ཚ་ཐབ་ཀྱི་སྟེང་དུ་ལྷུང་བའི་ཉི་ཐིག

བསོད་ནམས་རྡོ་རྗེ། མདོ་སྨད་གཅན་ཚ་རུ་སྐྱེས། བརྩམས་ཆོས་ལ་སྒྲུང་ཐུང<<དོང་ནང་གི་མེ་ཏོག>>དང་སྒྲུང་འབྲིང<<རི་བོ་རྩེ་ལྔ>>སོགས་ཡོད།
མི་ཁོམ་པའི་འཇིག་རྟེན་འདི་ནས་ཀྱང་མཚམས་རེར་ཁོམ་ལོང་བྱུང་ཚེ། ནམ་ཙ་མི་འགྲོ་བའི་དུས་ཀྱང་འདུག་སྟེ། ལམ་འགྲམ་གྱི་སྤྱི་སྤྱོད་འབབ་ཚིགས་སུ་འགྲེང་ནས་སྐར་མ་བཅུ་ཙམ་འགོར་བ་ན། སེམས་ལ་གློ་བུར་དངངས་འཚབ་ཅིག་སྐྱེས་ཏེ་ཡ་ཆུང་སྟོང་སེང་ངེར་ཕྱིན་པས། མདུན་ཕྱོགས་ཀྱི་ཁང་རྩེག་དང་རླངས་འཁོར་གྱི་འདུ་འགོད། དེའི་ཕ་རོལ་གྱི་ནམ་མཁའ། ནམ་མཁའི་མཐོངས་ཀྱི་སྤྲིན་དཀར་གྱི་ཚོམ་བུ་གཟུགས་སྣ་ཚོགས་སུ་གྲུབ་པ་དེ་དག་ཀྱང་། རྒྱུས་མེད་ཅིག་དང་རེས་གསལ་རེ་མོག་ཅིག་ཏུ་གྱུར་སོང་། ཏག་ཏག་ནང་སེམས་བློང་བློང་བོར་གྱུར་བའི་སྐབས་དེར། འགྲུལ་སྐྱེལ་གནམ་གྲུ་ཞིག་འུར་སྒྲ་དང་བཅས་ཤར་ཕྱོགས་སུ་འཕུར་བ་ན། ངའི་སེམས་ལ་ཁྱོད་རང་དྲན་བྱུང་།
དེ་མ་ཐག་ང་རང་སྐུ་འབུམ་དུ་འགྲོ་བའི་ལམ་ལ་ཆས།
ལྷོ་རི་དགོན་འདབས་སུ་སྤྱི་སྤྱོད་རླངས་འཁོར་ལས་བབས་ཙ་ན། ཁ་ལོ་བ་ཞིག་བརྒྱུགས་ཡོང་སྟེ་ང་རང་གླ་གཏོང་རླངས་འཁོར་ནང་ལ་དྲུད་ནས་བརྫངས་བྱུང་། ངས་ཀྱང་དོར་མའི་ཁུག་མ་ལས་ཁ་པར་བླངས་རྗེས་ཡིན་མིན་གྱི་སྐད་ཆ་ཅི་ཡང་མ་བཤད་པར་འདུག་སྟེགས་གཞུག་མའི་སྟེང་ལ་བུད་ཅིང་གཡས་གཡོན་ལ་བལྟས་ཙ་ན། མི་གཉིས་སྔོན་ནས་ནང་དུ་བུད་འདུག་ཅིང་། ངའི་གམ་དུ་སྡོད་པའི་བུ་མོ་དེས་ང་ལ་ལྐོག་ལྟ་ཞིག་བྱེད་པ་མཐོང་བྱུང་། མོས་ཞྭ་མོ་ནག་པོ་ཞིག་གྱོན་པའི་འོག་ལ་མིག་ཤེལ་ནག་པོ་ཞིག་དང་ཁ་ཐུམ་ནག་པོ་ཞིག་གྱོན་འདུག་ནའང་། ངས་དེ་མ་ཐག་མོ་རང་ལོ་ཉི་ཤུའི་ནང་གི་གཞོན་ནུ་མ་ཞིག་ཡིན་པ་ཚོར་བྱུང་། ཉེ་ལམ་ཆམ་པ་ཡང་མོ་ཞིག་ཕོགས་ནས་སྣ་གཉན་འཕར་བས་མོའི་ལུས་ཀྱི་དྲི་མ་དེས་ང་ལ་མི་བདེ་བའི་ཚོར་བ་ཞིག་བྱིན་པས། རང་ཉིད་ཀྱིས་ཁ་ཐུམ་ཞིག་མ་ཉོས་པར་འགྱོད་པ་སྐྱེས་བྱུང་། ཁ་ཐུམ་ཞིག་ཉོ་བསམས་ཀྱང་མཐའ་སྐོར་དུ་ཚོང་ཁང་དང་ཟ་ཁང་བསྟར་མར་ཡོད་པའི་ཁང་རྩེག་དམའ་མོ་དེ་དག་ལོ་འགའི་ཡར་སྔོན་ནས་བཤིགས་ཚར་ཏེ་སྡོང་ར་ཞིག་ལས་ལྷག་མི་འདུག་པས། ང་ལ་སེམས་ཁྲལ་ཞིག་སྐྱེས་བྱུང་།
ཁ་ལོ་བ་འདུག་སྟེགས་སུ་བུད་ཅིང་སྒོ་ཁྲོག་གེར་གཏན་རྗེས། མི་གསུམ་ལས་མེད་ཀྱང་མི་འགྲོ་ཀ་མེད་རེད་ཟེར་བཞིན་སྡིགས་དམེ་བཏོན་ནའང་། ངས་ཁོར་ཁ་ཡ་མ་བྱས་པར་ཁ་པར་ལ་བལྟ་ཁུལ་གྱིས་གམ་གྱི་བུ་མོ་དེར་ལྐོག་བལྟ་ཡང་ཡང་བྱས། གམ་གྱི་བུ་མོ་དེས་ཀྱང་ཁ་ལོ་བར་ཁ་ཡ་མ་བྱས་མོད། མདུན་གྱི་སྐྱེས་པ་དེས་གློ་བུར་མི་གཅིག་གི་གླ་ཁོས་ཁ་སྣོན་བྱས་ཆོག་ཟེར་བས། ཁ་ལོ་བའི་གདོང་ལ་དེ་མ་ཐག་འཛུམ་ཞིག་རྒྱས་ཤིང་། ངས་མདུན་གྱི་མེ་ལོང་ཆུང་ཆུང་དེ་རུ་བལྟས་བསྡད་པ་ན། ཁོས་ལྕེ་སྣར་ཞིག་བྱས་རྗེས་ལམ་ལ་ཆས་བྱུང་།
