ལམ་ཕྲ་མོ་དར་སྐུད་འཐེན་འདྲ་རེད།
ཞོགས་པ་འདིར། གུས་ཕྲན་སླར་ཡང་གློག་འོད་ཟ་ཟི་ལྡེམ་པའི་གྲོང་ཁྱེར་དང་ཁ་བྲལ། མི་ཚོགས་འཚང་ཁས་བད་པའི་འདུ་འཛི་དང་རྒྱང་བཀྱེད། ཁྱིམ་མཚེས་འགྲོ་འོང་མེད་པའི་གཞིས་ཁུལ་དང་རྒྱབ་ཕྱོགས་ཏེ། ཉག་རོང་ས་ཡི་མདུད་པ། རྒྱལ་རོང་ཆུ་ཡི་མདུད་པ། མགོ་ལོག་རླུང་གི་མདུད་པ་ཞེས་གྲགས་པའི་མདོ་ཁམས་ས་ཡི་མདུད་གསུམ་གྱི་ཡ་གྱལ་ཏེ། མགོ་ལོག་རླུང་གི་མདུད་པའི་ཁུགས་སོ་ལ་འགྲོ་བཞིན་ཡོད་ཅིང་། བརྗིད་ཆགས་གངས་ཀྱི་ཟེ་བ་དགུང་ལ་སྙེག་ས། རྩེ་རྣོན་རྫ་རིའི་ཟུར་ཁས་རླུང་བུ་གཤག་ས། རྔམ་ཆེན་བྲག་གི་ཐེམ་པས་པོ་ཏི་བརྩིགས་ས། ལྷུན་སྟུག་ནགས་ཀྱི་རྒྱལ་མོར་འདབ་ཆགས་རྩེན་སའི་མདོ་ཁམས་མགོ་ལོག་ལ་ཆེད་གཉེར་གྱིས་འགྲོ་ཐེངས་དང་པོའང་ད་རེབ་ཡིན།
མི་ཚེ་འདིར། གུས་ཕྲན་གྱི་ལས་སྐུད་ཕྲ་མོ་འདི་ལྟར་རི་ཐང་གཉིས་ལ་ངོམས་མེད་ཀྱིས་འཐེན་དགོས་ཚོད་འདུག དབུགས་ངལ་གསོ་ལོང་མི་སྟེར་བའི་ལས་ཚེགས་ཀྱིས་རབ་ཏུ་མནར་ཡང་། རྡོག་ཁྲེས་ཆུང་ངུ་ཕྲག་ལ་ཁུར། རྨ་ཆུ་ལི་མ་ཡོབ་ལ་དྲངས། ལམ་སྐྱ་མོའི་ཁ་ཞེང་ཐད་དུ་བགོས། ཐག་རིང་ཐུང་གཉིས་ཀ་གཏམ་གྱིས་བཅད། སྨུག་ལ་ལོང་ནང་ནས་ཞེ་རྩ་སྨྲེང་། གཞས་ལྡ་ལྡི་བླངས་ནས་རི་ཡུལ་བསྐོར། ས་མཐའ་ཡུལ་དུ་བྱས་ཏེ་རྡོག་པ་ལམ་ནས་ཟད་རྒྱུ་འདི། ང་དང་ངའི་རོགས་པ་དག་གི་སྐྱེ་བ་སྔ་མའི་བཀོད་ཐང་ཡིན་པ་འདྲ། དེ་རིང་ཡང་ཁོ་བོ་ཅག ཙོང་ལ་རིང་མོའི་ལྷོ་བྱང་གི་ཆ། ཁམས་ཀྱི་གཡེར་མོ་ཐང་སྟེ། ཤར་མདོ་སྨད་ཙོང་ཁ་སྤྲུལ་པའི་ཞིང་ནས་ལམ་ལ་ཆས་ཏེ། རྨ་དྲོ་དྲོ་ལུ་གུའི་མཁལ་ཁུགས། རླུང་བསེར་བུས་རྩྭ་ཁྲལ་འཇལ་ས། ཆུ་གཙང་པོས་ཤིང་ཁྲལ་འཁུར་ས། གླག་རོག་མོས་ཤ་ཁྲལ་སྟེར་སར་གྲགས་པའི་ཁྱུང་མགོན་རི་བོའི་མདུན་གྱི་རྨ་ཆུ་འཕྲེད་གཅོད་སྒོས། སྲིད་པའི་ཟོ་དོར་ཆེན་མོ་རྨ་རྒྱལ་སྦོམ་རའི་རུམ་ཁ་སྟེ། བཅུ་འཛོམས་གཡང་གི་ར་བ་རུ་འགྲོ་བཞིན་ཡོད་ལ། ཚུལ་འདི་ཡིས། ཁོ་བོའི་ལས་ཡུས་སུ་འགྲོ་བའི་གཏིང་གི་སྡིག་གྲིབ་མཐའ་དག་སངས་ཏེ། སླར་ཡང་དགའ་མགུའི་རྩེ་མོ་ཞིག་ཏུ་སྐྱོན་གྱིན་འདུག
