བུ་ལོ། ངས་ཁྱོད་རང་དྲན།

བཞོ་ཟེའུ།(བླ་བྲང) 琼迈文学网 2025-09-23

  ཨ་ཕ་དང་ཨ་མའི་ལྷད་མེད་པའི་བརྩེ་དུང་གི་ས་ལུད་ཞིང་ལ་བུ་ལོ་ཁྱོད་ཀྱི་ཚེ་སྲོག་གི་ས་བོན་བཏབ་ཉིན་ནས། ཡུལ་གྱི་ངོ་བོ་རྣམ་པར་རིག་པའི་ཤེས་པ་དང་། གདོས་བཅས་ཀྱིས་གྲུབ་པའི་ཕུང་བོ། ཆོས་ཐམས་ཅད་ཀྱི་བག་ཆགས་བསྒོ་བའི་སེམས་པ། ལྷན་སྐྱེས་ཀྱི་ཚེ་སྲོག་གཉོམ་པོ། ཆ་མེད་ཀྱི་ཁ་སྒོ་སྐྱེ་འབྲས་བཅས་ནམ་ཞིག་འཇིག་རྟེན་དཀར་ངོགས་ཀྱི་ལྷིང་འཇགས་དཀྲོགས་ནས་བསླེབ་པར་བསྒུག

  ཨ་མ་ངའི་མངལ་གྱི་གཤིན་ས་རུ་ཁམས་དཀར་དམར་གྱི་ས་བོན་ལས་བསྐྱེད་པའི་རྣམ་ཤེས་ཀྱི་མྱུ་གུ་སྔོན་པོ་འབུས་ཐུབ་པ་ནི། ཁྱོད་དང་བདག ཨ་ཕ་གསུམ་གྱི་ཚེ་རབས་སྔོན་མའི་ལས་དབང་ལ་གསང་བ་ལྐོག་གྱུར་གྱི་མདུད་པ་ཐེབས་པས་ཡིན་ལ། ངའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་གསེང་ན་ཁྱོད་ཀྱི་ཚེ་སྲོག་ཆུང་ཆུང་གིས་བསྐྱེད་པའི་ལྷན་སྐྱེས་ཀྱི་ཤ་ཚུགས་དེ་གྲུབ་ཀྱིན་འདུག

  བུ་ལོ་ཁྱོད་དང་ངའི་ལས་འབྲེལ་གྱི་མདུད་པ་དེ་མ་བུ་ཞེས་པའི་ཡིག་འབྲུ་གཉིས་ལ་བསྒོས་ཉིན་ནས། ཉིན་མཚན་རེ་རེའི་ལུས་སེམས་ཀྱི་ངལ་དུབ་བར་ན། དགའ་སྐྱོ་ཆགས་སྡང་གི་སེམས་འགྱུའི་ཁྲོད་ན། ལྟེ་ཐག་ཕྲ་མོའི་ཟུངས་ཁྲག་གི་རྒྱུ་ལམ་བར་ན། ཨ་མའི་ནང་སེམས་ཀྱི་བདེ་སྡུག་དེ། གཉོམ་ཞིང་ཆུང་བའི་ཁྱོད་ཀྱི་སྙིང་ལ་སིམ་སིམ་དུ་འབབ་བཞིན་ཡོད།

  ཨ་མའི་ལུས་ཁམས་བདེ་ཞིང་སེམས་ཁམས་སྐྱིད་པའི་བདུན་ཕྲག་རེ་རེར། མངལ་གྱི་ཁང་བཟང་ན་འཚོ་བའི་ཁྱོད་ཉིད་ལྟོས་བཅས་ཀྱིས་ཆེ་རུ་ཕྱིན་ཅིང་། སེམས་པ་རྣལ་ལ་ཕབ་ཏེ་མཉན་པར་བྱས་ན། ལྷེམ་ལྷེམ་རྒྱུ་བའི་དབུགས་རྒྱུན་དང་སྙིང་ཆུང་ཏིག་ཏིག་ལྡིང་བ་ཡང་ཚོར་ཡོང་། ཡང་ཟོར་ལྡན་པའི་ལག་པས་ག་ལེར་ཉོབ་ཉོབ་དང་བྱིལ་བྱིལ་བགྱིད་ཚེ། སྲ་ཞིང་མཁྲེགས་པའི་མགོ་བོའམ་པུས་མོ། རྐང་ལག་གི་ལྷུ་ཚུགས་གང་རུང་ཞིག་གིས་ཕོ་བར་འབུར་ཙམ་འབུར་ཙམ་དུ་གཏོད་པར་བྱེད་ལ། ཁྱོད་རང་བདེ་མོ་འཚམ་པོས་ལག་ཆགས་བཞིན་པའི་སྣང་ཚུལ་རྟོགས་པར་འགྱུར།