ངའི་མདུན་གྱི་སྐྱེས་པ་དེས་རྒྱ་སྐད་བཤད་པ་ཡིན་ཡང་ཁོའི་སྐད་གདངས་ལས་ངས་བོད་ཅིག་ཡིན་པ་ཚོར་བྱུང་། ཡིན་ནའང་ངས་མགོ་བོ་བསྲིངས་ནས་ཁོར་སུ་ཡིན་ལ་མ་བལྟས། བལྟ་རྩིས་ཀྱང་མ་བྱས། དེ་ལྟ་ནའང་། བསམ་བཞིན་མིན་ཡང་གམ་གྱི་བུ་མོ་དེར་ངས་ཡང་ཡང་བལྟ་དགོས་བྱུང་། མོའི་ལུས་སྟོད་ལARC'TERYXརྟགས་ཅན་གྱི་སྟོད་ལྭ་ལི་མདོག་ཅིག་དང་། ལུས་སྨད་ལ་སྨད་གཡོགས་རིང་བོ་སྐྱ་སྐྱ་ཞིག་དང་ལུས་རྩལ་པའི་རྐང་ལྷམ་དམར་པོ་ཞིག་གྱོན་འདུག་པས། ང་ལ་དགོད་རྒྱུ་འགོག་མེད་ཅིག་ཡོང་ཞིང་། མིག་གིས་མ་བལྟས་ནའང་མཐོང་ལམ་དུ་མོའི་ཞྭ་མོའི་སྟེང་གི MLBརྟགས་སེར་པོ་ཡང་ཡང་ཤར་འོངས།
ངའི་སེམས་སུ། མོའི་བཟོ་ལྟ་དེ་སྲང་ལམ་ནང་ནས་མཐོང་ཚེ་ཇི་འདྲའི་དགོད་བྲོ་བ་ཞིག་ཡིན་ངེས་ཨང་སྙམ་འོངས།
ང་རང་ཉིད་ཀྱི་སྣང་ངོར། ཁྱོད་ནི་མོ་ལོ་སུམ་ཅུ་སོ་ལྔར་ཉེ་བའི་བུད་མེད་དགེ་རྒན་ཞིག་ཡིན་ན་འགྲིག ན་ནིང་ནས་བཟུང་ངས་དེ་ལྟར་འདོད་བཞིན་ཡོད།
ཉིན་དེར། ཁྱོད་ཀྱི་རྩལ་ལྭ་སྔོ་ནག་ཆ་ཚང་ཞིག་གི་འོག་ཏུ་རྐང་ལྷམ་སྐྱ་བོ་རྟིང་ཅུང་ཟད་མཐོ་བ་ཞིག་གྱོན་ཏེ། རྩེ་གཞུང་རྩྭ་ཐང་གི་རྫོང་མཁར་ཆུང་ཆུང་དེའི་སྲང་ལམ་ག་གེ་མོ་ཞིག་ཏུ་བུ་མོ་ཕག་མོ་གཡུ་སྒྲོན་རྒྱབ་ཏུ་ཁུར་ཞིང་། བུ་ཚེ་རིང་བསམ་གྲུབ་ལག་པས་ཁྲིད། དཔེ་དེབ་ཅིག་དང་འབྲི་དེབ་འགའ་མཆན་འོག་ཏུ་བཙིར་ནས་བསྐྱོད་བཞིན་ཡོད་པ་ལ། གློ་བུར་རླངས་འཁོར་གྱི་དུང་སྒྲ་རྣ་བར་གཟན་པ་ཞིག་གིས་ཁྱོད་ཀྱི་གོམ་སྟབས་འཆོལ་བར་བྱས། སྲང་ལམ་དུ་གློ་བུར་གྲང་རླུང་ཞིག་བརྒྱུགས་ཤིང་། བྱེ་ཟེགས་འགའ་ཁྱོད་ཀྱི་མིག་ནང་ལ་འཆོལ་མཚམས་སུ། བུ་ཆུང་ཁྱོད་ཀྱི་བརླ་བར་འཐམས་ཤིང་བུ་མོས་ཁྱོད་ཀྱི་སྐེ་ནས་དམ་པོར་བསྡམས་ཏེ་མིད་པ་བསྒགས།
ལོ་གསུམ་ལ་མ་གཏོགས་སོན་མེད་པའི་བུ་མོའི་གློ་བུར་བའི་ཤེད་ཤུགས་དེ་ནི། ཁྱོད་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཅིས་ཀྱང་ཡིན་ངེས།
སྐབས་དེར་སྐྱེས་པ་ཞིག་གིས་ཁྱོད་ཀྱི་མིང་ནས་ལན་འགར་བོས་པས། ཁྱོད་མ་བུ་གསུམ་པོས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་མིག་བལྟས་ཤིང་། གླ་གཏོང་རླངས་འཁོར་གྱི་སྒེའུ་ཁུང་གི་ཕྱི་རུ་བསྲིངས་པའི་ངོ་གདོང་དེ་མཐོང་ཙ་ན། བུ་ཚེ་རིང་བསམ་གྲུབ་ཀྱིས་ཁྱོད་ཀྱི་བརླ་ཤ་དམ་པོར་བསྡམས་པའི་ལག་པ་དམ་སེ་ལྷོད།
“ཁྱོད་ཡིན་ནམ། ངས་ད་དུང་གྲ་སྒྲིག་བྱས་ནས་ཚགས་མེད། ཁྱོད་ཀྱིས་ཅུང་ཙམ་སྒུག་ན་ཆོག་གམ།”
“འོ་ཡ། ཚེ་རིང་བསམ་གྲུབ་ངའི་རླངས་འཁོར་ནང་ལ་འབུད་དུ་ཆུགས་དང་། ངས་ཟ་མ་ཟོས་མེད་པས། ངེད་གཉིས་སོང་ནས་ཟ་མ་ཞིག་ཟ་ཞོར་ཁྱོད་ལ་སྒུག་ནས་འདུག ཁྱོད་སོང་ནས་གྲ་སྒྲིག་བྱས་ནས་ཚགས་ན་ང་ལ་ཁ་པར་ཐོངས་དང་། ང་ཁྱོད་ཚོའི་སློབ་གྲྭའི་སྒོ་ཁར་ལེན་དུ་ཡོང་། བྲེལ་མི་དགོས་ཨ།”
