དབྱར་ཟླ་དྲུག་པ་ནི་བརྩེ་དུང་གིས་ཕྱུག་ཅིང་གྱེས་གདུང་ལྕི་བའི་དུས་ཚིགས་ཤིག
———མཐར་ཕྱིན་སློབ་བུ་དག་ལ་ཕུལ་བ།
དབྱར་གྱི་དཔལ་ཡོན་རྣམ་པར་རྒྱས་པའི་དུས་འདིར།ཁྱོད་ཚོའང་དུས་ཚིགས་འདིའི་མཛེས་སྡུག་གི་ཆ་ཤས་ཤིག་ལྟར་ལང་ཚོའི་དཔལ་གྱིས་དྲེགས་ཤིང་། རེ་བ་དང་རྨི་ལམ་གྱི་སྒོ་མོ་ཆེ་རེ་རེར་གོམ་ཁ་སྒྱུར་བའི་དུས་ལ་བབ།ང་ནི་འདི་དག་ཡོད་ཚད་མིག་གིས་འཚོས་ཤིང་སེམས་ཀྱིས་མྱོང་བཞིན་པའི་ཕྱི་རོལ་ཡུལ་གྱི་མི་ཞིག་དང་འདྲ་ལ། ཚོར་ཤེས་ཀྱི་མཐའ་དབུས་ཀུན་ཏུ་རྒྱུ་ཞིང་འཁོར་བའི་རླུང་བུ་ཞིག་དང་ཡང་འདྲ།
ང་ཚོ་སློབ་གླིང་འདི་ནས་ལས་ཀྱིས་འཛོམས་ཤིང་། མི་ཚེ་ཐུང་ཐུང་འདིའི་ནང་གི་ཤིན་ཏུ་རིན་ཐང་ཆེ་བའི་དུས་ཚོད་ཅིག་མཉམ་དུ་བསྐྱལ། འཇིག་རྟེན་མག་མོག་འདིའི་ནང་གི་ཤིན་ཏུ་དྭངས་བའི་མཁའ་དབུགས་ཤིག་མཉམ་དུ་རྔུབ། ངས་ནམ་རྒྱུན་ཁྱོད་ཚོའི་ལུས་ངག་གི་བརྡ་སྤྲོད་མཐའ་དག་ཉམས་སུ་མྱངས་ལ། རང་གི་གོམས་བྱང་གི་རྒྱུས་སམ་་ཤེས་རྟོགས་ཕྲན་བུ་དག་ཀྱང་ཐེ་ཚོམ་གྱི་ངང་ནས་ཁྱེད་ཚོར་བཤད། དུས་ཚོད་འདིའི་ནང་ང་ཚོ་ནི་ལུས་སེམས་ཀྱི་རྣམ་འགྱུར་ཕྲ་མོ་ཙམ་ཡང་དེ་མུར་གོ་ཐུབ་པའི་ཕན་ཚུན་གྱི་སེམས་ཀྱི་ཉེ་སར་བསླེབས། དེ་ནི་མི་ཚེའི་འགྲུལ་བཞུད་ཀྱི་ས་ཚིགས་ཤིག་ནས་དམིགས་འདུན་གཅིག་གི་ཆེད་དུ་དཔུང་བ་མཉམ་གཤིབ་ཀྱིས་ཡོང་བའི་ལོ་ཟླ་ཡིན། རྒྱལ་ཕམ་དང་དཀར་ནག་གི་འཐབ་མོ་མེད་པའི་ཞི་འཇགས་ཀྱི་ལོ་ཟླ་ཞིག་ཡིན་ཞེས་ཀྱང་སྨྲ་བར་འདོད།
ད་ནི་འདུ་བྲལ་བདེན་པའི་ཆོས་ཉིད་དང་དུ་ལེན་པའི་དུས་ལ་བབ།སྐད་ཆ་ཐམས་ཅད་བེད་མེད་དུ་གྱུར་ལ། ཅི་ཞིག་བཤད་འདོད་ཀྱི་འདུན་པའང་ཤིན་ཏུ་ཆེ།
ནམ་རྒྱུན་ཡིན་མདོག་ཁ་བོས་ཁྱེད་ཚོར་བཤད་པའི་སྐད་ཆ་དག་ཀྱང་བདེན་རྫུན་དང་ལེགས་ཉེས་ཀྱི་སོ་མཚམས་སུ་བྲག་ཅ་གཉོམ་པོ་རང་གི་རྣ་བར་འཁོར།སློབ་གསོ་དང་ཤེས་བྱ། མ་འོངས་པ་དང་མདུན་ལམ་སོགས་ཐ་སྙད་དག་ཀྱང་། མཚམས་འདིར་སླེབ་དུས་གོ་བ་ཤིན་ཏུ་མག་མོག་ཅིག་དང་སྐད་ཆ་ཧ་ཅང་རྩིང་པོ་ཞིག་ལས་མ་འདས། ཡིན་ཡང་། སྔོན་བསགས་བསོད་ནམས་བཟང་པོའི་མཐུ་ཡིས། ཁྱོད་ཚོ་ལྟ་བུའི་ཡིད་འོང་གི་བྱིས་པ་དག་ལ་དབྱངས་གསལ་གྱི་གསོལ་ཚིགས་འདྲེན་པའི་སྐལ་བ་ལྡན་པ་འདི་ནི་ཁོ་བོའི་མི་ཚེའི་དོན་སྙིང་མིན་ནམ་སྙམ་ནས་དགའ་ཞིང་སྤྲོ་བཞིན་ཡོད། འགྱུར་བག་རྒོད་པའི་དུས་ཚོད་འདི་འདྲ་ཞིག་གི་ནང་དུ་ཁྱོད་ཚོ་རང་གི་རིག་གནས་རིན་ཐང་གཞལ་དུ་བྲལ་བ་འདི་དང་མཇལ་བའི་སྐལ་བ་མ་སྟོང་ཙམ་དུ་གྱུར་བའང་ལས་དང་བསོད་ནམས་མི་དམན་པར་འདུག་སྙམ།བག་ཆགས་ཕྲན་བུ་འདིའམ་ས་བོན་ཆུང་ཆུང་འདི་དག་ས་འོག་ནས་རྩ་བ་རྒྱས་ཤིང་ས་སྟེང་ནས་འདབ་ལག་རྫོགས་པའི་རེ་བ་དང་སྨོན་འདུན་ཅི་བས་ཆེ།རིག་གནས་ནི་ཚྭ་སྒོག་ཉོ་བྱེད་དང་ལྟོ་རྒྱབ་སྒྲུབ་བྱེད་ཙམ་ཞིག་ག་ལ་ཡིན། དེ་ནི་རྒྱུ་འབྲས་བློ་མིག་དང་སེམས་ཀྱི་ཞི་བ་སྲུང་བྱེད་ཅིག་ཡིན་ལ། བདེ་སྡུག་དང་དར་རྒུད་ཀྱི་གནས་སྐབས་གང་དུའང་ཁྱོད་དང་ངོ་བོ་དབྱེར་མེད་དུ་ཡོད་པའི་སྟོབས་ཤུགས་ཤིག་གམ་མཛེས་སྡུག་ཅིག་ཡིན།
དེ་རིང་ནི་ཁྱོད་ཚོ་དང་བྲལ་བའི་ཉིན་དང་པོ་ཡིན། ཞོགས་པར་ཐང་སྟོང་ཞིག་ནས་གཉིད་སད་པ་བཞིན་སེམས་པ་སྟོང་བར་ལྷགས་འདུག མ་གཞི་ངའི་དུས་ཚོད་མ་ཟད་ཚེ་སྲོག་ཀྱང་ཁྱོད་ཅག་ལ་ཁེན་ནས་ཡོད་པའི་སྣང་བ་ཞིག་བྱུང་། སྐུད་པ་ཆད་པའི་ཤོག་བྱ་ཞིག་ལྟར་རང་སེམས་སྟོང་བའི་དབྱིངས་སུ་དམིགས་མེད་ལྡིང་སྐོར་བརྒྱབ། ཕྱི་རོལ་གྱི་གནམ་གཤིས་ང་ལ་འབྲེལ་བ་མི་འདུག གོམས་པའི་གཤིས་སུ་གྱུར་བའི་ལས་ཙག་ཙིག་དག་ཀྱང་ང་ལ་འབྲེལ་བ་མི་འདུག
ད་ལྟའི་དུས་ཀྱི་བྱེད་པོ་འདིས་ཀྱང་ང་ལ་འདྲ་པར་རྙིང་བ་ཁ་ཤས་ལས་ཅི་ཡང་མ་གནང་།
ལོ་ངོ་གསུམ་གྱི་འགྲོགས་འདྲིས་ནི་སློབ་སྦྱོང་གི་ཁུར་བོ་ལྕི་བའི་གཟབ་ནན་གྱི་ལོ་ཟླ་ཞིག ཁྱོད་ཚོ་དང་མཉམ་དུ་སེམས་ཁྲལ་དང་འགན་ཁུར་ཅི་ཡང་མེད་པར་བག་ལྷོད་པོས་ཉིན་གཅིག་ཀྱང་འདུག་མ་མྱོང་བ་འདྲ། གཅིག་ལས་གཅིག་མགྱོགས་བང་འགྲན་པའི་དུས་སྐབས་འདི་འདྲ་ཞིག་ལ། བརྩེ་བ་དང་མཛེས་སྡུག་གི་རིན་དོད་དུའང་དུས་ཚོད་ངེས་ཅན་ཞིག་གཏོང་དགོས་འདུག་ཨང་སྙམ་བཞིན་འགྱོད་སྣང་ཅུང་ཙམ་ཞིག་ཀྱང་སྐྱེས།