ལམ་ཁ་འདིར། ལས་གྲོགས་ཀྱིས་བྱ་རྨྱང་ཞིག་བྱེད་ཞོར། གུས་ཕྲན་ལ་རྨ་སྔོན་མོའི་ཁོག་ཆེན་བཅོ་བརྒྱད་ཀྱི་ནང་གསེས། སྟོང་ཁོག་དང་དབྱིག་ཁོག་གཉིས་ལ་འབྲེལ་བའི་ངག་སྒྲོས་མང་པོ་ལབ་ཀྱིན་འདུག་ཅིང་། སྟོང་དབྱིག་ཁ་སྒང་རིང་མོ། གཡག་སོ་དྲུག་ཙག་གིས་འཁེང་ས། རྐྱང་ཁ་དཀར་རླུང་གིས་འཁུར་ས། སྟག་ཤ་རས་ཨ་མ་འབོད་ས་ཞེས་ཀྱང་ཤར་ཤར་དུ་བཤད། ང་རང་བུས་པ་ཞིག་ལྟར། ཚུལ་དེ་ལ་རྣ་གཤོག་ཧར་གྱིས་གཏད་ནས་ཡུན་རིང་དུ་སྡོད་དགོས་བྱུང་། གཏམ་དང་སྐུ་རྩེད་ཟུང་གི་བདག་ཉིད་དུ་ཡོད་པའི་གྲོགས་པོ་འདི། རང་བཞིན་གྱིས་གཏམ་ལ་མཁས་ཤིང་མཐོང་ཡེལ་ཆེ། ཁོས་ང་ལ་སྟོང་དབྱིག་ཁ་སྒང་རིང་མོ་དང་སྟོང་གི་བྲག་ཐོ་ཁྲ་ལོག སྟོང་གི་མཛོ་རྒན་རྭ་བར། རྨ་སྟོད་སྟོང་རི་མཚོ་ནག སྟོང་དབྱིག་སེ་ལེ་གོང་ཁ། སྟོང་ཁོག་ཆོས་ལུང་དཀར་མོ། དབྱིག་ཁོག་སེང་གེ་བརྒྱ་འདུས་སོགས་ཀྱི་ངག་སྒྲོས་དག་ཀྱང་། ཐ་སྙད་ཀྱི་སྒྲིབ་གཡོག་མེད་པར་གཅེར་མཐོང་དུ་ངོ་སྤྲོད་ཀྱིན་འདུག་པས། ངས་དམིགས་པ་མཐའ་དག་རྩེ་གཅིག་ཏུ་བསྡུས་ནས། གྲོགས་པོའི་གཟབ་ཉམས་དང་བཅས་པའི་གཏམ་ཚོགས་ལ་གསལ་གསལ་དག་དག་ཅིག་མཉན་པ་ཡིན།
ཆུང་ནས་གོམས་པའི་བག་ཆགས་རིགས་ཤིག་གིས། ངས་ནམ་ཞར་ཡང་སྐད་ཆ་སྣུམ་པོ་དག་ཕུ་འདྲི་གཏིང་འདྲི་བྱས་ཏེ། ཞེ་ལ་འགྲོ་ཚད་པོ་ཚིག་བཟུང་དོན་བཟུང་བྱེད་བཞིན་ཡོད། མཚམས་ཤིག ཁོས་སླར་ཡང་ང་ལ་སྟོང་གི་གོང་ཁ་ཞེས་པའི་ཉག་ཁིས་ཤིག་བསྟན་ཏེ་བཤད་རྒྱུར། ཕ་གི་ནི་གེ་སར་རྒྱལ་པོས་གཞུ་རྒྱུད་དཔྱིའི་དབར་འཐེན་ཏེ། ཧོར་ཡུལ་ལ་མདའ་འཕངས་ཏེ་མདེའུ་ལམ་གྱིས་བཏོད་པའི་གོང་ཁ་དྲུག་གི་ཡ་གྱལ་རེད། དེང་ཡང་། གོང་དྲུག་དང་ཁོག་ཆེན་བཅོ་བརྒྱད། ལག་ཆེན་བཅོ་བརྒྱད་སོགས་ཤར་ཤར་ངེས་ཚེ། རྨ་ཆེན་གངས་རི་དང་བཅས་པའི་མགོ་ལོག་གི་གནམ་སའི་ཁྱོན་འདི་ཀོ་ལག་མཐིལ་གྱི་སྐྱུ་རུ་ར་ལྟ་བུ་ཡིན་ཟེར། གུས་ཕྲན་རང་ས་རང་ཡུལ་གྱི་ས་རྒྱུས་ཆུ་རྒྱུས་ཡག་པོ་ཞིག་ཀྱང་མི་ཤེས་པའི་འཁྱམ་པོ་ཞིག་ལ། གྲོགས་པོའི་ཐོས་མཐོང་གི་རྒྱ་འདི་ཙམ་ཆེ་བར་ཧ་མི་ལས་པ་མ་བྱུང་ཞིང་། ཁོས་གསུངས་ཚད་མ་ལུས་ཀྱང་ཅི་མ་བདེན་ཨང་བསམས་བྱུང་།