“འོ་ཡ། ཁྱོད་རང་ཅུང་ཙམ་གྱིས་ངའི་མལ་ཁང་ཡོད་སར་ལེན་དུ་ཤོག་དང་ཆོག ངས་ཁྱོད་ལ་སྐད་འཕྲིན་དུ་ས་གནས་སྐུར་ཡོང་།”
ཁ་ལོ་བ་རྒད་པོ་གཟུགས་ཐུང་དེ། ལེ་དབར་ཉིས་བརྒྱ་ལྷག་གི་ཕ་རོལ་ནས་རྩེ་གཞུང་རྩྭ་ཐང་དུ་ཁྱོད་རང་ཐེངས་ལྔ་དྲུག་ཅིག་ལ་ལེན་དུ་ཡོང་མྱོང་ནའང་། ཁྱོད་ཀྱིས་རང་ཉིད་ཀྱི་མལ་ཁང་གནས་ཡུལ་མ་བཤད་པར། ནམ་ཡིན་ཡང་སློབ་གྲྭའི་སྒོ་ཁར་ལེན་དུ་མངགས་དོན་ནི། རྒྱུས་མེད་ཀྱི་མི་དང་མི་དགོས་པའི་གཏམ་ཡན་འབྱུང་བར་གཡོལ་བ་ཡིན་ཡང་། ཉིན་དེར་ཁྱོད་ཀྱིས་གོམ་པ་ཉིས་བརྒྱ་ལྷག་ལ་བསྐྱོད་མཚམས་སུ་མཆན་འོག་ཏུ་བཙིར་བའི་དཔེ་དེབ་དང་འབྲི་དེབ་དག་ལམ་འགྲམ་དུ་བཞག་པའི་རླངས་འཁོར་ཞིག་གི་སྟེང་དུ་བཞག་ཅིང་། དོར་མའི་ཁུག་མ་ལས་ཁ་པར་བླངས་ནས་ཀའོ་ཏེ་ས་ཁྲ་ལས་རང་ཉིད་ཀྱི་མལ་ཁང་གི་སྡོད་གནས་བཙལ་ཞིང་ཁ་ལོ་བ་རྒད་པོ་སོ་དཀར་དེའི་སྐད་འཕྲིན་དུ་སྐུར་རྗེས། གྲ་སྒྲིག་ཚགས་ན་སྐད་འཇོག་ཅེས་བཤད།
ཚེ་རིང་བསམ་གྲུབ་ནི་ལོ་དྲུག་ལ་སོན་ཡོད་པས་རང་མགོ་ཅུང་ཙམ་ཐོན་ཡོད་ལ། ཁོ་རང་ཁ་ལོ་བ་རྒད་པོ་གཟུགས་ཐུང་དེར་སྔོན་ནས་ལོབས་ཡོད་པས། ཁྱོད་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མ་བྱས་པར་ཁོའི་རླངས་འཁོར་ནང་ལ་འབུད་དུ་བཅུག་ཅིང་། མངགས་བཅོལ་ཕར་ཞོག་ཕྱིར་མིག་ཅིག་ཀྱང་མ་བལྟས་པར་མུ་མཐུད་དུ་རྔམ་སྟབས་ཀྱིས་ལམ་ལ་ཆས། ད་ནི་བུ་ཆུང་གི་བདེ་འཇགས་ལ་སེམས་ཁུར་སྤུ་ཙམ་ཡང་བྱེད་མི་དགོས་པས་ཁྱོད་ཀྱི་གོམ་སྟབས་དེ་མ་ཐག་ཇེ་ཡང་དུ་སོང་ཞིང་། ལམ་འགྲམ་གྱི་གློག་སྒྲོན་དང་ཕ་རིའི་སྤང་རི། དེའི་མཐོངས་ཀྱི་ནམ་མཁའ་སྐྱ་བོ། ཐ་ན་རླུང་གི་རྒྱུ་བ་ཡང་མཐོང་ལམ་ནས་ཇེ་གསལ་དུ་གྱུར་བར་མ་ཟད། ལམ་འགྲོ་བ་ཚོའི་གླེང་མོལ་ཡང་རྣ་བའི་ལམ་དུ་ལྷང་ངེར་ཐོས།
ཁྱོད་ལ་གཞི་ནས་ཁུར་བོ་ལྕི་མོ་ཞིག་གི་ཕྱེད་ལྷག་ཕོགས་པའི་ཚོར་བ་ཞིག་བྱུང་།
མཆོད་རྟེན་བརྒྱད་པའི་མདུན་དུ་སླེབས་དུས། པར་རྒྱག་མཁན་འགའ་ལས་མཆོད་མཇལ་བ་མང་པོ་མི་འདུག ཕྱི་དྲོའི་ཆུ་ཚོད་གཉིས་པ་བརྒལ་བས་ནམ་ཟླ་དགུན་ལ་སླེབས་ཀྱང་ཉི་འོད་ཀྱང་མངོན་སུམ་གྱིས་དྲོད་ཁོལ་ལྡན་པར་གྱུར་འདུག
ངས་ལམ་ནས་ཉོས་པའི་ཤུག་པ་དང་བསང་རྩི། བུ་རམ། མཆོད་ཆང་སོགས་ཁྱེར་ནས་ཐད་ཀར་བསང་ཁྲིའི་ཕྱོགས་སུ་ཆས།
བསང་དུད་དགུང་དུ་འཕྱུར་ཞིང་མཆོད་ཆང་གནམ་ལ་གཅོལ་དུས། ངའི་སེམས་སུ་ཁྱོད་ལས་འཁོར་རྒྱུ་མི་འདུག ཡིན་ནའང་ངས་ཁྱོད་ཀྱི་ཆེད་དུ་གསོལ་བ་བཏབ་ན་འགྲིག་མིན་སེམས་ཐག་མ་ཆོད།
