དབྱར་མཚེར་གུང་ཡིག་ཁ།

མཛོད་རྒུ·ཏིང་འཛིན་འཕྲིན་ལས། 琼迈文学网 2025-11-02

  དབྱར་མཚེར་དང་དགུན་མཚེར་ཟེར་བ་ནི་འབྲོག་པ་དག་གིས་དུས་ཚིགས་དང་རྩྭ་ཁ་ལ་བསྟུན་ནས་རུའམ་འབྲོག་ས་རིམ་པས་སྤོ་ཞིང་། དེར་གནས་སྐབས་ཀྱི་རུའམ་མཚེར་ས་བྱ་བས་དབྱར་མཚེར་དང་དགུན་མཚེར་ཟེར་བ་རེད། གུང་ཡིག་ཁ་ཟེར་བ་ནི་སྦས་པའི་འབའ་རུབ་མདོ་པའི་དབྱར་མཚེར་ཡིན། དེ་ལ་ཡར་མཚེར་དང་མར་མཚེར་གཉིས་སུ་ཡོད་ཅིང་། ངེད་ཚང་ནི་ཡར་མཚེར་དུ་སྡོད་ཀྱི་ཡོད། གུང་ཡིག་ཨ་མ་ཡང་མ། དཀར་བཞོ་རྒྱུ་ཡོད་ཀྱང་འཇོ་སྣོད་མེད་ཟེར་ནས་རྒད་པོ་དག་གིས་ས་བསྟོད་འདྲ་ཞིག་བཤད་ཡོང་།

  ན་ནིང་དབྱར་ཁ་ང་རང་གསེར་ཆ་ཡི་རྩེ་མོར་འགོས་ཏེ། དེ་ནས་གློ་ཕུ་ལྟར་ལྡིར་དང་། བྱ་འོང་བྲག་རི། བྱ་རི་རྩེ། རི་སྒོ་འདན། བྱ་རི་ལྷ་རྩེ། གླང་ལུང་རྩེ། ཁྲ་ཟེར་འཁྱིལ་སོགས་བརྒྱུད་དེ་དབྱར་སའི་གུང་ཡིག་ཁ་དང་། དེ་ནས་རྫ་དཔོན། རྫ་དེའུ། རྩི་ར་སྒང་། ཆུ་གཞུང་ཕག་གཞུང་། བེ་ལོག་གོང་སོགས་ཀྱི་རྩེ་མོ་ནས་སོང་སྟེ། སྒང་གིས་མཚམས་ཕྱེས་པའི་སྒང་ཁ་དག་བརྒྱུད་དེ་ཤུག་རི་ཐང་ངམ་ཤུག་རི་ཞིང་ནས་མར་བབས་ཏེ་ལྗོངས་རྒྱུ་ལ་ཕྱིན་པ་ཡིན། དེ་དུས་ང་རང་ཆུང་དུས་སུ་རུ་བར་སོང་བའི་འཚོ་བ་དང་ལྷག་ཏུ་དབྱར་རུ་ལ་སོང་བའི་འཚོ་བ་དེ་ལྷང་ལྷང་དུ་དྲན་པ་ཞིག་བྱུང་།

  ང་ཚོའི་ཡུལ་པའམ་ཁྱིམ་གཞིས་དེ་ལུང་གཤོང་དང་། རིའི་འདབས་སུ་ཆགས་ཡོད་ཅིང་། དགུན་མཚེར་དང་། དཔྱིད་མཚེར། སྟོན་མཚེར་གྱི་རུ་མཚེར་རྣམས་ཀྱང་ལུང་གཤོང་ལྟ་བུར་ཆགས་ཡོད་མོད། དབྱར་ཟླ་དགུང་ནས་ཚེས་ཤིང་མེ་ཏོག་སྤང་ལ་བཞད་པ་ན། ཟོག་གི་རྩྭ་སྐལ་མཐོན་པོའི་རི་དང་། མིའི་བཏུང་ཆུ་རྫ་ཆུ་བསིལ་མར་བཅོལ་ཏེ་རུ་དང་མཚེར་མཐོན་པོའི་རི་དང་རྫ་རིའི་ཁུད་དུ་བཅས་ནས་དབྱར་རུ་བཀྱགས་པའམ་རུ་བ་དབྱར་མཚེར་དུ་སྤོ་བ་རེད།

