གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོག་བླུ་བྱེད་སྟངས་སྐོར་གྱི་བསམ་ཚུལ།

2015-03-03 14:12:02 གཙང་ཁ་བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

  ཉིན་མ་འདི་དག་ནང་བོད་ས་སྟོད་སྨད་བར་གསུམ་ནས་བཤས་ཟོག་ཉོས་ནས་ཚེ་ཐར་གཏོང་རྒྱུའི་ལུགས་སྲོལ་ཞིག་དར་ནས་རྒྱ་སྒོར་ཁྲི་སྟོང་མང་པོས་སྲོག་བླུ་བྱས་ཡོད།
  ངོ་མ་འདི་དག་ནི་ཕ་སྤྲེའུ་བྱང་ཆུབ་སེམས་པའི་རིགས་རྒྱུད་ཆོས་ལྡན་བོད་པ་ཚང་གི་གཟི་བརྗིད་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་ཚོའི་དགོངས་གཞི་དང་སྐུ་ཚེའི་ཚེ་སྒྲུབ་རེད། ངོ་མ་དགའ་དགོས་པ་རང་རེད།
  རེད་དེ། བྱ་བ་གང་ཞིག་བྱས་ཀྱང་སྔ་རྗེས་ལ་འདང་རྒྱག་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེ་རེད། ང་ཚོས་རྒྱ་སྒོར་དེ་འདྲ་བཏང་ནས་སྲོག་བླུ་བྱས་པ་དེས་ཡང་སྙིང་ཡ་ང་བའི་སེམས་ཅན་དག་གི་སྲོག་བླུ་བཞིན་ཡོད་དམ། ཡང་ན་སྲོག་གཅོད་ཀྱི་ཡོད། ངས་སྐད་ཆ་འདི་འདྲི་དུས་ཁྱོད་རང་ཧང་སང་ནས་སྲོག་བླུ་བྱས་པ་ལས་ཡིན་ཞེས་ཁ་ཚན་བཅད་ནས་ལན་ཞིག་ཐོགས་མེད་དུ་སྟེར་ངེས། ངས་ཀྱང་སྔོན་མ་དེ་འདྲ་བསམ་མྱོང་།
  དེ་ནི་ང་ཚོས་ད་དུང་མིག་མདུན་གྱི་འཇིག་རྟེན་ལས་དེའི་རྒྱབ་ལྗོངས་ལ་ལྟ་མ་ཐུབ་པའི་སྐྱོན་རེད། ང་ཚོའི་འདིའི་འཐད་ལ་མནོ་བསམ་ཞིབ་ཏུ་གཏོང་དགོས་འདུག
  ངས་གོ་ཐོས་ཞིག་ལ། སྔོན་ཚོང་པ་སྟོབས་ཆེན་ཞིག་གིས་རྒྱ་སྒོར་ཁྲི་ཉིས་བརྒྱ་སུམ་བརྒྱ་ཙམ་སྤྲད་ནས་བཤས་རྭའི་ནང་གི་བཤས་ཟོག་ཆ་ཚང་ཉོས་ནས་བཤས་རྭ་སྟོང་པ་བྱས་འདུག འོན་ཏེ། སྟབས་མ་ལེགས་པ་ཞིག་ལ་ཤན་པ་རྒྱ་མི་དེས་ས་གནས་གཞན་ཞིག་ཏུ་བཤས་ཚོང་ཁང་དེ་ལས་ཆེ་བ་དང་དེ་ལས་འཐུས་ཀ་ཚང་བ་ཞིག་བརྒྱབས་ནས་ཉིན་མ་རེ་ལ་ཟོག་སུམ་བཅུ་ལྷག་གི་སྲོག་བཅད་ཀྱི་འདུག་ཟེར། འདི་ལ་འགྲེལ་བཤད་ཇི་ལྟར་བྱ་དགོས་རེད། གཏམ་འདི་སྲོག་བླུ་བས་ཐོས་ན་སྙིང་ག་གཟེར་ས་མ་རེད་དམ།
  འདི་དག་ནི་ལྷག་བསམ་དང་དད་པ་ཤུགས་ཆེ་བ་ལས། ཤེས་ཡོན་དང་རྣམ་དཔྱོད་ཀྱིས་མ་འདངས་བས་རེད། སྒོར་མོ་དེ་འདྲ་ཞིག་སྤྲད་ནས་གྲུབ་འབྲས་སྐྱོ་ལྷང་ལྷང་འདི་ཡོང་དགོས་པ་ནི་བློ་ཕམ་གྱི་གནས་རེད། འོ་ན། ང་ཚོས་སྲོག་བླུ་བྱེད་མི་རུང་བ་རེད་དམ་ཞེ་ན་རྩ་བ་ནས་མ་རེད། ང་ཚོས་ངེས་པར་དུ་བྱེད་དགོས་རེད། བྱེད་ན་བྱེད་སྟངས་ཐབས་ལམ་བཙལ་དགོས་རེད། དེ་ཡང་། ཁོ་བོས་བསམ་ན། རྒྱ་དམར་དེ་ཚོ་ལ་སྒོར་མོ་ཁྲི་འབུམ་སྤྲོད་པ་ལས་ཟོག་བདག་བོད་པ་ཚོ་དང་འབྲེལ་བ་བྱས་ནས་བཤས་རར་གཏང་རྒྱུའི་ཟོག་རྒན་དང་། གཡག་སོགས་ཉོ་དགོས། བཤས་རྭའི་ནང་རྒྱ་རྒན་རེ་བ་དང་ཧམ་པ་ཆེ་བས་ཟོག་རེ་ལ་སྒོར་ཁྲི་གཉིས་ལྷག་ལེན་སྲིད། དོན་ལ་ཁོ་ཚོས་འབྲོག་པར་སྒོར་ཁྲི་རེ་ལས་སྦྱིན་མེད། (སྒོར་མོ་ནི་ཚོད་ཚོད་ཙམ་བྱས་པ་ལས་ག་ཚད་ཡིན་དངོས་སུ་མ་ཤེས།) དེས་ན་ང་ཚོས་ཀྱང་འབྲོག་པའི་སར་ནས་ཉོ་ན་འབྲོག་པས་རྒྱ་རྒན་ལ་སྒོར་ཁྲི་གཅིག་བྱས་ཡོད་ན། སྲོག་བླུ་མཁན་ལ་དེ་ལས་གོང་ཁེ་བ་ལས་ཆེ་བ་རྩ་བ་ནས་ལེན་གྱི་མ་རེད། རྒྱུ་མཚན་རང་གི་སེམས་ཅན་འདི་དག་སྲོག་བཅད་མི་དགོས་པ་དང་། ཁྱིམ་གྱི་འཁོས་ཀ་ཞན་པའི་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་ཁ་བསག་ཡོང་འབབ་ཅིག་ཀྱང་ཐོབ་པས་རེད། འོན་ཏེ། ཁྱོད་ཀྱི་དངོས་གནས་ཆོས་རང་ལ་བསམ་པ་ཡིན་དུས་འབྲོག་པ་ལ་རྒྱ་རྒན་ཚོས་གོང་ག་ཚད་སྤྲད་པ་དེ་སྦྱིན་དགོས། དེ་མིན་གང་ཚད་ཆུང་དུ་བཏང་བསྡད་ན་རྗེས་མར་འབྲོག་པས་རྒྱ་རྒན་ལ་བཙོང་ན་ཁེ་སོ་ཆེ་བ་འཛིན་སྲིད། དེ་ཡི་འབྲས་བུར་སླར་ཡང་ཁྲག་དམར་གྱི་རྒྱུ་བ་འཕེལ་ངེས་རེད། 
  ཁྱོད་ཀྱི་འབྲོག་པའི་ས་ནས་ཉོ་ན་སྒོར་ཁྲི་གཉིས་ཀྱིས་ཟོག་གཉིས་ཀྱི་སྲོག་སྐྱོབ་ཐུབ་ལ། ཁྱོད་རང་གི་དངུལ་དེ་ཡང་བོད་པ་ཞིག་ལ་ལྷག་བསམ་རྣམ་དག་གིས་སྦྱིན་པ་དང་གཅིག་མཚུངས་རེད། དེ་འདྲ་བྱུང་ན་བོད་པ་ནང་ཁུལ། དཔལ་འབྱོར་ཡར་རྒྱས་དང་སེམས་ཅན་སྲུང་སྐྱོབ། སྒོ་ཟོག་བདག་སྐྱོང་གི་རང་བཞིན་དུ་འགྱུར་བ་མ་ཟད། ཁྱོད་གཉིས་མི་ཚེའི་ནང་གི་སྙིང་ཉེ་བའི་གྲོགས་པོ་ཞིག་ཀྱང་ཆགས་རྒྱུ་རེད།
  གལ་ཆེ་ཞིག་ནི་བཤས་ཟོག་འཚོང་མཁན་གྱི་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་ཡར་རྒྱས་ཀྱི་ཐབས་ལམ་ཞིག་འཚོལ་དགོས། ཁོ་ཚོ་དཔལ་འབྱོར་དཀའ་ངལ་གྱི་གནས་ལས་གྲོལ་ཐུབ་སོང་ན་བཤས་ཟོག་རྩ་བ་ནས་བཙོང་གི་མ་རེད། དེས་ན་ཁོ་བོས་གོང་དུ་ཞུས་པ་བཞིན་རྒྱ་དམར་གྱིས་གཉེར་བཞིན་པའི་བཤས་ཁང་དེ་དག་ཀྱང་ལྟག་ཆུ་ཆད་པའི་རྫིང་བུའི་ངང་ཚུལ་ལས་མ་འདས་པར་ཉིན་གཅིག་སྒོ་རྒྱག་རྒྱུ་ལས་མ་འདས་བསམ།
  འདི་ནི་ལྷག་བསམ་དང་རེ་བས་མ་བཟོད་ནས་སྲོག་བླུ་བྱ་སྟངས་ལས་འཕྲོས་པའི་བསམ་འཆར་ཙམ་ཞིག་བཀོད་པ་ཡིན།
      ཞེས་པ་འདི་ཡང་སེར་བྱེས་ལྷ་རམས་པ་གཙང་ཁ་བསོད་ནམས་རྡོ་རྗེ་རུ་འབོད་པས་2014. 11/ 10/ ཉིན་བྲིས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།