ཉིན་དེར་ཁྱོད་ཀྱིས་གྲ་སྒྲིག་ཚགས་སུ་ཆུད་ཅིང་ཁ་ལོ་བ་རྒད་པོ་སོ་དཀར་དེར་ཁ་པར་བཏང་། ཁོའི་རླངས་འཁོར་ནང་ལ་བུད་ཅིང་། ཕ་ཡུལ་གྱི་ཕྱོགས་སུ་འཐེན་པའི་ལུང་རིང་དེའི་ནང་ནས་མར་འབབ་དུས། རྩེ་གཞུང་རྩྭ་ཐང་གི་གྲང་རླུང་ཡང་རླངས་འཁོར་གྱི་རྗེས་དེད་ནས་ར་མདར་ཡོང་གིན་མེད་པ་ཚོར་བས། ལུས་ལ་དྲོད་ཁོལ་ཞིག་རྒྱས་མགོ་བརྩམས་ཤིང་། བློ་གཞི་ནས་བདེ་ལ་བབས། ཁྱོད་ཀྱིས་ཁུག་མ་ལས་ཞོར་ཟས་དང་སྐོམ་ཆུ་བླངས་ནས་ཁ་ལོ་བར་ཁུ་ནག་ཅིག་བྱིན་རྗེས། བུ་མོ་དང་མཉམ་དུ་ཞོར་ཟས་ཟ་མགོ་བརྩམས། བུ་ཚེ་རིང་བསམ་གྲུབ་ཀྱིས་ཁ་ལོ་བ་རྒད་པོ་གཟུགས་ཐུང་དང་མཉམ་དུ་སྐམས་ཤའི་ཐུག་པ་དཀར་ཡོལ་གང་འཐུང་ཟིན་པར་བཤད་པས། ཁ་ལོ་བའི་ལག་གི་ཁུ་ནག་ལ་ཡང་ཡང་བལྟ་བ་ལས་ཞོར་ཟས་ཟ་འདོད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་།
ཁྱོད་ཀྱིས་ཁ་ལོ་བར་སྐམས་ཤའི་ཐུག་པའི་གླ་རྩིས་རྒྱག་ངེས་པར་བཤད་ཀྱང་། ཁ་ལོ་བས་སོ་དཀར་དེས་ཁུ་ནག་དམ་བུ་གང་བོ་ཡར་བཀྱགས་ནས་དེས་ཆོག་པའི་བརྡ་བསྟན།
ཐེངས་ལྔ་དྲུག་ཅིག་ལ་མཉམ་དུ་ལམ་ཐག་རིང་བོར་ཆས་པ་ཡིན་ཡང་། ཁ་ལོ་བ་རྒད་པོ་སོ་དཀར་དེ་དང་ཁྱོད་གཉིས་ཀྱིས་ཁྱོད་ཀྱི་མི་སྒེར་གནས་ཚུལ་ཕར་ཞོག ཁ་བརྡ་ཐུང་ཐུང་མགོ་རྔ་ཅན་ཞིག་ཀྱང་བྱས་མ་མྱོང་། ཁོས་ནམ་རྒྱུན་ཚེ་རིང་བསམ་གྲུབ་ལ་ཁ་བརྡ་བྱས་ཤིང་དྲི་བ་སྣ་ཚོགས་འདྲི་ནའང་། བུ་ཡང་ཁྱོད་དང་འདྲ་བར་ཁོག་པ་གསལ་མོ་ཞིག་ཡིན་པས། ཁྱིམ་གྱི་གནས་ཚུལ་ཅི་ཡང་མ་བཤད།
“བུ་མོ། ཁྱོད་ཀྱིས་ལས་ཚོགས་ཀྱི་ཞོར་དུ་བྱིས་པ་གཉིས་ཀར་བདག་བྱས་ནས་མི་དཀའམ།”
ཡིན་ནའང་ཉིན་དེར་རེབ་གོང་སྟོད་ཀྱི་ལུང་རིང་དོག་མོ་དེ་བརྒྱུད་དུས། ཁ་ལོ་བ་གཟུགས་ཐུང་དེ་ཁ་ཕྱིར་འཁོར་ནས་ཁྱོད་ལ་བལྟ་ཙམ་བྱས་རྗེས་དྲི་བ་རྣོན་པོ་ཞིག་དྲིས།
“གཞན་གྱི་ལག་ལ་འཇོག་པ་ལས། རང་གིས་བདག་བྱས་ན་སེམས་བདེ།”
ནམ་རྒྱུན་དྲི་བ་དེའི་རིགས་ལ་གཡོལ་ཅི་ཐུབ་བྱེད་པའི་ཁྱོད་ཀྱི་ངག་ལས་གློ་བུར་ཚིག་དེ་འདྲ་ཞིག་ཤོར་བས། གམ་གྱི་བུ་ཆུང་གིས་ཁྱོད་ཀྱི་བརླ་ཐོག་ལ་སེན་འབྲད་ཅིག་བྱས་ཤིང་གདོང་ལ་ཅེར་ནས་བསྡད།
བུ་ཆུང་སློབ་ཆུང་ལ་ཡང་སོང་མེད་ཀྱང་རང་མགོ་ཐོན་པར་མ་ཟད། ད་ནི་ཨ་མའི་གཏམ་སྤྱོད་ལ་ཡང་བདག་བྱེད་ཐུབ་མགོ་བརྩམས་འདུག
ཁྱོད་ཀྱི་སེམས་ལ་དེ་ལྟར་དྲན་ཙ་ན། སྐྱོ་བ་ཚད་མེད་ཅིག་གིས་ལུས་ཡོངས་སྦྲིད་པར་བྱས་ཏེ་དབུགས་རིང་ཞིག་ཤོར།
སྐུ་འབུམ་མཆོད་རྟེན་བརྒྱད་པའི་མདུན་དུ། ཡར་སྔོན་གླ་གཏོང་རླངས་འཁོར་གཅིག་ལས་མཉམ་དུ་ཡོང་བའི་སྐྱེས་པ་དེས་སྐོར་བ་རྒྱག་མཁན་ཞིག་ལ་ཁོ་གཉིས་ལ་པར་རྒྱག་ཏུ་འཇུག་བཞིན་འདུག ཁོ་གཉིས་ཀྱི་བཟོ་ལྟ་དེ་མཐོང་ཙ་ན། ང་ལ་སླར་ཡང་དགོད་རྒྱུ་འགོག་མེད་ཅིག་བསླངས།