ཡང་ཁོས། དགུ་ཁོག་ནས་ཚུར་ལ་བརྩིས་པའི་མགོ་ལོག་པ་དག་གིས་གོང་ཁ་དྲུག་པོ་དེར་དགུའི་གོང་དྲུག་ཟེར་ལ། དགུའི་གོང་དྲུག་ཏུ་འབོད་པ་འདིར། དངུལ་རྭ་དང་རྨ་ཆུ་སོགས་ཕ་རོལ་དཔྱི་ཁོག་ཏུ་གནས་འཆའ་མཁན་དག་གིས་ནི་དཔྱིའི་གོང་དྲུག་ཟེར་རོ་ཞེས། འཁོར་སྐར་ས་བཀྲ་དང་ས་གནས་ངག་རྒྱུན་གཉིས་ཀ་ལྷན་ཐབས་ཀྱིས་བཤད་པས། ང་ལ་ཅུང་གོ་བདེ་པོ་བྱུང་སོང་མོད། ཕྱིས་འཁོར་སྐར་ས་བཀྲ་དང་ས་ཁམས་རིག་གནས་ལ་འབྲེལ་ཏེ་ཞིབ་མོར་དཔྱད་པས། དྲང་ཐིག་གཅིག་གི་སྟེང་ཉག་སེར་ཡོད་པའི་གོང་ཁ་དྲུག་པོ་དེ་དག དོན་དུ་ནི་ཁུའུ་རྨ་གས་སྲུབས་ས་རྒྱུད་དུ་བྱུང་བའི་རང་བྱུང་སྣང་ཚུལ་ཞིག་ཡིན་འདུག་མོད། ངའང་བོད་མི་རང་ཡིན་པས། སྙན་ནས་སྙན་ལ་བརྒྱུད་ཅིང་། ངོ་མཚར་རྨད་དུ་བྱུང་བའི་མཚར་སྒྲུང་འདི་འདྲར་ལོས་ཀྱང་དགའ།
སྤང་དཀར་དགོ་བོ་མིན་ན་ཙག་ཁ་མི་ཐུབ་ས། རི་སྤྱང་དར་མ་མིན་ན་ཁེར་འགྲོས་མི་ཕེར་སའི་གནམ་སའི་མགོ་ལོག་ཏུ་འགྲོ་མཁན་གྱི་གུས་ཕྲན་ནི། ས་མཐར་སྤྱང་མོ་འདུར་འདུར་བྱས་ཏེ། ཧ་ལམ་ཅིལའང་ཅི་མི་སྙམ་པའི་མི་ཞིག་ཡིན་མོད། ད་རེབ། མདོ་ཁམས་མགོ་ལོག་གི་རྒན་པ་ཚོས། རྨ་ཟད་པ་ཡ་དང་ཡུག་གིས་ཟད། ཡུག་ཟད་པ་གཡག་རྭ་སྟག་རྩེར་ཟད་ཅེས། རྨ་ཆུའི་ཆུ་རྒྱུན་ཡར་དེད་ན་མཁར་ཆུ་དང་ཡུག་ཆུ་གཉིས་ལ་ཐུག ཡུག་ཆུ་ཡར་དེད་ན་གཡག་རྭ་སྟག་རྩེའི་རི་རྒྱུད་ཀྱི་ཆུ་མགོ་ཞིག་ལ་ཐུག དེ་བས། རྨ་ཆུའི་ཆུ་མགོའང་གཡག་རྭ་སྟག་རྩེའི་རི་རྒྱུད་ཅིག་ཡིན་ཞེས། རྨ་ཆུའི་མགོ་ཁུངས་གར་ཡོད་ཐད་བཞག་པའི་སྔོན་གྱི་བཤད་རྒྱུན་དེ་འདྲའམ། གཞན་ཡང་། རྔ་ཁོག་བ་ལང་སྐྱ་མོ་སྨར་གྱི་ལག རྡོ་ཁོག་རི་ཐང་ཕྱུག་མོ་སྨར་གྱི་ལག འཛི་སྐ་ལྷ་མོ་དར་ཕྱར་སྨར་གྱི་ལག གཡུ་ཁོག་སྟག་མོ་འཕྲེད་ཉལ་སྨར་གྱི་ལག རྩང་ཁོག་རྟ་ཕོ་ཁ་བཀུག་སྨར་གྱི་ལག སྒེག་ཁོག་བྷན་ངྷ་གྲུ་བཞི་སྨར་གྱི་ལག་ཅེས། བྱང་ནས་ལྷོ་ལ་བཞུར་བའི་སྨར་ཆུ་ནི་ཞེང་ཚད་དང་གཏིང་ཚད་ཀྱི་ཐད། རང་གི་འབབ་རྒྱུན་ལས་གྱེས་པའི་གོང་གསལ་གྱི་ཆུ་ལག་དྲུག་པོ་དེ་ལ་མི་དོ་མོད། བཞུར་རྒྱུན་ནི་ཆུ་ལག་དྲུག་པོ་དེ་དག་ལས་རིང་ཙམ་ཡོད་དོ་ཅེས་པའི་དོན་དེའང་། སྨར་མ་ངན་མ་ལ་ལག་བཟང་དྲུག་གམ། སྨར་མ་ངན་མ་ལ་བུ་བཟང་དྲུག་ལྟ་བུའི་ཚིག་གཅིག་ཏུ་རུབ་རུབ་སྒོས། རི་ཆུའི་དཀྱིལ་འཁོར་ཆེན་མོར་སྡོམ་རྒྱག་སྟངས་འདི་དག་ལ་ཅི་བས་མཚར་རྒྱུ་བྱུང་།
