་ཨང་། ཨ་ཕ་ལགས། སྐྱེ་བ་འདིར་ང་ཁྱེད་ཀྱི་བུ་རུ་སྐྱེས་ཤིང་ཁྱོས་ངེད་ཅག་ཤུལ་དུ་བཞག་སྟེ་ཅི་ཡང་བསྒྲུབས་མ་མྱོང་ཡང་། ངས་དེ་རིང་ཁྱེད་ལ་ལེ་བདའ་ཅི་ཡང་མི་བྱེད། དེ་བས་ཁྱེད་ཀྱང་མིག་གིས་མི་ཟིན་ཡང་སེམས་ཀྱིས་མི་འབོར་བའི་གནས་དེ་རུ་སྐྱིད་པོར་འདུག་རོགས།
  རེད་ཡ། ལོ་ཕྱེད་ཀྱི་རྗེས་ནས་ང་ཡང་སློབ་ཆེན་གྱི་སྒོ་འཕར་ནས་མཐར་ཕྱིན་ཏེ་དགའ་ཕྱོགས་ཀྱི་ལས་རིགས་ཤིག་ལ་འཇུ་རུ་བུད་འགྲོ་ལ། ཟླ་འགའི་རྗེས་ནས་རང་གི་མཛའ་མོ་དང་གཉེན་སྒྲིག་བྱས་ཏེ་ཟི་ལིང་གྲོང་ཁྱེར་ནས་གཏན་སྡོད་བྱ་རྒྱུ་ཡིན་པས།ཨ་མའི་ཚེ་མཇུག་དང་མིང་སྲིང་གསུམ་པོའི་འབྱུང་འགྱུར་ལ་ཉིད་ནས་སེམས་ཁུར་མི་གནང་རོགས་ཞུ་ལ། ག་དུས་ཁྱེད་ཀྱི་རྣ་ཤེས་སྦྲང་བུ་འདྲ་བོ་དེ་ངེད་བཟའ་ཟླ་གཉིས་ཀྱི་གམ་ལ་ནམ་ཞིག་འབྱོན་ནུས་ན། དེ་དུས་ཤིག་ལ། ངས་ནི་རང་གི་འཇོན་ཚོད་ནུས་ཚོད་སྒོས་ཁྱེད་ཀྱི་སྐྱེ་བ་རྗེས་མ་དེ་ལ་བདེ་འཇམ་གྱི་བྱིས་དུས་ཤིག་དང་དྲང་སྙོམས་ཀྱི་མི་ཚེ་ཞིག་སྤྲོད་ཁོ་ཐག་ཡིན། ཨ་ཕ་ལགས། ཁྱེད་རང་སྐྱིད་པོར་འདུག་རོགས།
  སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ཚེས་གསུམ་ཉིན་ནས་བྲིས་ཏེ།ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་སྐར་མ་བཅོ་ལྔའི་སྟེང་།མལ་ཤག་གི་གྲོགས་ཚོའི་སྔུར་སྒྲའི་རོལ་དབྱངས་ཀྱི་རམ་འདེགས་དང་ལྷན་དུ་གྲུབ་ཅིང་བཅོས་ནས་གཏགས་པས་ན། ནོར་སྐྱོན་གང་དུ་ཡོད་ན་གནག་ཐོག་ཁབ་གཙག་གིས་བུ་ལ་ལམ་སྟོན་བྱེད་པར་རེ་ཞིང་སྒུག་གོ་ཅེས་ཆོས་ཚ་བ་ཚྭ་རྡེའུ་ཚེ་དབང་རྒྱལ་ནས་གུས་པས་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།