གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷས་གཞིས་ན་གབ་པའི་མུ་ཏིག་རྡོག་གཅིག

2018-04-29 09:55:07 གཟི་མིག་དགུ་བ། ཀློག་གྲངས། མཆན ཡོད།

    
                           ༡  
          ཉམ་ཆུང་བའི་ཚེ་སྲོག་གི་ས་བོན་ཞིག་གནག་ཕྱུགས་འབའ་ངུར་སྟིམ་པའི་རི་གྲོང་དུ་ལྷུང་བའི་ཉིན་མོ་དེ་ནས་བཟུང་། ངུ་དགོད་ལས་གྲུབ་པའི་དབྱངས་རྟ་རྣལ་མ་ཞིག་གིས་ཁྱེད་ཀྱི་མི་ཚེར་དབུ་ཁྱུད་བྲིས་ཡོད། འདས་དོན་གྱི་ཀློང་ན་བཞེངས་པའི་གཏམ་རྒྱུད་ཕལ་མོ་ཆེ་ཡི་གླེགས་བམ་ཧྲལ་ཧྲུལ།  གཡག་ལུག་ར་གསུམ་གྱི་རྨིག་རྗེས་ཁྲོད་དུ་ལྷག་ཅིང་། དྭངས་གཙང་ལྷད་མེད་ཀྱི་འབྲོག་མོའི་རང་གཤིས་རྣལ་མ་དེས་ཁྱིམ་ཐབ་གྲུ་བཞིའི་སྒོ་ཁྱིམ་ཀུན་ལ་ལེགས་སྐྱེས་ཕུལ་བ་བགྲང་ལས་འདས། གནམ་སའི་ཐུ་སྣེ་འབྲེལ་ཞིང་སྤྲིན་པའི་ལྭ་གོས་སྟུག་ལ། རི་དྭགས་སྐེ་སོ་འབེལ་ཞིང་རི་སྤྱང་ངུ་ཟུག་རྒོད་སའི་རང་བྱུང་ཁམས་ཆེན་མོའི་འཇིག་རྟེན་དེར། ཁྱེད་ཀྱི་ལྷན་སྐྱེས་ནས་གྲུབ་པའི་གླུ་ངག་ལུས་ཡོད། སྦྲ་རོག་རོག་ཚང་གི་ཐབ་ཟུར་དང་གྱང་གྲུ་བཞི་ཚང་གི་སྒེའུ་ཁུང་། དེ་བཞིན་སྣུམ་ཞག་འཁྱིལ་བའི་ལྷས་ར་དང་གཡང་མོ་ལུག་གི་སྐེ་ལུང་། ཐུར་དཀར་འབྲི་མོའི་མཆན་ཁུང་སོགས། མདོར་ན། འབྲོག་གཞིས་ཀྱི་ཕྱི་ནང་གསུམ་ཀུན་ཏུ་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཡིག་འབྲུ་འཐོར་ཡོད།                                                                    
                            ༢   
 བཅུ་དྲུག་ལང་ཚོའི་མེ་ཏོག་གི་འདབ་མ་རེ་རེ་བཞིན་རི་གྲོང་སྣུམ་པོ་དེའི་གཏམ་རྒྱུད་དང་ལྷན་དུ་ཟགས་ཏེ། མི་ཚེའི་ཁ་ཤོག་ལ་མཚལ་དམར་གྱི་ཡིག་འབྲུ་འབྲི་ཞོར་འབྲོག་ཁྱིམ་ཕལ་པ་ཞིག་ནས་ངུ་མྱོང་ཞིང་། བརྒྱ་ཚོགས་སྟོང་འདུས་ཀྱི་མི་རིགས་དབུས་ནས་དགོད་མྱོང་བའི་འབྲོག་མོ་ཁྱེད་ནི། དེ་སྔོན་ཚད་ལྡན་གྱི་སློབ་གསོའི་ཁོར་ཡུག་ཏུ་འགྲིམ་པའི་བསྐལ་བ་མ་ཐོབ་ཀྱང་། བཅོས་མིན་ལྷན་སྐྱེས་ཀྱི་གླུ་སྐད་སྙན་མོས་གདོད་མའི་རི་གྲོང་དེའི་ལྷིང་འཇགས་དཀྲོགས་མྱོང་ལ། རྒན་དར་གཞོན་གསུམ་གྱི་ཡིད་དབང་བཀུག་པ་ཡང་ཉུང་ཉུང་ག་ལ་ཡིན། སུག་བཞི་རྩྭ་ཐང་དུ་གཏད་པའི་གཡུང་དྭགས་ཁྲི་སྟོང་གི་འཚོ་གཞིས་ཧྲག་ནས་བཅོས་མིན་ལྷན་སྐྱེས་ཀྱི་གྲེ་འགྱུར་དབྱངས་སུ་འཐེན་གྱིན་དབྱར་གྱི་ཆར་ཆུ་འཐུང་ལ། དགུན་གྱི་ཁ་བ་འགམ་པ་བརྗོད་དུ་མེད། འདི་ལྟར།  