ཁོ་ཚོས་ནམ་ཡང་། སྡོམ་གྱི་སྒྱོག་དཀར་ཁ་མདོ། སྒྲོག་སུམ་ལག་ཐང་ལ་འཕངས་འདྲ། སྡོམ་གྱི་གཡག་ཆེན་གཡག་ཆུང་། དྲེལ་ཁ་སྐྱ་གདང་ལ་བསྒྲིགས་འདྲ། སྡོམ་གྱི་རྫ་ལུང་མདོ་མེད། རྒྱ་ཟངས་འོ་མས་བཀངས་འདྲ་ཞེས་ཕོ་ཚོད་ཀྱི་གཏམ་བཤད་ཅིང་། རི་རྨ་རྒྱལ་རྩེ་མོ་བཅོ་བརྒྱད་རེད། ཞྭ་གང་ལ་ཕུད་ནས་གང་ལ་མཇལ་ཞེས་རང་སྣང་གི་གཞས་ལེན་པར་བྱེད། ཞེ་ལ་སིམ་ཞིང་གཟུགས་ཅན་དུ་འཆར་བའི་མདོ་ཁམས་མགོ་ལོག་པ་སྟེ། ནགས་འདིའི་གླ་དང་ས་འདིའི་མི་དག་གིས་རི་ཆུ་ལ་སྡོམ་རྒྱག་སྟངས་དེ་དག ཅི་འདྲའི་ཁ་གསལ་ཞིང་གནད་ཐོན་ལ། འཛིན་བདེ་ཞིང་ཕུ་ཆོད་པ་རྐྱང་རེད་ཨང་།
ས་སོང་ནས་ཐོན་རྒྱུ་མེད་ནི་འདི།། རྨ་ད་ལའི་རྡོ་སྒང་རིང་མོ་རེད།། ཁྲེལ་བཟུང་ནས་འགལ་རྒྱུ་མེད་ནི་འདི།། སྡེ་འཇའ་མོའི་ཡིད་དགའ་སྒྲོན་ཡག་རེད།།
འདི་ནི་མདོ་ཁམས་མགོ་ལོག་ཡུལ་གྱི་མཛའ་གཞས་རྙིང་སོང་ཞིག་ཡིན། དྲན་ངོགས་ནས་ཡལ་ལ་ཉེ་བའི་དམངས་གཞས་འདིའི་བག་ཆགས་ཀྱི་ཀློང་དུ། ངས་ཀྱང་ལམ་རྒྱུད་ཁག་གི་གངས་རི་ཞོ་གསར་གྱི་སྤྲོས་གཤོམ་ཅན། རྫ་རི་སྤྲིན་དཀར་གྱི་ལ་ཐོད་ཅན། སྤང་རི་སྨུག་སོབ་ཀྱི་ཤམ་བུ་ཅན། ནེའུ་གསིང་སེར་ཆེན་གྱི་གཡེར་བག་ཅན། ནགས་རྫོབ་འདབ་ཕྲན་གྱི་དོ་ཤལ་ཅན། ཆུ་ཀླུང་ཀྱ་ཀྱུ་ཡི་འཁྱུག་འགྲོས་ཅན་དག་ལ་རྒྱང་མིག་གློད་ཞོར་དུ། དགའ་སྐྱོ་ཟ་ཟིས་སྐྱོམས་པའི་ནང་སེམས་གཡུང་ལ་ཕབ་སྟེ། ཁ་ཉིན་རྒན་ལགས་ཀྱིས་བཅོལ་བའི་ལས་ཀ་སྟེ། མགོ་ལོག་རྨ་སྟོད་ས་ཆའི་རི་ར་བ་ཁང་ཁྱིམ་དག་བརྗོད་བྱར་འཛིན་དགོས་པའི་གཞས་ཚིག་དེ་དག་འབྲི་མགོ་རྩོམ་བཞིན་ཡོད།
གཟིག་མའི་ཁྲ་རིང་རི་རྒྱུད།། དགུ་ཚིགས་སྐྱ་མོ་འདྲ་བྱུང་།། སྟོང་གི་ལབ་ཙེ་ཁྲབ་གོན།། ཚོང་དཔོན་ནོར་བཟང་འདྲ་བྱུང་།། བཙན་གྱི་ཤར་རྫ་མཐོན་པོ།། དྲིན་ཆེན་ཨ་ཕ་འདྲ་བྱུང་།། རྨ་ཀླུང་དལ་འབབ་རིང་མོ།། བྱམས་ལྡན་ཨ་མ་འདྲ་བྱུང་།། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