  ཟླ་དགུ་ཞག་བཅུའི་རིང་ལ། ཁྱོད་རང་མ་ངའི་མངལ་ན་འཚོ་ཞིང་མ་ང་ཡང་ཁྱོད་དང་ལྷན་ཅིག་ཏུ་གནས་པས་ན། གཅིག་ལ་གཅིག་རྟེན་གྱི་རྟེན་འབྲེལ་རང་བཞིན་གྱིས་ངའི་ཉལ་འགྲེང་འཆག་གསུམ་དང་འགྲོ་འདུག་སྤྱོད་གསུམ། དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཡོད་ཚད་ལས་ཁྱེད་ལ་ཡང་རང་ལ་དབང་བའི་འབྱུང་ཁམས་ཤིག་གྲུབ་མུས་སུ་མཆིས།

  བུ་ལོ། ཁྱོད་ཀྱི་གཉོམ་ཞིང་དུངས་པའི་སྙིང་གི་འཕར་སྒྲ་ལས་ངས་ཐོག་དང་པོར་རང་ཉིད་རང་ཉིད་ཀྱི་ཆེད་དུ་གསོན་པ་མིན་པར། རང་ལས་གཅེས་པར་འཛིན་པའི་ཚེ་སྲོག་གཞན་ཞིག་ལ་འགན་འཁུར་བའི་རྟོག་པ་རྙེད་བྱུང་།

  ཁྱོད་རང་ཐོབ་པ་ནས་ཨ་མས་ལོ་ངོ་ལྔའི་རིང་གི་བརྩེ་དུང་ཞིག་ལ་བཅོལ་བའི་བརྗོད་དོན་དང་། ནང་སེམས་སུ་བཅངས་པའི་ཡིད་ཆེས། རྣམ་པར་དག་པའི་ལྷག་བསམ་བཅས་ཀྱི་ངོ་བོ་རྟོགས་ཤིང་། ཨ་ཕ་ཡི་བྱམས་བརྩེའི་དྲོད་འཁོལ་ཡང་ཁྱོད་དང་ངའི་ཚེ་སྲོག་གི་མེ་ཏོག་གསོ་བའི་དཔལ་དུ་སྨིན་ལགས་པས། བརྩེ་བ་ཟབ་པའི་ཕ་མ་ཞིག་གིས་བསྐྱེད་པའི་བྱིས་པ་ཉིད་ཀྱི་སེམས་ཁམས་ཀྱང་བདེ་ཐང་ཞིག་མིན་པ་ཅི་ལ་སྲིད་སྙམ་པའི་ཡིད་ཆེས་རྙེད་སོང་།བསོད་ནམས་ཀྱི་བགོ་སྐལ་ལ་མ་ངའི་མངལ་དུ་ཁྱོད་རང་འཁོར་ཉིན་གྱི་ཉིན་ཞག་ལྔ་བརྒྱ་བཞི་བཅུ་ལྷག་རིང་། ཨ་ཕའི་ཕྱག་ཟུང་དྲོན་མོས་ངའི་འབུར་དུ་དོད་པའི་ཕོ་བར་བྱིལ་བྱིལ་བགྱི་ཐེངས་རེར། དུངས་པ་ཟབ་མོས་རྣ་བ་གླགས་ཏེ་ཁྱེད་ཀྱི་གྲགས་འགུལ་ལ་ཉན་ཐེངས་རེར། གསུང་སྐད་སྙན་མོས་གཅེས་ལོ་གཅེས་ལོ་ཞེས་ཁྱེད་ལ་འབོད་ཐེངས་རེར། རྐང་ཤེད་ལག་ཤེད་བགྱི་བའི་སྣང་ཚུལ་དེས་ཨ་ཕ་དང་ང་ལ་ཚེ་སྲོག་ཅིག་གི་ཁྱད་མཚར་དང་དྲན་རྟོག་དཔེ་མེད་སྦྱིན་བྱུང་། དེ་ནི་ཨ་ཕ་དང་ཨ་མ་མི་ཚེ་འདིར་ཐེངས་དང་པོར་ཕ་མར་གྱུར་བའི་བདེ་སྐྱིད་དང་སྤྲོ་སྣང་ཡིན།