རི་ཀླུང་མང་པོའི་སྒང་གཤོང་དུ་འུར་ཐག་ཁྲ་བོའི་ཚགས་སྒྲ་དང་གཡང་མོ་ལུག་གི་འབའ་སྒྲ། གནག་ཆུང་ནོར་གྱི་ངུར་སྒྲ་བཅས་ཀྱི་ལྷན་དུ་ལས་དབང་གི་ཤོག་ལྷེ་རེ་རེ་བཞིན་བཀླགས་ཏེ་མཛེས་སྡུག་གི་ཡུལ་གྲུ་དེར་གནའ་གཏམ་བཞག་པ་བགྲང་གིས་མི་ལང་། ལང་ཚོའི་རྨི་ལམ་གྱི་སྲུབ་ཀ་ཞིག་ནས་བོར་ཟིན་པའི་རྫི་གླུ་རྙེད་ཅིང་། དཀར་ནག་ཁྲི་སྟོང་གི་མི་ཚོགས་བརྡོལ་བའི་ཤར་ཕྱོགས་ཙི་ནའི་གྲོང་གི་གར་སྟེགས་ཁྲོད་ནས་འཛུམ་ཞལ་དང་གླུ་སྐད་བསྡེབས། སྐྱེ་གཟུགས་དང་ཆ་ལུགས་འགྲོགས། སྐྲ་ལོ་དང་གཡུ་བྱུར་བསྣོལ་བའི་སོ་མཚམས་ནས་མ་བཅོས་རང་མདངས་ཀྱི་མཁུར་ཚོས་ངོམ་ལ། མ་བྲིས་སྨིན་མ་ཡི་པིར་རིས་འཁྱུག་ཅིང་། མ་བཀྲུས་སོ་ཕྲེང་གི་མུ་ཏིག་དགོད་ཞོར་གནའ་བོའི་གླུ་སྐད་སྙན་མོས་ཕལ་པའི་འཇིག་རྟེན་གྱི་ཡོད་ཚད་གཡང་ལ་བསྐྱུར་སོང་སྐད།                     
                           ༣   
    འདི་ནི། འབྲོག་མོའི་ལྷན་སྐྱེས་ཀྱི་སྐད་ངག་ཅིག་གིས་ས་ཆེན་པོའི་བླ་རྐང་བརྡུངས་ཤིང་། གནམ་སྔོན་པོའི་བཞིན་རས་རླན་དུ་བཅུག་པའི་ལོ་རྒྱུས་ཀྱི་གླུ་སྐད་རེད། འདི་ནི། འབྲོག་ཁྱིམ་དཀྱུས་མ་ཞིག་ནས་རྡོག་ཐོན་གྱི་ཟིན་བྲིས་བཞེངས་པའི་བུ་མོ་དེས་མི་ཚེའི་གར་སྟབས་སྒྱུ་རྩལ་གྱི་གྲོང་དུ་བསྒྱུར་བའི་གཏམ་རྒྱུད་ཀྱི་དབུ་ཁྱུད་རེད། འདི་ནི། འབྲོག་མོ་དཀྱུས་མ་ཞིག་གིས་རྒྱལ་སྤྱིའི་གར་སྟེགས་ཀྱི་བང་རིམ་ལ་དཔར་བའི་རྐང་རྗེས་གསོན་པོ་ཞིག་ཀྱང་རེད། མང་པོ་ཞིག་གི་བློ་ངོར། ཁ་ཆར་དང་བུ་ཡུག་རྒོད་པའི་མཐོ་སྒང་། སྒོ་ཁྱིམ་གྱི་ལས་རིགས་མང་བའི་འབྲོག་གཞིས། ཁ་མཆུ་དང་མི་ཁ་བཙན་པའི་རི་གྲོང་དུ། འདི་ལྟར་རིམ་པ་དང་པོའི་གོ་ཐོབ་ཀྱི་སྒྱུ་རྩལ་བ་ཞིག་ལྷག་ཡོད་པའི་རེ་བ་ཙམ་ཡང་བཅངས་མྱོང་མེད་པ་དག་དེ་རིང་བསམ་ཡུལ་ནས་འདས་སྲིད།      
                           ༤