སྤྱིར་ནའང་། རི་ཆུའི་རིག་གནས་ཟེར་བ་འདི་ལ་ཡུལ་རེག་བཅས་ལྗོངས་བཀོད་ཀྱི་མཛེས་སྡུག་དང་ཟབ་བརླིང་ཡོད་ལ། ཡུལ་ཅན་ཐོགས་མེད་ཀྱི་ཤེས་རིག་གི་གོ་རྟོགས་དང་གསར་གཏོད་ཀྱང་ཡོད་ཅེས་ཆེད་མཁས་པ་དག་གིས་སྨྲ། བདེན་པ་འདྲ་སྟེ། ཁོ་བོ་མདོ་དབུས་མཐོ་སྒང་གི་རི་ཆུའི་དཀྱིལ་འཁོར་ཆེན་མོ་སྟེ། རྨ་ཀླུང་དལ་འབབ་རིང་མོའི་སྟོད་རྒྱུད་ཀྱི་ལྷོ་བྱང་གི་རྒྱུད་དམ། རྨ་དང་པོ་དང་བར་མའི་ཉིན་སྲིབ་ཁག་ཏུ་འཁེལ་བའི་མདོ་ཁམས་མགོ་ལོག་གི་འགྲོན་པོ་གཏོལ་མེད་ཅིག་ལ། སྒྲུང་དང་ཡིག་ཚོགས་ཀྱི་ཁྲོད་ནས་རྣ་བརྡོལ་ལ་སོང་དྲགས་པའི་ཡུལ་ཁམས་འདི་ལ་དུངས་པ་བླ་ལྷག་ཅིག་ཡོད་ཅིང་། ལྷག་པར། རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིལ། རྨ་སྐེད་མགྲོན་ལྷ་བཅུ་གཉིས་ཀྱིས་ཡོངས་སུ་ལེགས་པར་བསྐོར་བའི་ཡུལ་ཁམས་འདི་ནི། བཀའ་གདམས་གླེགས་བམ་ཁྲོད། རི་བོགས་ཆོད་གཡུ་ཡི་བུམ་པ་ལ།། ཆུ་ཡན་ལག་བརྒྱད་ལྡན་ཆུ་མིག་འབབ།། གནམ་སྔོན་མོ་གཡུ་བྱའི་གདུགས་སུ་ཕུབ།། རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ།། ཞེས་པའང་འདི་འདྲ་ཞིག་ལ་བསྟན་པ་མིན་འགྲོ་སྙམ།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད། མང་འབལ་བྱ་གསུམ་གྱི་ནང་ཚན་དུ་གཏོགས་པའི་གུས་ཕྲན་གྱི་ཕ་ཡུལ་དུའང་། ས་བཅུད་པུར་སྒོ་མོའི་ཡ་འགང་ནས། འབྲི་ཐུལ་མ་ཞིག་གིས་བཟའ་དགུ་སོས། ས་བཅུད་པུར་སྒོ་མོའི་མ་འགང་ནས། ཁྱི་ལྡ་ལི་ཞིག་གིས་འཕྲང་དགུ་ཁོག་ཅེས་པའི་རི་ཆུར་སྡོམ་རྒྱག་སྟངས་ཤིག་ཡོད་ལ། ཚིག་དུམ་འདི་ཐོས་རྗེས། གཞན་གྱི་སེམས་ལ་གྲངས་མེད་རི་འཕྲང་གིས་ཡོངས་སུ་བསྐོར་ཞིང་། གདོད་མའི་ནགས་ཀློང་གིས་ཀུན་ནས་གཅུད་པའི་ས་ཆ་ཞིག་སྟེ། བཅུད་པུར་ཞེས་བྱའི་ས་ཆགས་དེའི་ཁྱད་ཆོས་མང་པོ་ཡེངས་མེད་སྒོས་འཆར་ངེས།
ཤེས་པས་ཤེས་གོ་མི་ཆོད་ཅིང་། རྨོངས་པས་རྨོངས་གྲལ་དུའང་མི་འདེད་པའི་རང་སའི་རི་རྒྱུད་གཞོལ་སྟངས་དང་ཆུ་རྒྱུན་འབབ་ལུགས་ཀྱི་སྡོམ་དེ་དག་གི་ཤན་སྟོབས་ཀྱིས། ཁོ་བོ་ཙོང་ལ་རིང་མོ་དང་ཁྲི་ལེབ་རི་རྒྱུད་གཉིས་ཀྱི་ཐུ་འོག་ཏུ་ཆགས་པའི་ཙོང་ཁ་བདེ་ཁམས་ནས་ལམ་ལ་ཆས་ཤིང་། གསེར་ཆེན་རི་བོ་དང་སྨོན་ལམ་མཐོན་པོ། ཨ་