  བུ་ལོ། ཁྱོད་རང་འཇིག་རྟེན་དཀར་ངོགས་སུ་སླེབས་དུས་ན། གནམ་ལྕགས་ཐོག་ལས་མྱུར་བའི་ཟུག་གཟེར་དང་། རྦབ་རྡོ་རི་ལས་འགྲིལ་བའི་ཟིལ་རྔམ་ཆེ་བ་ནི་ཨ་མ་མ་གཏོགས་མི་ཚོར་ལ། ཨ་ཕ་མ་གཏོགས་མི་མཁྱེན་པས་ན། མི་ཚེ་འདིར་ན་ཟུག་དེ་ཁྱེད་ཀྱིས་ལྷག་པར་རྟོགས་ཐབས་ག་ལ་ཡོད།

  བུ་ལོ། ཁྱོད་རང་ཁྱེའུ་དམར་འབྱར་ཞིག་ནས་ན་ཆུང་བྱིས་པ་ཞིག་ཏུ་ནར་སོན་པའི་དུས་ཚོད་སྐར་ཆ་རེ་རེར། དྲིན་ཕ་མ་གཉིས་ཀའི་བརྩེ་བའི་སེམས་ཀྱིས་གསོས། ཕྱག་ཟུང་དྲོན་མོས་བསྐྱངས།ད་ནི་ཕོ་ལོ་བཅོ་ལྔར་བསླེབ་པར་ཟླ་ངོ་འགའ་ལས་མེད་ཀྱང་། ཨ་ཕ་དང་ཨ་མའི་དྲན་ངོགས་ན་ཁྱེད་ནི་ནམ་ཡང་རང་བློ་མ་སྨིན་པའི་བྱིས་པ་བསམ་མེད་དེ་ལས་མ་འདས།

  ཨ་མའི་ཧམ་པ་ལ་ཁྱོད་རང་སྐྱེས་པ་ཕོ་ལུས་ཤིག་ཐོབ་དོན་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བྱིངས་པའི་ཐབས་མཆོག་དམ་པ་སྟེ། ཁྱིམ་པ་བའི་འཚོ་བ་དང་རིང་དུ་གྱེས་ནས་རང་གི་སེམས་རྒྱུད་འདུལ་མཁས་པའི་གྲྭ་བ་ཞིག་འེ་འཁྱོངས་བླ་ལྷག་ཏུ་འདོད་ཀྱང་། ངེད་ཕ་མ་གཉིས་ལ་སྔོན་བསགས་ཀྱི་ཆོས་འབྲེལ་ལམ་བསོད་ནམས་ཀྱི་རྒྱུ་ནི་སྟོང་བ་འདྲ་སྟེ། ཁྱོད་ཉིད་ལ་ཡང་བསྟན་འཛིན་གྱི་སྐྱེ་བོ་ཞིག་གི་བླ་མེད་ཀྱི་བག་ཆགས་དེ་མི་མངའ་བར་གདའ།