 ཁྱེད་ཀྱི་བླངས་པའི་གཟེངས་རྟགས་འདི་ནི། མགོ་རྣ་ཅོ་ཅན་གྱི་བོད་མི་ཁྲི་སྟོང་གི་སེམས་ངོས་སུ་འབར་བའི་གཟེེངས་རྟགས་ཤིག་དང་། ཁྱེད་ཀྱིས་ཡུལ་མི་སྤུན་ཟླ་ཚོའི་སེམས་ངོས་སུ་སྤར་བའི་འོད་ཀྱི་མར་མེ་ཚེ་འབར་དང་། ཁོང་ཚོར་སྤྲད་པའི་སྐུལ་ལྕག་ནན་མོ་ཞིག་ཀྱང་རེད། ལྷག་དོན་དུ། བོད་ཀྱི་རོང་འབྲོག་ས་ཁུལ་ན་ལུས་པའི་བུད་མེད་ཁྲི་སྟོང་གི་སྙིང་སྟོབས་གླུ་རུ་གྱེར་བའི་དུས་ཀྱི་ཅོང་བརྡ་ཞིག་ཡིན་པ་ནི་དེ་བས་སྨྲ་མི་དགོས།   དེ་བཞིན།   བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་ལ་ཚད་མཐོའི་གདེང་འཇོག་དང་མྱུར་སྐྱོབས་དགོས་པའི་བསླབ་བྱ་ཟབ་མོ་ཞིག་ཀྱང་ངོ་།། ད་ཐེངས་ཀྱི་གཟེངས་རྟགས་དེ་ཡིས་ཁྱེད་ཀྱི་འདས་ཟིན་པའི་མི་ཚེའི་ལོ་རྒྱུས་རབ་རིབ་དེར་ཕྱིར་དྲན་དང་། མ་འོངས་འོད་སྟོང་ལྡན་པའི་ཕུགས་འདུན་ལ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་ཡིན་པས། བག་ལ་ཞ་བའི་རི་གྲོང་དེར་ལོ་རྒྱུས་ཀྱི་དེབ་ཐེར་གསར་པ་ཞིག་འགོད་ཆེད། གཉིད་དུ་ཡུར་བའི་འབྲོག་གཞིས་དེར་དུས་དང་འཚམ་པའི་ཅོང་ཆེན་ཞིག་རྡུང་ཆེད། ཁྱད་པར་དུ་རང་ལ་ལྷན་སྐྱེས་སུ་འཁྲུངས་པའི་སྐད་ངག་སྙན་མོ་དེ་གོ་མེད་ཚོར་མེད་ངང་འཇིག་རྟེན་གྱི་གྲུ་ཟུར་ནས་མ་བརླགས་པར་ཚད་མཐོ་བའི་སྒྱུ་རྩལ་གྱི་ལམ་བུའི་ཐོག་ཏུ་སྐྱོད་ཐུབ་ཕྱིར། ད་རིང་གི་གཟེངས་རྟགས་ལག་ཏུ་བླངས་པ་ནས་འགོ་བརྩམས་ཏེ། རང་གི་མི་ཚེའི་ལོ་རྒྱུས་ཀྱི་བང་རིམ་རེ་རེར་ངག་རིག་སྒྱུ་རྩལ་གྱི་རྩ་བ་བརྟན་ཞིང་ཡལ་ག་རྒྱས་ཏེ་འོད་སྟོང་ལྡན་པའི་མི་ཚེའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བཞེངས་དགོས་པ་ཨེ་མཁྱེན། ལྷས་གཞིས་ན་གབ་པའི་མུ་ཏིག་མ།།

 ཀྲུང་གོའི་ཉིང་ཞ་རྒྱལ་སྤྱིའི་རིག་གནས་སྒྱུ་རྩལ་དངོས་མང་འགྲེམ་ཚོགས་སྐབས་བཅུ་བཞི་པའི་ཀྲུང་གོའི་ནུབ་ཁུལ་དམངས་གཞས་གླུ་ལེན་འགྲན་ཚོགས་ཐོག་བྱ་དགའ་ཨང་དང་པོ་སྟེ། གསེར་གྱི་གཟེགས་རྟགས་ཐོབ་པའི་སྦྲ་ཆེན་གྱི་གླུ་མ་ཚེ་དབང་དཔལ་མོར་བྲིས།                                   
                                                    
                                                                 ༢༠༡༦/༡༠/༡༩ཉིན།

 རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།