མ་ཟོར་དགུ་སོགས་ཀྱི་སྙིང་ཐིག་གཤེར་རྣམ་གྱིས་འཁྱུག་པའི་ཙོང་ཆུ་སྔོན་མོ་རྒྱབ་ལ་བསྐྱུར་ནས། གནམ་སའི་མགོ་ལོག་ཏུ་འགྲོ་བའི་ལམ་ཁ་ཕྲེང་བརྒྱུད་དག་ཏུའང་། རི་མཐོན་པོ་ཙོང་ཁའི་སྐྱེས་རི་རེད། བྱ་གཡས་ནས་འཁོར་ཏེ་གཡོན་ནས་འབབ། ཆུ་ཆེན་པོ་རྨ་ཆུ་ལི་མ་རེད། གཟིངས་གོང་ནས་བརྒྱབ་ན་ཞོལ་ནས་འབུད་ཅེས། ཙོང་ཁའི་སྐྱེས་རིའི་མཐོ་ཚད་དང་། རྨ་ཆུ་ལི་མའི་རིང་ཚད་ཀྱི་སྡོམ་དེ་འདྲ་གླུ་རུ་བྱས་ཏེ་ཡོང་བ་ཡིན་ལ། དབུས་ཚྭ་མཚོ་དཀར་མོ། རྔ་མོ་དཀར་དཀར་གྱི་གསུས་པ་དྲལ་ས་ཞེས། མི་རབས་གོང་མས་བྲི་མེད་ཚྭ་མཚོར་ཕུལ་བའི་ཆེ་བརྗོད་ཡག་པོ་དེ་འདྲ་ངག་ལ་བཟླས། དུར་ཐང་གོང་འོག་བར་གསུམ་བརྒྱུད་ནས་བྲག་དཀར་རྫོང་ཧོལ་ཁ་བརྒྱུད་དུས་སུའང་། དུར་ཐང་གསུམ་དམྱལ་བ་འཛད་མེད་རེད། ན་ཧོལ་ཁ་འཆི་ཁའི་མལ་གསོ་རེད་ཅེས་པའི་ཤོད་རྒྱུན་དེ་ཉིད་སེམས་སུ་ཐོགས། ཁྱད་པར་དུ། སྐྱ་མོ་དམར་མོའི་ཁ་སོ་ལ། ཁྭ་ཏ་ཆད་པའི་ལ་དགུ་ཡོད། སྐྱ་ཀ་ཆད་པའི་ཐུར་དགུ་ཡོད། གླག་རོག་མོ་ཆད་པའི་སུལ་དགུ་ཡོད། སྐྱ་མིར་ཉིན་ཞག་བཅོ་བརྒྱད་ཡོད་ལྟ་བུའི་བཤད་རྒྱུན་དེ་འདྲ་དྲན་ཞོར་སྙིང་རུས་བསྐྱེད། གྲོགས་པོས། “ཚེགས་སྡུག་གོམ་སྡུག་མི་ཐེག་པ་འདི་འདྲ་ག་རེ། བྱ་གཞུང་གི་བྱེ་གསེང་ནས་ཡོང་བའི་མི་ཞིག་དང་འདྲ་ཡི་མི་འདུག”ཅེས་ཀྱལ་ཀ་བྱེད་དུས་དག་ལ་ཡང་། འབལ་མང་རའི་བྱེ་མ་ནས་རེད། ནས་ཡིན་ཏེ་རློམ་དང་ཨེ་ཆོག ནས་ཡིན་ཏེ་རློམ་དང་ཆོག་ན། ལོ་གསུམ་ལ་ཞིང་ལས་མི་བྱེད་ཅེས། ཁུངས་སྐྱེལ་ངེས་ཅན་བྱེད་ཐུབ་པའི་གཏམ་ལན་གྱི་རྩེད་མོ་ཞུས་ཏེ་འོངས་པ་ལགས།
ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ། རྫ་ཆུ། འབྲི་ཆུ་སོགས་ཀྱི་རྒྱུད་དུ་འཚོ་ཞིང་བཞེས་པའི་གངས་རི་ཕྱིན་བསྐོར་གྱི་ཡུལ་གྲུ་སྟེ། བསིལ་ལྡན་ཁ་བ་ཅན་ཞེས། གངས་རི་དཀར་པོ་ཤེལ་གྱི་མཆོད་རྟེན་བཞེངས་འདྲ། སྤང་རི་སེར་པོ་བླ་མས་གསེར་ཞུ་ནབ་འདྲ། རྫ་རི་སྨུག་པོ་དཔའ་བོས་ཁྲབ་རྨོག་གོན་འདྲ། ནགས་རི་ཕྱུག་མོ་དམག་མིས་མཚོན་ཆ་བཟུང་འདྲ། འབྲས་ལྡན་ཞིང་བཟང་གསེར་ཤོག་ཐང་ལ་བཏིང་འདྲ། ཉིན་མིག་གིས་བལྟས་ན་བཙུམ་རྒྱུར་འཁུ་ས། མཚན་རྨི་ལམ་ཡིན་ཡང་སད་རྒྱུར་འཁུ་སའི་དཔལ་ལྡན་ཁ་བའི་རྒྱལ་ཁམས་ཏེ། མི་རབས་ཕྲེང་བའི་འཕྲལ་ཕུགས་འདུན་མ་གཅིག་ཅིང་། མི་ཐོག་མང་པོའི་ཁེན་ས་བརྟེན་ས་དང་སློང་ས་འབྱོ་ས། སྐྱེས་ས་འཆི་ས། འཁྲེང་ས་ཆགས་ས་རུ་གྱུར་བའི་གནས་མཆོག་འདི་རུ། ངས་རང་གི་བྲང་ཁོག་དབུགས་ཀྱིས་གསོས་ནས་ཅི་ཙམ་ཆེ་རུ་བརྒྱངས་ཀྱང་། གློ་རྡེག་གློ་རྡེག་ཏུ། རང་ཉིད་ཤིན་ཏུ་ཆུང་ཞིང་ཉམ་ང་བ་ཚོར་བྱུང་། དུས་ཀྱི་བརྡབ་གསིག་ཆེན་མོའི་རབ་ཁ་འདི་ནས། ཁོ་བོའི་ལུས་ཀྱི་གོས་འགྱུར་གྱིན་འདུག ངག་གི་སྐད་འགྱུར་གྱིན་འདུག འཕྲལ་གྱི་ཉམས་འགྱུར་གྱིན་འདུག ཕུགས་ཀྱི་གཤིས་འགྱུར་གྱིན་འདུག རང་ས་རང་ཡུལ་གྱི་རི་ཆུའི་རྒྱུན་ཤེས་ཕྲ་མོ་ཞིག་གི་སྟེང་ནས་ཀྱང་། ངོ་འདོམ་གང་ཤོར་ནས་འདུག་དགོས་འདུག མིག་ཀླད་ལ་བསྐོར་ནས་བསམ་དགོས་འདུག
རྨོག་དཀར་དར་འཕྲུ་ལྡེམ་པའི་གླིང་ཡུལ་གྱི་ས་ཆ་འདི་རུ། ངའི་གྲོགས་པོ་སྔར་བཞིན་གཏམ་དང་ཀུ་རེ་ཡི་ཀློང་དུ་དབྱིངས་ཞུགས་ཏེ་འདུག ཁོས་སྟོད་ཨ་ཆེན་ཀུ་རའི་རྫ་ལམ། རྟ་བྱང་མའི་སུག་བཞི་བརྩེད་ས། སྨད་རྒྱལ་མོ་རོང་གི་གཟར་ཟུག སྒ་ལྷུ་བཞིའི་རྨེད་ཐག་ཆད་ས། བྱང་བྱེ་མ་དམར་པོའི་ཁུགས་སོ། སྟག་ཤ་རའི་རེ་བ་ཤི་ས་ཟེར་ཞོར་ཧབ་ཆ་སིང་སིང་རྒྱག་གིན་འདུག གུས་ཕྲན་གྱིས་སྔར་བཞིན་ཚ་ལམ་རྒྱང་པ་མང་པོའི་ཡུན་དུ། སྐལ་ལྡན་ལས་འཕྲོ་ཅན་ཞིག་དམ་པས་རྗེས་སུ་བཟུང་བ་ལྟར། བསམ་པ་གཞན་གྱིས་བར་མ་ཆོད་པར་ཁོའི་སྐད་ཆ་དག་ལ་འཇམ་ཅག་གེར་མཉན་ནས་བསྡད་པ་ཡིན། ལྷག་པར། གྲོགས་པོའི་ཁ་ནས་བྱུང་རྒྱལ་དུ་ཤོར་བའི་བཤད་རྒྱུན་ཞིག་སྟེ། འབྲི་ཆུའི་ཆུ་དམར་རབ་བདུན་ལ་བུད་ན། མགོ་ཡུ་འཁོར་ལ་མ་འཁོར་ཅི་གླེང་རྒྱུ། སྡེ་དགེའི་ཁྲོ་ལ་ཆེ་ཆུང་ལ་བརྒྱབས་ན། རྐང་པ་འཐེང་ལ་མ་འཐེང་གི་ལོ་རྒྱུས་ཞེས་པ་དེས། གུས་ཕྲན་གྱི་གཟུགས་གཞི་རུས་པའི་གསས་མཁར་འདི་ཉིད་ལྷག་པར་ལྕུག་ལྕུག་ཏུ་བསྒུལ་བྱུང་།
