གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱོད་ལམ་དང་ཁྲིམས་ལུགས།

2015-02-28 09:55:50 གངས་བུ་དཔལ་རྒྱལ། ཀློག་གྲངས། མཆན ཡོད།

  དུས་རབས་གསར་བའི་མི་སྤུས་ཚད་མཐོ་དང་རང་དབང། དྲང་བདེན། དཀྱེལ་ཡངས།མིའི་ཤེས་རིག་ལྡན་པའི་སྤྱི་ཚོགས་སུ་ཚུད་ཐུབ་པར་ད་ནི་འུ་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་དང་སྙིགས་དོར་བཅུད་ལེན་གྱིས་དམིགས་ལམ་ཞིག་ལ་སྐྱ་ཐིག་དྲང་ཤར་རེ་ཤིག་འཐེན་དགོས། དེ་ནི་སྤྱོད་ལམ་དང་ཁྲིམས་ལུགས་འདི་གཉིས་ལ་མི་བརྟེན་རང་བརྟེན་སུ་སོང་འདུག།ལོ་ངོ་ཉིས་སྟོང་བརྒྱའི་ཡར་སྔོན་དུ་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གསུང་སོང་བ་དང། སོ་ཁི་ར་ཐེས་ཀྱང་བཟང་སྤྱོད་ནི་ཤེས་བྱ་ཡིན་པའི་ལྟ་བ་བཏོན་མྱོང་།སྤྱོད་ལམ་དང་ཁྲིམས་ལུགས་འདི་བའི་ང་ཚོའི་ཕྱི་སྣོད་ཀྱི་འཇིག་རྟེན་མྱལ་ཁམས་བཞིན་བསྒྱུར་ཐུབ་ལ་ནང་བཅུད་ཀྱི་སེམས་ཅན་ཡི་དྭགས་ལྟར་བཟོའང་སྲིད། དེ་ལས་ལྡོག་པར་ཁྲིམས་བཟང་སྤྱོད་བཟང་ཀྱི་བདེན་པའི་འུ་ཚོས་མི་རིགས་འདིའི་འཚོལ་སྙེག་བྱེད་པའི་“ནུབ་ཕྱོགས་བདེ་པ་ཅན་”ཞེས་པ་དང་། “ཤམ་བྷ་ལའི་ཞིང”ཟེར་བའི་འཇིག་རྟེན་གཞན་ཁམས་དེར་དངོས་ཁྲིད་ཀྱང་བྱེད་མི་སྲིད་པའི་ངེས་མེད།བདག་གི་དོགས་འཛིན་རྟོག་དཔྱོད་ཀྱི་དྲན་རིགས་ངོས་ནས་འུ་ཚོས་མི་རིགས་ཀྱིས་འདི་གཉིས་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས་འདུག། སྤྱོད་ལམ་ནི་འདི་གཉིས་ལས་ཀྱང་ཧ་ཅང་གལ་ཆེ་བར་འདུག་བསམ་སྟེ།
  གུང་ཐང་བསྟན་པའི་སྒྲོན་མེའི་ནས་ཀྱང་“ ཀུན་སྤྱོད་གཙང་པས་གཞན་གྱི་ཡིད་དུ་འཐད།།སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད།།དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན།།ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས།། སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་།། ” ཟེར་ན་ཀུན་སྤྱོད་ལེགས་པའི་རྐྱེན་ལས་འུ་ཚོར་ཁྲིམས་ལུགས་ལྡན་ལ། དམངས་གཙོ་ལྡན་པ་དང་། རང་དབང་ལྡན་པ་ཞིག་འོངས་སྲིད་། རྒྱུ་མཚན་ནི་སྤྱོད་བཟང་ལྡན་པའི་མི་བུ་ཚོས་ནི་དྲང་བདེན་འཚོལ་སྙེག་བྱེད་། སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ཀའི་མཐར་ཐུག་གི་དམིགས་ཡུལ་དང་རེ་འདུན་ཆེ་ཤོས་ནི་དྲང་བདེན་འདི