ཁྱོད་ཚོ་ནི་དུས་ཀྱི་བཀྲག་མདངས་དང་སྣང་བའི་རི་དྭགས་བཞིན། བགྲང་བྱ་གསུམ་གྱི་ཞོགས་པ་དང་ས་སྲོད་རེ་རེར་རེ་བའི་ཚོན་མདངས་བྱུགས། སྒྲིག་ཁྲིམས་ཀྱི་ར་བ་དག་ཀྱང་ས་རྡོའི་རྩིགས་གྱང་ལས་གྲོལ་བར་བྱས། བསྟན་བཤིག་ཚ་བའི་རྣམ་འགྱུར་རེ་རེ་ཡིས་རྒས་ཤིང་འཁོགས་པའི་སེམས་པ་དག་གཉིད་ལས་དཀྲོགས། ལན་རེར་དངོས་གནས་ཁྱོད་ཚོའི་ལུས་ངག་གི་སྤྱོད་ཚུལ་རེ་རེར་གཞོན་ནུ་འདི་ཚོ་ཨང་ཟེར་བ་ལས་ཅི་ཞིག་བཤད། གཞོན་པའི་སྣང་བ་ནི་གནས་ལུགས་དང་བསམ་གཞིག་གིས་མི་ཟིན་པ་ཞིག་དང་། ཀུན་སྤྱོད་ཀྱི་སྡོམ་ཐག་གིས་ཀྱང་འཆིང་མི་ནུས་པ་ཞིག་ཡིན་པ་ཁྱོད་ཚོས་ང་ལ་ཡང་ཡང་ར་སྤྲོད་བྱས།
ང་ནི་ཁྱོད་ཚོའི་མདུན་དུ་ནང་སེམས་འགལ་འདུའི་དབང་དུ་ཚུད་པ་ཞིག་ཡིན། ང་ཁྱོད་ཚོའི་ཞི་ཞིང་དུལ་བའི་གཤིས་ཀར་དགའ་ལ། རྒོད་ཅིང་པྲ་ཚག་པ་ལའང་དགའ། ང་ཁྱོད་ཚོའི་སྐད་ཆ་ཉུང་ཞིང་སེམས་པ་ཞིབ་པའི་ཆ་དེར་དགའ་ལ། སྐད་ཆ་བྱུང་རྒྱལ་དུ་སྨྲ་ཞིང་ཅི་མི་སྙམ་པའི་སྤོབས་པ་ལའང་དགའ། ང་ཁྱོད་ཚོའི་ཐབས་མཁས་ཀྱི་བློ་རིག་ལ་དགའ་ལ། ཚིག་ལ་ཡ་ཡོ་མེད་ཅིང་གཤིས་ལ་སྤྲེལ་ལད་མེད་པའི་འབྲོག་ཞད་ལའང་ཧ་ཅང་དགའོ།།མཇུག་མཐར་སེམས་ཚོར་ཙམ་བྲིས་པའི་རྩོམ་ཐུང་འདིའང་སྐབས་ཐོག་ཏུ་མཇུག་ཕུད་མ་ཐུབ་པས། བརྗོད་འདོད་གང་ཞིག་མག་མོག་ཙམ་ལས་སྟོན་མ་ཐུབ་པར་རང་ལ་འཁང་ར་དང་བཅས། ཞག་གཅིག་མགྲོན་དུ་ཡོང་བ་ལྟ་བུའི་མི་ཚེ་ཐུང་ཐུང་འདིའི་ནང་ཁྱོད་ཚོ་བདག་གི་བརྩེ་བའི་གུར་ཁྱིམ་དུ་བྱོན་པར་དགའ་སྤྲོས་བརྟས་ཡོད། འབྱུང་འགྱུར་ལུས་སེམས་བདེ་ཐང་ངང་རང་རང་དགའ་བའི་ལས་ལ་འཇུག་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ་ཞུ།།
༢༠༢༥/༧/༡ལ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