དེ་ནི་བུད་མེད་དེའི་བཟོ་ལྟ་མཚར་བོ་དེའི་རྐྱེན་གྱིས་མིན་ཏེ། ལམ་རིང་བོར་ངས་སྲང་ལམ་ནང་མོ་མཐོང་ཚེ་ཇི་འདྲ་ཡིན་ནམ་སྙམ་པའི་སྐོར་ནས་བློས་བསླངས་ཡང་ཡང་བྱས་ཤིང་དགོད་ཁ་ཡང་ཡང་ཤོར་བས། བུ་མོ་དེ་མངོན་སུམ་གྱིས་ལམ་དུ་བསྐྱོད་ཅིང་མཆོད་རྟེན་མདུན་དུ་འགྲེང་བའི་བཟོ་ལྟ་མཐོང་དུས་སྔར་བས་ལྷག་པའི་དགོད་བྲོ་བའི་སྣང་བ་ཞིག་མ་བྱིན། ཡོད་ཚད་ངས་ལམ་རིང་བོར་བློས་བསླངས་བྱས་ཤིང་དགོད་ཁ་ཤོར་བ་ལས་མ་འདས་ཏེ། མོའི་ཚོང་རྟགས་གྲགས་ཅན་རྐྱང་བ་ཡིན་པའི་གྱོན་ཆས་གོང་ཆེན་རྩ་ཆེན་དེ་དག་ནི། ཅི་འདྲའི་དོ་མི་མཉམ་པ་ཞིག་རེད་ཨང་།
ང་རང་སླར་ཡང་དགོད་ཁ་ཤོར་དོན་ནི། སྐྱེས་པ་དེའི་གཟུགས་ཀྱི་རིང་ལ་རྨིད་གཅིག་ཚེག་བརྒྱད་ལྔ་ལྷག་དང་། བུད་མེད་དེའི་གཟུགས་ཀྱི་རིང་ཚད་ལ་རྨིད་གཅིག་ཚེག་ལྔ་ལྷག་ལས་མེད་པའི་སྟེང་ལ། སྐྱེས་པ་དེས་ཀྱང་མིག་ཤེལ་ནག་པོ་ཞིག་གི་འོག་ལ་ཟ་ཐུམ་སྔོན་པོ་ཞིག་བརྒྱབ་ཅིང་། པར་ལེན་དུས་ཁོ་གཉིས་ཀས་ཁ་ཐུམ་དང་མིག་ཤེལ་མ་བླངས་པས་ཡིན།
ནད་ཡམས་ཡ་ང་བ་དེ་རྫོགས་པར་བསྒྲགས་ནས་ལོ་འགའ་འགོར་སོང་ཡང་། ཁོ་གཉིས་ཀྱིས་ད་དུང་ནད་ཡམས་ཁྲོད་ཀྱི་མཇལ་སྐོར་བའི་བཟོ་ལྟ་འདྲ་ཞིག་བཏོད་དོན་ཅི་ཡིན་ནམ། དགོད་ཞོར་དུ་མཆོད་རྟེན་བརྒྱད་པར་སྐོར་བ་ལན་གསུམ་བརྒྱབ་ཅིང་། རྗེ་རིན་པོ་ཆེའི་མ་ཡུམ་གྱི་ཆུ་འཁུར་སར་བསྐྱོད་དུས་ངའི་སེམས་ལ་གློ་བུར་དེ་ལྟར་དྲན་ཞིང་ཕྱིར་མིག་ཅིག་བལྟས་པར། ཁོ་གཉིས་མཐོང་ཡུལ་དུ་མི་འདུག
ཁྱོད་རང་སློབ་མཐར་ཕྱིན་ནས་ལོ་བཅུ་འགོར་རུང་གཞུང་ཞབས་པའི་རྒྱུགས་མ་འཕྲོད། གཉེན་བསྒྲིགས་ནས་ལོ་སུམ་ཅུ་སོ་གསུམ་ལ་འབུད་རག་བར་དུ། བྱིས་གཉོར་ཁང་གི་དགེ་རྒན་ཚབ་མ་ཞིག་བྱས་ནས་བསྡད་པའི་རིང་ལ་བུ་ཞིག་སྐྱེས་ཤིང་། མིང་ལ་ཚེ་རིང་བསམ་གྲུབ་ཏུ་བཏགས། རང་ལོ་སུམ་ཐམ་པའི་སྟེང་དུ་སླར་ཡང་མངལ་ཆགས་ཤིང་། སོ་གཅིག་སྟེང་དུ་བུ་མོ་ཞིག་སྐྱེས་པའི་མིང་ལ་ཕག་མོ་གཡུ་སྒྲོན་དུ་བཏགས།
ཁྱོད་ཀྱི་ཁྱོ་ག་ནི་གཞུང་ཞབས་པ་ཡིན་ཞིང་། ཡུལ་ཤུལ་དུ་ཉེན་རྟོག་པའི་ལས་ཀ་གཉེར་བཞིན་ཡོད། སྒྱུག་པོས་ལོ་དུ་མང་ལ་ཁོའི་བུའི་ལས་གནས་སྤར་དགོས་ཟེར་ཡང་། ལས་འཁྱུར་ངལ་གསོ་བྱེད་རག་བར་དུ་དེའི་ཐད་ལ་འབད་པ་ཅི་ཡང་མ་བྱས། སྒྱུག་མོས་ཁྱོད་ཀྱི་ཁྱོ་གས་ཟླ་ཕོགས་ལས་ཕྱེད་ཀ་བླངས་ནས། ལོ་འགར་བསགས་རྗེས་རྫོང་མཁར་ནས་སླར་ཡང་ཁང་བ་ཞིག་ཉོས་མོད། དབྱར་ལ་ཁྱོད་ཀྱི་ཁྱོ་ག་ཡུལ་ལ་ལོག་དུས་མ་གཏོགས། ཁྱོད་ཚོ་ཁང་གསར་ནང་ནས་བསྡད་མ་མྱོང་། དགུན་ལ་ཁྱོད་ཀྱི་ཁྱོ་ག་ཡུལ་ལ་ལོག་ཀྱང་། སྒྱུག་མོས་ཁང་གསར་ཆེ་དྲགས་པས་དྲོད་རླངས་ཉོས་ན་གོང་དཀའ་དྲགས་པར་བཤད་ནས། ཁྱོད་ཚོ་ཁང་རྙིང་ཆུང་ཆུང་དེའི་ནང་ལ་བཙངས་ནས་བསྡད་པས། མཚམས་རེར་ཞེ་སྤོ་གཏིང་ནས་ལངས་པའི་དུས་ཀྱང་ཡོད་མོད། ཁྱོད་ཀྱིས་དེའི་ཐད་ནས་བསམ་འཆར་ཅི་ཡང་བཏོན་མ་མྱོང་།