ཕོ་ལོ་སོ་གཅིག་གི་ཕྱི་ཆ་རྫོགས་ལ་ཉེ་བའི་སོ་མཚམས་འདིར། གུས་ཕྲན་གྱི་སེམས་ལ་གཏམ་དང་དམངས་གཞས་སུ་འདྲེས་ཤིང་། མགོ་དང་རྔ་མའང་མེད་པའི་བོད་ཡུལ་ཁ་བ་ཅན་འདིའི་རི་ཆུ་ཐང་གསུམ་གྱི་སྡོམ་སྐོར་ཞིག་འཁོར་བྱུང་། རི་དེ་གམ་པ་ལ་མོ། བསོད་བདེ་ཡིན་རུང་ཆེ་སོང་། དཔལ་དི་སྟོང་ཐང་བཅོ་བརྒྱད། མི་ཚེ་ཡིན་ཡང་རིང་སོང་། ཡར་འབྲོག་སྒང་གི་རླུང་བུ། ཤ་ཚ་ཡིན་ཡང་མང་སོང་། ཅི་འདྲའི་སྙན་ཞིང་ཟབ་པ་ལ་ཨང་། ད་དུང་། ནམ་ལངས་ཉི་ཤར་རྫ་ཆུ་ཁ། སྨན་རུལ་མ་ཉལ་ས་དེ་ན་མེད། ཡང་ན། ཡུལ་མ་འདྲིས་བྱང་ཐང་སྐྱ་མོ། འདྲིས་སོང་ན་རང་གི་ཕ་ཡུལ་་་་་་་་་་་་་་་་་་།
མགོ་རུས་ས་རུ་འཇོག་དུས་ཀྱང་། རྣམ་ཤེས་ཕྱིར་ལ་འཐོག་སྲིད་པའི་རང་བྱོན་རི་ཆུའི་བ་གམ་སྟེ། མེས་པོ་ཚོའི་སྒམ་དཀྱེལ་དང་ངང་རྒྱུད། བློ་གྲོས་དང་ཕོ་ཚོད། སྡང་སྡིག་དང་བྱས་འབྲས་ཀྱི་ཁ་རླངས་ཐོལ་ལེ་བ། བསྐལ་བ་ནས་བསྐལ་བའི་བར་ལ་ནང་སེམས་གཡུང་དུ་ཕབ་སའི་འཆེལ་བསྟེན་དུ་རུང་བ་འདི་དག ད་ནི་ངའི་བག་ཆགས་ཀྱི་མྱ་ངམ་ཐང་ན་ཐལ་སྐྱ་བཞིན་རླུང་གིས་འཁུར་གྱིན་འདུག དར་ལྕེ་བཞིན་རླུང་གིས་ཟད་ཀྱིན་འདུག གལ་ཏེ་ནམ་ཞིག་གི་ཚེར། ཆུ་བུར་མིག་ཟུང་འོད་ཀྲིག་ཀྲིག་བྱེད་པའི་བུ་རྒྱུད་དག་གིས་ཕུ་འདྲི་ལུང་འདྲི་བྱས་བྱུང་ཚེ། ཀླད་པ་སྟོང་བ་ཡུས་ཀྱིས་བརྟས་ཤིང་། ལག་པ་སྟོང་བ་མདུན་ལ་བསྲིངས་པའི་གུས་ཕྲན་གྱིས་ཁོ་པ་ཚོར་ཅིག་ཞིག་བཤད་དགོས་ཨང་། དོན་དེས་ང་ལ་གཏིང་རིམ་ཞིག་ཏུ་བྲེལ་ཤ་སློང་གིན་འདུག ངས་སླར་ཡང་དམིགས་པ་ནང་ལ་བསྡུས་ནས། མགོ་ལོག་ས་ཆའི་ཁུལ་སྟོན་གྱི་གཞས་ཚིག་དེར་བློས་བསླངས་བྱས་ཏེ་སོང་།
རྨ་རྒྱལ་ཤེལ་གྱི་གངས་རིས་ཨ་སྔོན་བཀྱགས།། རྨ་ཀླུང་དལ་འབབ་རིང་མོས་དོག་མོ་མནན།། རྨོག་དཀར་དར་འཕྲུ་ལྡེམ་པའི་གླིང་ཡུལ་རེད།། གཡང་ཕྱུགས་དཀར་ནག་སྐར་མ་སྟོང་ལྡན་རེད།། སྒོ་དར་ཤམ་པའི་མཐིང་ཤོག་གོང་དགུ་ན།། གནའ་མྱི་སྨུག་པོ་དཔུང་བ་ཤ་རྒོད་ཅན།། གནས་ལ་བྱིན་ཆགས་མི་ལ་ཁྲེང་གཞུང་ཡོད།། སེམས་ཀྱི་དག་ཞིང་རྨ་ཡུལ་མགོ་ལོག་རེད།།
མཆན།
ཁུའུ་རྨ་གས་སྲུབས། རྒྱས库玛断裂带ཟེར་ཞིང་། 库赛湖ནས玛曲དབར་དུ་འཁེལ་བའི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་ཀྱི་གས་སྲུབས་ས་རྒྱུད་ཆེ་ཤོས་ཤིག
2024.7.18ཉིན་རྨ་ཆེན་རྫོང་ནས་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