་པ་ཚང་རེད་ལ། འདྲ་མཉམ་དང་རྒྱུ་འབྲས་རིན་པོ་ཆེ་འདི་ཚང་རེད་འདུག། ད་ལྟ་ནུབ་ཕྱོགས་པ་ཚོ་དང་རྒྱ་ནག་ནང་ལོགས་ཀྱི་ཡུལ་སྐོར་བ། ཞིབ་འཇུག་མཁས་པ་དག་གིས་ཀྱང་འུ་ཚོས་བོད་མི་རིགས་ཀྱི་མི་བུ་ཚོའི་འཚོ་བ་ནི་ཧ་ཅང་འཁོས་ཞན་ཡིན་ཡང་འུ་ཚོས་མིག་མདངས་སམ་བལྟ་ཕྱོགས་ཁོ་ནའི་ཀྱང་སྙིང་སྟོབས་ཞིག། བྱམས་བརྩེ་ཤིག། སྔོན་མ་ནས་ངོ་ཤེས་བ་ལྟ་བུ་ཤིག་བསྐྱལ་ཡོངས་ཟེར།དེ་ནི་འུ་ཚོའི་མེས་པོ་ཚོས་སྔ་ས་ནས་འུ་ཚོའི་རུས་རྐང་ལ་བྱམས་སྙིང་རྗེ་ཟེར་བ་ཞིག་རྡོ་འཇོག་འཇོག་བྱས་པའི་ལན། ད་ལྟའི་འུ་ཚང་གི་མཁས་དབང་ཚོས་ནི་ཅིག་ཅིག་ཅིག་གི་རིང་ལུགས་དང་ཉིག་ཉིག་ཉིག་གི་རིང་ལུགས་ཟེར་བའི་གྲུབ་མཐའི་འཐེན་འཁྱེར་གྱི་དབང་ལ་བྲེལ་ཤ་ལངས་འདུག་ལ། ཁ་ནས་ཚིག་ཚོན་པོ་ཧུབ་ཟ་ཧུབ་འཐུང་དང་ལག་ནས་དོན་སྐམ་པོ་རྩམ་སྐྱ་རླུང་ལ་བསྐུར་བར་འདུར་ཤ་རྒྱུགས་འདུག། སྐབས་འདི་ལ་དཔེ་རེ་བཞག་ན་“2013ལོའི་ཟླ་11པའི་ཚེས་8ཉིན། བུ་བཅོལ་ཁང་ཞིག་ཏུ་བྱིས་པ་ལོ་ན་དྲུག་ལ་ལོན་པ་ཞིག་བུ་བཅོལ་ཁང་གི་བྱིས་པ་འགའ་དང་མཉམ་དུ་རྩེད་མོ་རྩེད་བཞིན་གྱི་སྐབས་སུ། སྟབས་མ་ལེགས་པ་ཞིག་ལ་བྱིས་པ་ཐང་གི་ཆབ་རོམ་སྟེང་འགྱེལ་ནས་རྨས་སྐྱོན་ཆེན་པོ་བཟོས།ཁྱིམ་བདག་གིས་དུས་ལྟར་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱས་མཐར་སྲོག་ཉེན་ལས་ཐར་ཐུབ་པ་བྱུང་།ཡིན་ཡང་སྨན་བཅོས་ཐད་གྲོན་དངུལ་མི་ཉུང་བ་ཞིག་སོང་བས་ཁྱིམ་བདག་གིས་བུ་བཅོལ་ཁང་གི་འབྲེལ་ཡོད་མགོ་ཁྲིད་བཙལ་ནས་གནས་ཚུལ་ཡར་ཞུ་བྱས་ཏེ། ཁོ་ཚོར་བྱིས་པའི་བདེ་འཇགས་ལ་འགན་མ་ཁུར་བས་སྐྱིན་ཚབ་འཇལ་དགོས་པར་ཡང་ཡང་བཤད་ཀྱང་། ཁོ་ཚོས་རང་སྐྱོན་ཁས་ལེན་མི་བྱེད་པར་མ་ཟད་། ད་དུང་སྐྱོན་ཡོད་ཚད་བྱིས་པ་རང་སྟེང་བཀལ་ནས་གནས་ལུགས་རི་འདྲ་དྲངས་འོངས། སྐྱིན་ཚབ་ཡེ་ནས་ཁས་མ་བླངས།”དོན་རྐྱེན་འདི་གའི་སློབ་གསོའི་ཀླད་སྒྲོམ་བསྐྲུན་པའི་དགེ་རྒན་འདི་དག་གིས་དྲང་བདེན་ཟེར་བ་རྨང་ནས་སར་བརྒྱབ་འདུག་ལ། གཉུག་གཤིས་གསོ་སྐྱོང་བྱེད་པའི་ཁོ་ཚོས་སྤྱོད་ལམ་ལ་ནད་དུག་འགོས་པ་ཡིད་རེ་སྐྱོ།འདིའི་རྩ་བ་ནི་སྤྱོད་ལམ་ངན་པའི་རེད་ལ། ཁོ་ཚོའི་སྤྱོད་ལམ་ངན་པའི་ཁྲིམས་ལུགས་ཀྱང་རྩིས་ཐང་མེད་པར་བཏང་ཟིན་། ཁོ་ཚོའི་སྤྱོད་ལམ་ངན་པའི་མིའི་རྩིས་ཐང་རྡོག་བརྫིས་སུ་བཏང་སོང་། འདི་དག་ནི་ཡོད་ནས་ཡོད་ཚད་སྤྱོད་ལམ་ལ་གདོང་གཏད་འདུག། གལ་ཏེ་ཁོ་ཚོར་གཞན་ཕན་གཙང་སྤྱོད་ཅིག་གམ་སྙིང་ཉེ་བ་ཤིག་ཡོད་སྲིད་ན་དོན་རྐྱེན་འདི་དྲང་བདེན་ཞིག་དང་འདྲ་མཉམ་ཞིག་ཡོངས་སྲིད་པ་ཁོ་ཐག་རེད་། དེ་མིན་ན་འུ་ཚོས་ཁྲིམས་ལུགས་ལྟར་བུ་བཅོལ་ཁང་འདི་ལྟ་བུར་ཐག་གཅོད་གྲིས་གཞོག་གཞོག་ཅིག་བྱེད་དགོས། དཔེར་ན་《ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་བཅའ་ཁྲིམས》ལྟ་བུ་ལས་“དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་བུ་བཅོལ་ཁང་དང་སློབ་གྲྭ། ཡང་ན་གཞན་པའི་སློབ་གསོ་སྡེ་ཁག་ཏུ་སློབ་སྤྱོང་དང་འཚོ་བ་རོལ་སྐབས་མི་ལུས་བདེ་ཐང་ལ་གནོད་འཚེ་ཐེབས་ན། སློབ་གྲྭའམ་ཡང་ན་གཞན་པའི་སློབ་གསོ་སྡེ་ཁག་གིས་སྐྱིན་ཚབ་འགན་འཁྲི་འཁུར་དགོས། གལ་ཏེ་སྡེ་ཁག་འདི་དག་གིས་རང་ཉིད་ཀྱིས་སློབ་གསོ་དོ་དམ་གྱི་འགན་ཁུར་བ་བདེན་དཔང་བྱེད་ཐུབ་ཚེ་སྐྱིན་ཚབ་ཀྱི་འགན་འཁུར་མི་དགོས”ཞེས་གསལ་བོར་གཏན་འཁེལ་བྱས་ཡོད། དོན་རྐྱེན་འདི་ལ་དབྱེ་ཞིབ་ཞིག་བྱས་ན་བུ་བཅོལ་ཁང་གིས་བྱིས་པའི་བདེ་འཇགས་ཀྱི་འགན་འཁུར་མ་ཐུབ་ལ། བདེ་འཇགས་སློབ་གསོ་དོ་དམ་བྱས་པ་མི་བཟང་བས་སྐྱིན་ཚབ་ཡོད་ཚད་ངེས་པར་འཇལ་དགོས་འདུག། སྤྱིར་ན་འུ་ཚོས་སྤྱོད་ལམ་ཤེས་ཀྱང་ཁྲིམས་ལུགས་མི་ཤེས་པར་སོང་གཤིས། ལྷག་པར་དུས་རབས་གསར་བའི་དཔལ་འབྱོར་རྒྱས་ཆེ་བའི་སྐབས་ལ་སྤྱོད་ལམ་ངན་པས་མིའི་རིགས་ཀྱི་ལམ་བུར་འཁྱོག་གཟུགས་བཟོ་གིན་འདུག། འདིར་འུ་ཚོས་ཁྲིམས་ལུགས་སྟེང་གཞན་ལ་རྒོལ་བ་དང་སྤྱོད་ལམ་ཐོག་རང་ལ་གཞན་གྱིས་བརྩི་མཐོང་ཆེ་བ་བྱེད་དགོས། ཡིད་སྐྱོ་བ་དང་ལུས་ཚ་བ་ཞིག་ལ་འུ་ཚོས་ཁྲིམས་ལུགས་མི་ཤེས་ལ་ཤེས་ཀྱང་དོ་སྣང་མི་བྱེད་དེ་རེད། དེས་མི་ཚད་ད་རུང་འུ་ཚོས་ཕ་ཡུལ་ལུང་ཤུར་ཐམས་ཅད་དུ་ཁྲིམས་མེད་ལུགས་མེད་ཀྱིས་གཏེར་ཁ་བརྐོ་བ་དང་རྩིས་ཐང་རྡོག་རུལ་གཏོང་བ། ཚོང་ཟོག་རྫུན་མར་བཟོ་བ། བསླུ་བྲིད་སོགས་ལ་ཁྲིམས་ལུགས་ཀྱི་སྤྱི་འགྲོས་བཀོལ་ནས་དག་ཐེར་གཙང་སེལ་བྱེད་དགོས།འདི་ནི་དཀོན་མཆོག་གསུམ་པོའི་འུ་ཚོར་གནང་བའི་ཆབ་སྲིད་དབང་ཆ་མཐོ་ཤོས་དེ་རེད། མ་འོངས་པར་རིག་གནས་ཀྱི་སྡིངས་ཆ་ཆེན་པོ་བསྐྲུན་ནས།འུ་ཚོའི་བ་ཚྭ་ཆགས་པའིཀླད་ཞོ་ལ་འཁྱོམ་འགུལ་བྱེད་རན་ལ་ཐོན་སོང་།རྟོགས་སད་བྱེད་རན་ལ་ཐོན་སོང་། བློ་འབྱེད་བྱེད་རན་ལ་ཐོན་སྔ་མོ་ནས་ཐོན་འདུག།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།