ཁྱོད་རང་ཉིད་ལ་ཟླ་ཕོགས་སྒོར་སྟོང་གཉིས་ཀྱང་མེད་པས། རྒྱུག་མོས་ནམ་རྒྱུན་ངོ་ཤེས་ཀུན་ལ། ངེད་ཚང་གི་མནའ་མར་ཟ་ཁང་གི་ཞབས་ཞུ་བ་ཞིག་གི་ཡོང་སྒོ་འདྲ་ཞིག་ཀྱང་མེད་པར་བཤད་པའང་། སྙིང་རླུང་སྟོད་ལ་འཚང་བྱེད་ཤ་སྟག་ཡིན་ཡང་། བདེན་པའི་གཏམ་ཡང་ཤ་སྟག་ཡིན་པས། ཁྱོད་ཀྱིས་སྡུག་བསྔལ་ཡོད་ཚད་ཁོག་ལ་བཅུག་ནས་བསྡད།
སྐུ་འབུམ་གསེར་སྡོང་ཁང་ནས་ངས་གསེར་རྐོང་སྒོར་མོ་བརྒྱ་ཅན་ཞིག་བླུས་ནས་དྲངས། ཨ་ཁུ་དེས་སྐར་མ་གཅིག་ལ་ཡང་འདྲེན་དུ་མ་བཅུག་པར་གཟིམས་སོང་ནའང་། ང་ནི་དེ་ལ་སྔར་ནས་ལོབས་ཟིན་པས་རྣམ་རྟོག་ཕྲ་མོ་ཙམ་ཡང་མ་ལངས། ཁྱོད་ནི་ངས་རྟོག་བཟོ་བྱས་པའི་མི་སྣ་ཞིག་ཡིན་ནའང་། ངས་བློ་ཐག་ཆོད་པོས་སྐྱབས་གནས་དཀོན་མཆོག་གསུམ་པོར་ནམ་ཡང་ཁྱོད་ལ་མགོན་སྐྱོབ་གནང་བའི་གསོལ་བ་བཏབ་ཅིང་། སྒོ་ཁར་ཐོན་རྗེས། དད་པ་རྩེ་གཅིག་གིས་ཕྱག་བརྒྱ་དང་བརྒྱད་འཚལ་ཡོད། སྐོར་བ་བརྒྱ་དང་བརྒྱད་བརྒྱབ་ཡོད།
སྐུ་འབུམ་གྱི་གསེར་སྡོང་གི་སྒོ་ཁ་ནས་ངས་སླར་ཡང་ཡར་སྔོན་གྱི་ཕོ་མོ་དེ་གཉིས་མཐོང་བྱུང་། ཁ་ཐུམ་བརྒྱབ་པའི་སྐྱེས་པ་གཟུགས་རིང་དེ་དང་བུ་མོ་གཟུགས་ཐུང་དེ་གཉིས་མཐོང་བྱུང་། ངས་སྐོར་བ་བརྒྱབ་ཚར་ནས་ཕྱིར་ལོག་བསམས་ཏེ་ཁ་པར་ལག་ལ་བླངས་མ་ཐག ཁོ་གཉིས་གསེར་སྡོང་ཁང་ནས་སྒོར་འབུད་པ་དང་འཕྲད། སྐབས་དེར་བུ་མོ་དེའི་བཟོ་ལྟ་ལ་འགྱུར་ལྡོག་ཅི་ཡང་མི་འདུག་མོད། སྐྱེས་པ་དེས་ཁ་ཐུམ་དང་མིག་ཤེལ་བླངས་འདུག ཁོས་ང་མཐོང་མ་ཐག་མྱུར་དུ་འཚམས་འདྲི་བྱས་ཤིང་། ངས་ཀྱང་ཁོར་ལག་འཇུ་བྱས་ནས་དམ་པོར་བསྡམས།
བུ་མོ་ལོ་ཁ་བཀང་ནས་ཉིན་འགའ་ལས་མ་འགོར་བར་ཁྱོད་ཀྱིས་བྱིས་སྙོར་ཁང་གི་ལས་ཀ་དེ་གཡུགས་ཤིང་། བྱིས་པ་གཉིས་ཀྱང་བསྐྱུར་ནས་ཟི་ལིང་དུ་སླེབས་ཏེ། ལོ་འགར་ལྐོག་ནས་བསགས་པའི་སྒོར་ཁྲི་གཅིག་པོ་བྱིན་ནས་ཁང་བ་ཞིག་གླས་ཤིང་། ཁྱོ་གར་ཁ་པར་བཏང་ནས་ཞུ་བ་ཡང་ཡང་བྱས་མཐར་ལོན་པའི་སྒོར་ཁྲི་གསུམ་ལས་གཉིས་ལྷག་བྱིན་ནས་ལོ་གཅིག་ཡུན་གྱི་ཟབ་སྦྱོང་འཛིན་གྲྭ་ཞིག་ལ་ཞུགས་རྗེས། བྱིས་པ་གཉིས་ལ་ཁ་པར་ཡང་མ་བཏང་བར་ཉིན་མཚན་དབྱེར་མེད་ཀྱིས་སློབ་གཉེར་བྱས། ཟིན་བྲིས་བཏབ། མཆན་བཀོད། བློར་བཟུང་།
ཁྱོད་ཀྱིས་དང་ཐོག་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་དུས་ཀྱང་། དཀའ་ལས་དེའི་ཕྱེད་ཙམ་ཡང་བརྒྱབ་མ་མྱོང་།
དེ་ལྟ་ནའང་། ལོ་དེར་ཁྱོད་རྒྱུགས་མང་པོར་ཞུགས་ཀྱང་ཁ་རྒྱུགས་ཀྱི་ནང་དུའང་ཚུད་མ་ཐུབ།
ཕྱི་ལོར་ཁྱོད་ཀྱི་ཁྱོ་གས་དགག་པ་ཚ་རྒྱག་བྱས། བྱིས་པ་གཉིས་ཀྱི་ངོ་ཤོར། སྒྱུག་མོ་ངུས། སྒྱུག་པོས་སྡིགས་ནའང་། ཁྱོད་ཀྱིས་ཁ་ཡ་མ་བྱས་པར་དངུལ་ཁང་ནས་སྒོར་མོ་ཁྲི་ལྔ་བསྐྱིས་རྗེས་སླར་ཡང་ཟི་ལིང་དུ་ལོག
ལས་ལམ་ལ་སོང་བ་ཞིག་ལ་ཁྱོད་ཀྱིས་རང་ལོ་སོ་བཞིའི་སྟེང་ནས་རྩེ་ཁོག་ཏུ་དགེ་རྒན་གྱི་ལས་གནས་ཤིག་ལ་རྒྱུགས་འཕྲོད་སོང་།