  དེ་ལྟ་ན་ཨ་ཕ་དང་ཨ་མ་གཉིས་ཀས་ཁྱོད་ཉིད་ནི་གཞན་ལས་ལྷག་པའི་བྱིས་པ་ཁྱད་པར་བ་ཞིག་ཏུ་འགྱུར་བར་རེ་བ་ཏིལ་ཙམ་ཡང་འཆང་གི་མེད་ལ། རང་རྒྱུད་ན་ལྷག་བསམ་དཀར་བ་དང་། བྱམས་སེམས་ལྡན་པ། འདོད་ཆུང་ཆོག་ཤེས། ཟོལ་མེད་བབ་ཆགས། གཤིས་བཟང་སྤྱོད་བཟང་ལ་སོགས་ཀྱི་རྒྱུ་ལྡན་པའི་མི་ཡ་རབས་ཤིག་ཏུ་འགྱུར་བར་རེ་བས་ན། ནམ་ཞར་གཡའ་དག་པའི་བྱིས་བློའི་མཁའ་དབྱིངས་སུ། མི་གཞི་འགངས་ཆེན་གསེར་ལས་ལྷག་པ་ཞིག་དང་། མི་ཆོས་གཙང་མའི་ཀུན་སྤྱོད་ལྡན་པ་ཞིག འཇུག་བྱའི་གནས་ལ་འབད་པས་གཞོལ་མཁན་ལ་སོགས་ཀྱི་ཤེས་བྱའི་འོད་སྟོང་འགྱེད་པའི་རེ་བཞག་ཐལ་ཆེ་དྲགས་པས་ན། ནང་སེམས་པདྨ་དཀར་བོར་ཤོང་དཀའ་བའི་ཚིག་སྐྱོན་གྱི་དྲི་མ་གོས་སྲིད་ལ་མི་འདོད་པའི་ལེ་བདའ་ཡང་མང་པོ་ཡོད་སྲིད་མོད། ཁྱོད་ནི་ནམ་ཡང་ཕ་མ་གཉིས་ཀའི་ཡ་ཆུང་གི་སྙིང་དང་དཔྲལ་བའི་མིག ཚེ་ཡི་འཚོ་ཡ་དང་སྲོག་གི་ཕྱེད་ཀ་ཡིན་པར་ཁ་ཚོན་གཅོད་ལོས་ཐུབ།

  བུ་ལོ། ཁྱོད་རང་སློབ་གྲྭར་ཞུགས་ནས་ཟླ་ངོ་གཅིག་ཙམ་ལས་འགོར་མེད་ན་ཡང་། ཨ་ཕ་དང་ཨ་མའི་ནང་སེམས་དེ་རང་དབང་མེད་པར་དྲན་པའི་བསིལ་རླུང་གིས་དེད་དེ། དྲན་གདུང་གང་དེ་སྟོན་ཁའི་སྡོང་ལོ་བཞིན་གང་སར་ཐར་ཐོར་དུ་ལྷུང་གིན་འདུག བུ་ལོ། ཁྱོད་ཀྱི་ཁྲ་ཆུང་མིག་གིས་མཐོང་བྱུང་ངམ། སློབ་གླིང་དེ་གའི་མཁའ་དབྱིངས་ན་དྲི་བཞོན་ལ་ཞོན་ནས་འཕུར་བཞིན་པའི་ལོ་མ་སེར་བོ་དེ་དག ངེད་ཕ་མ་གཉི་ཀས་བུ་ཆུང་ཁྱོད་ལ་བསྐུར་བའི་དྲན་གདུང་ཡིན་ལགས།

  བུ་ལོ། གནས་ལྔ་རིག་པའི་དགའ་ཚལ་དེ་ནས། མ་འོངས་པའི་འདོད་འདུན་འཚོལ་ཕྱིར་རྒོད་པོ་བཞིན་དུ་གནམ་འཕང་གཅོད་ལ་འབུངས་ཤིག་ཨང་།

           ༢༠༢༡ལོའི་ཟླ༡༠ཚེས༢༤ཉིན་རིམས་ནད་ཀྱི་ཚ་རླབས་འཕྱུར་བའི་སྐབས་འདིར་བུ་ཆུང་དྲན་པས་སྦྱར།

                      ༢༠༢༤ལོའི་ཟླ༩པར་བཅོས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བུ་ལོ། ངས་ཁྱོད་རང་དྲན།

2025-09-23 བཞོ་ཟེའུ།(བླ་བྲང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།