ལས་གནས་སུ་ཞུགས་ནས་ཟླ་གཅིག་མ་འགོར་བར། ཁྱོད་ཀྱིས་བུ་བསམ་གྲུབ་ཚེ་རིང་གི་སློབ་གྲྭ་རྩེ་ཁོག་ཏུ་སྤར་ཞིང་། བུ་མོ་ཡང་ཁྲིད་ནས་སླེབས།
ཁྱོད་ཀྱི་སྒྱུག་མོས་བྱིས་པ་བསྙོར་མི་དགོས་པས་ཁོག་ནས་དགའ་ཡོད་མོད། ཁྱོད་ཀྱི་ཨ་ཕར་ཁ་པར་བཏང་ནས་ཁྱོད་ཀྱི་ངན་བཤད། བླ་བཙགས།
དེ་ལྟ་ནའང་ཁྱོད་ཀྱིས་སྒྱུག་མོར་ཅི་ཡང་མ་བཤད།
དེ་ནས་བཟུང་ཁྱོད་རང་གནས་ཚང་དུ་ལོག་ཚད་རིམ་བཞིན་ཇེ་ཉུང་དུ་ཕྱིན་ཞིང་། བར་སྐབས་ཤིག་ནས་བཟུང་ལོག་མཚམས་ཆད་སོང་། དང་ཐོག་ཕ་མ་གཉིས་ཀྱིས་ཁྱོད་རང་དབྱར་གནང་ངམ་དགུན་ནང་གི་སྐབས་སུ་ཅིས་ཀྱང་གནས་ཡུལ་ལ་མངགས་དགོས་བསམས་ཀྱང་། ཁྱོ་ག་ཚང་ནས་འབོད་དུ་སླེབས་མཁན་གཅིག་ཀྱང་མ་བྱུང་བས། རིམ་བཞིན། ཤེས་མེད་ཚོར་མེད་ངང་། ཁྱོད་རང་བྲོས་མོལ་དུ་སོང་ནས་རུལ་སོང་བ་ལྟ་བུ་ཞིག་ཏུ་གྱུར།
སྐུ་འབུམ་གསེར་སྡོང་གི་སྒོ་ཁ་ནས་རིན་ཆེན་དོན་གྲུབ་སྒལ་རིང་འཛུམ་དམུལ་དམུལ་ངང་ཚུར་སླེབས་པ་མཐོང་མ་ཐག ང་རང་རྦད་དེ་ཧད་སོང་། ངའི་ལག་པས་ཁོའི་ལག་པར་དམ་པོར་འཇུས་ཡོད་ནའང་། ངའི་མཐོང་ལམ་སྐད་ཅིག་ཉིད་ལ་མག་མོག་ཏུ་གྱུར། རྣ་ལམ་འུར་སྒྲ་ཞིག་གིས་བཏུམས། རང་གི་མིག་ལ་ཡིད་མི་ཆེས་པ་ལྟ་བུ་ཞིག་བྱུང་།
རིན་ཆེན་དོན་གྲུབ་སྒལ་རིང་གིས་ང་ལ་སྐད་ཆ་མང་པོ་ཞིག་བཤད་སོང་ནའང་། ངས་ཁོས་ཅི་བཤད་ཕར་ཞོག ང་རང་ཉིད་ཀྱིས་ཅི་ཞིག་བཤད་པའང་དྲན་རྒྱུ་མི་འདུག ཁོའི་གམ་གྱི་བུ་མོ་དེར་འཚམས་འདྲི་ཞིག་བྱེད་བསམས་ཀྱང་། བུ་མོ་དེ་ནི་ཁྱོད་རང་མིན་པ་འདྲ་བས། ལན་འགར་བལྟ་ཙམ་བྱས་པ་ལས་ཅི་ཡང་མ་བཤད།
རིན་ཆེན་དོན་གྲུབ་སྒལ་རིང་ཡང་། ངས་ཁྱོད་ཀྱི་གཏམ་རྒྱུད་ཁྲོད་ནས་རྟོག་བཟོ་བྱས་པའི་མི་སྣ་ཞིག་ཡིན་ངེས་པ། ང་རང་ཉིད་ལ་གསལ་གསལ་ཞིག་གཞན་སུ་ལ་ཡང་མི་གསལ་མོད། དངོས་ཡོད་ཁྲོད་ཀྱི་ངོ་ཤེས་ཤིག་རྙིང་བ་ཞིག་དང་ཁྱད་པར་ཅི་ཡང་མི་འདུག
ཁྱོད་རང་རྩེ་ཁོག་ནས་ཁ་ལོ་བ་སོ་དཀར་དེའི་རླངས་འཁོར་ལ་བསྡད་དེ་ཡུལ་ལ་འབྱོར་དུས་ཕྱི་དྲོའི་ཆུ་ཚོད་ལྔ་བར་ཐོན་འདུག ཁྱོ་ག་ཡུལ་ཤུལ་ནས་ཁོ་ཀྲང་ཞིག་ལ་བསྡད་རྗེས་ཁོའི་ཨ་ཕའི་བཀོད་པ་ནང་བཞིན་ཕ་ཡུལ་དུ་ལས་གནས་སྤར་ཞིང་། ཤང་ཀྲང་གཞོན་པ་ཞིག་གི་འགན་ཁུར་ནས་ལོ་གཅིག་འགོར་ལ་ཉེ་ཡང་། རྩེ་ཁོག་ཏུ་ཁྱོད་མ་བུ་གསུམ་པོར་ལན་གཅིག་ལའང་་སྐོར་རྒྱག་ཏུ་ཡོང་མ་མྱོང་བར་མ་ཟད། བདུན་ཕྲག་གཅིག་གི་ཐེངས་གཅིག་གཉིས་རེར་འཕྲིན་ཐུང་སྐུར་ཏེ་བྱིས་པ་གཉིས་ཀར་མཚམས་འདྲི་རེ་བྱེད་པ་མ་གཏོགས། ཁ་པར་ཐེངས་གཅིག་ལ་ཡང་བཏང་མ་མྱོང་།
དེ་ལྟ་ནའང་། ཁྱོད་ཀྱིས་ཁོར་ལེ་བདའི་ཚིག་གཅིག་ཀྱང་བཤད་མ་མྱོང་།
ཉིན་དེར་ཁྱོད་རང་ཁྱིམ་དུ་འབྱོར་དུས། ཁྱོད་ཀྱི་ཨ་མས་ཁྱོད་ལ་ཡུན་རིང་སེམས་སུ་ཉར་བའི་གསང་བ་ཞིག་བཤད།
“བུ་མོ། ཁྱོད་ཀྱི་སེམས་མ་སྡུག་དང་། ཚེ་རིང་དོན་གྲུབ་སྒལ་རིང་གིས་ཡུལ་ཤུལ་ནས་བུ་མོ་ཞིག་ཀྱང་རྗེས་ལ་ཁྲིད་ནས་ཡོང་འདུག་ཟེར། ཁོ་གཉིས་ཀྱིས་ཡུལ་ཤུལ་ནས་ལོ་འགར་མཉམ་དུ་འཚོ་བ་རོལ་བར་མ་ཟད། བུ་ཞིག་ཀྱང་སྐྱེས་འདུག ཕག་མོ་གཡུ་སྒྲོན་ལས་ལོ་གཅིག་གིས་ཆེ་བ་འདྲ།”
ལོ་གཅིག་ཡར་སྔོན་གྱི་དབྱར་གཞུང་ཞིག་ལ་ང་རང་ཕ་ཡུལ་ནས་ཟི་ལིང་དུ་ལོག་དུས། གླ་གཏོང་ཁ་ལོ་བ་དེས་ང་ལ་རྩེ་གཞུང་རྩྭ་ཐང་གི་རྫོང་མཁར་ཆུང་ཆུང་དེ་རུ། བུད་མེད་དགེ་རྒན་ཞིག་གིས་ལོ་གཉིས་གསུམ་ཅན་གྱི་བུ་མོ་ཞིག་རྒྱབ་ཏུ་ཁུར། ལོ་དྲུག་བདུན་ཅན་གྱི་བུ་ཆུང་ཞིག་ལག་པས་ཁྲིད། ཁུག་མ་ཆེན་པོ་གཉིས་ལམ་འགྲམ་དུ་བཞག་ནས་ཁོ་ལ་ཐེངས་མང་པོར་བསྒུགས་པའི་དོན་ཞིག་བཤད་བྱུང་། ཁོས་བུད་མེད་དེ་ལོ་གཉིས་གསུམ་ཞིག་ལ་ཡར་སྐྱེལ་མར་ལེན་བྱས་བྱས་མྱོང་ནའང་། ཁ་ཤིན་ཏུ་སྲ་མོ་ཞིག་ཡིན་པས། མོའི་གནས་ཚུལ་ཅི་ཡང་འདྲི་མ་ཐུབ་པར་བཤད།
དེ་ནས་བཟུང་། ངས་ཁྱོད་རང་རྟོག་བཟོ་བྱེད་མགོ་བརྩམས་མོད། ང་རང་ཕ་ཡུལ་དང་རིང་དུ་གྱེས་པའི་བུད་མེད་དགེ་རྒན་ཁྱོད་ཀྱི་འཚོ་བའི་ཞིབ་ཆ་ལ་རྒྱུས་ཅི་ཡང་མེད་པས། ཡུན་རིང་བློས་བསླངས་བྱས་པའི་སྒྲུང་དེ་ཡང་འགྲུབ་མ་ཐུབ།
དེ་ལྟ་ནའང་། ངས་ནམ་ཡང་རྟོག་བཟོ་ཁྲོད་ཀྱི་མི་སྣ་ཁྱོད་ལ་ཉེ་བར་བཅར་ཐུབ་ན་ཅི་མ་རུང་ཨང་སྙམ་བཞིན་ཡོད།
ཁྱོད་ཀྱི་ཨ་མས་མིག་ཆུ་བཞུར་བཞིན་ཁྱོད་ལ་ཡུན་རིང་སེམས་སུ་བརྣགས་པའི་གསང་བ་དེ་བཤད་པ་ན། ཨ་ཕས་མོར་སྡང་མིག་བགྲད་ཅིང་སྡིགས་དམོད་བྱས།
དེ་ལྟ་ནའང་། ཁྱོད་ཀྱི་གནམ་འགྱུར་ལ་འགྱུར་ལྡོག་ཅི་ཡང་མ་བྱུང་བར་མ་ཟད། ཨ་མས་བཙོས་པའི་ཞོག་ཁོག་གི་རླངས་ཚོད་དེ་རེ་རེ་བླངས་ཤིང་། རེ་རེར་ཁུང་བུ་ཆུང་ཆུང་རེ་བཏོད། དེའི་ནང་དུ་ཕུ་བཏབ་ནས་འཁྱག་ཏུ་བཅུག་རྗེས། བུ་མོ་ཕག་མོ་གཡུ་སྒྲོན་གྱི་ལག་ཏུ་གཅིག་བཞག བུ་ཚེ་རིང་བསམ་གྲུབ་ཀྱི་ལག་ཏུ་གཉིས་བཞག རང་ཉིད་ཀྱིས་སླར་ཡང་གཅིག་གི་ཐོག་ལ་སོ་ཆུང་ངུ་ཞིག་བཏབ་རྗེས། ནང་ལ་དམར་ཁ་ཚ་བླུགས་ནས་ཟོས།
བུ་ཚེ་རིང་བསམ་གྲུབ་ཀྱིས་དམར་ཁ་ཚ་ཟ་འདོད་པར་བཤད་ཀྱང་ཁྱོད་ཀྱིས་ཟ་རུ་མ་བཅུག
རླངས་ཚོད་ནི་ཐབ་ནས་བླངས་མ་ཐག་ཡིན་པས་རླངས་པ་ཐོ་ལོ་ལོ་བྱེད།
བུ་མོ་ཕག་མོ་གཡུ་སྒྲོན་གྱིས་རླངས་ཚོད་ཟ་བའི་བཟོ་ལྟ་དེས་ཁྱོད་ཀྱི་ཨ་ཕའི་ངག་ཀྱང་ལྐུགས་པར་བྱས། ཁྱོད་ཀྱི་ཨ་མར་སྙིང་རྗེ་དང་སེམས་འགུལ་ཚད་མེད་ཐེབས་ནས་མྱུར་དུ་ཚ་མོ་པང་དུ་བླངས་ནས་གཅེས་བྱས།
“ད་ནི་ཚ་བོ་མ་ཟད། ཚ་མོ་ཡང་ལག་ཆགས་འདུག ལོ་འགའ་འགོར་ན་ཁྱོད་ཀྱི་ཨ་མར་འདང་རྒྱག་ཡོད་རྒྱུ་མ་རེད།”
སྐབས་དེར་ཁྱོད་ཀྱིས་རང་ཁྱིམ་གྱི་ཉིན་ལ་ཕྱོགས་པའི་ཚ་ཐབ་ཀྱི་སྟེང་དུ། ནུབ་ཁའི་ཉི་ཐིག་སེར་ལ་དྲོད་ཁོལ་ལྡན་པ་ཞིག་འཕྲོས་འདུག་པ་མཐོང་།
2025ལོའི་ཟླ9བའི་ཚེས21ཉིན།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