  དབྱར་ས་གུང་ཡིག་ཁ་ནི་ས་བབ་མཐོ་བ་དང་། ཤིང་ནགས་མེད་པས་དགུན་ས་ནས་བུད་ཤིང་ཁལ་མར་བཀལ་ཏེ་འགྲོ་དགོས། ཕར་རྒྱབ་ཀྱི་ཆན་ལུང་སོགས་སུ་ཉ་རུག་དང་སུ་རུ་འབེལ་པོ་ཡོད་པས། དེ་ག་ནས་ཉ་རུག་དང་སུ་རུ་འཐུས་ཏེ། དགུན་ས་ནས་བཀལ་ཡོང་བའི་བུད་ཤིང་ཁྲ་མ་སོགས་ཀྱིས་མཚེར་མདུན་དུ་ཐག་རིང་ནས་བལྟས་ཀྱང་མཐོང་ཐུབ་པའི་ཤིང་ཅོག་རེ་སྤུངས་ཡོད། དེ་བས་དབྱར་ཁ་ཉ་རུག་དང་། སུ་རུ། ཁྲ་མ་རྣམས་བསྡེབས་ནས་འབུད་པ་ལས། ང་ཚོའི་སར་ཨོང་བ་འབུད་སྲོལ་ཆེར་མི་དར། མ་གཞི་ང་ཚོའི་རུ་མཚེར་གཞན་རྣམས་སུ་ཤིང་ཁང་རེ་བཟོས་ཡོད་མོད། དབྱར་མཚེར་དུ་ཤིང་དཀོན་པས་ཡིན་ནམ་ཤིང་ཁང་བཟོས་མེད་པར། སྦྲའམ་ནག་ཚང་ཕུབ་སྟེ་འདུག་པ་ཡིན་ལ། ཡང་དུད་ཚང་རེ་འགས་མགོ་ནག་ཕུབ་ཀྱི་ཡོད། ཡུལ་ནས་དབྱར་སར་ཡོང་ན་ཐག་ཅུང་རིང་བ་ཡིན་ལ། དེ་བས་རྟ་ཕོ་ཞིག་བཞོན་རྒྱུ་ཡོད་ན་དགའ་ཙམ་ཡོད།

  ངེད་ཚང་གི་མཚེར་སའི་གཡས་སུ་དགའ་ཚ་མེ་ཏོག་སེར་འཁྱིལ་ལེར་བཞད་ཅིང་། དེར་གད་ཁུང་ཞིག་དང་གད་ཁུང་ནང་ཆུ་མིག་ཅིག་ཡོད། དབྱར་ཐན་པས་མ་གཙེས་ན། ཆུ་ཕྲན་ཤག་ཤག་གིས་བཞུར་གྱི་ཡོད། གལ་ཏེ་དབྱར་ཚ་བས་གཙེས་ཏེ་ཆུ་སྐམ་པར་གྱུར་ཚེ་ཞབས་ཀྱི་རྫ་རྡོའི་ནང་དུ་ཆུ་ཡོད་པ་དེ་ནས་ལེན་དགོས། དེའི་ནང་འབྲུག་ཡོད་པའི་གཏམ་རྒྱུད་ཡང་ཡང་བཤད་ལ། འབྲུག་འདི་སེམས་ཅན་ངོ་མཚར་བ་ཞིག་སྟེ། ཟོག་གི་རྨིག་རྗེས་ཀྱི་ནང་དུའང་བསྐུངས་ཐུབ་ཅེས་ལོ་ལོན་ཚོས་གནམ་གཏམ་རེ་བཤད་དུས། ང་རང་རྫ་རྡོའི་ནང་ཆུ་ལེན་དུ་འགྲོ་བར་སྐྲག་སྣང་ཧ་ཅང་ཆེ་བ་ཡིན་ལ། གལ་ཏེ་སྐྱོགས་ཀྱི་ནང་དུ་ཆུ་འབུ་ཞིག་ཐོན་པ་ཡིན་ན་དེ་འབྲུག་ཡིན་ནམ་སྙམ་པའི་ཚོད་དཔག་དང་། ཡིན་ན་འདིས་རང་གཟུགས་བསྟན་ཏེ་ང་ལ་འཚེ་མི་ཡོང་ངམ་སྙམ་པའི་དོགས་འཚེར་སྐྱེས་ཏེ། བཅུས་པའི་ཆུ་དེ་དལ་མོས་མར་འཕོས་ནས་འབུ་དེ་མ་རིག་ཁུལ་གྱིས་རང་ཉིད་ལ་སེམས་གསོ་ཡང་ཡང་བྱས་མྱོང་།

  ངེད་ཚང་གི་གཡོན་དུ་རྫ་དེའུ་ཟེར་བའི་རྫ་རྡོ་ཡིས་གྲུབ་པའི་དེའུ་འབུར་གོང་འོག་གཉིས་ཡོད། རྫ་དེའུ་འོག་མའི་ཐོག་ནས་ཐག་རིང་གི་རྩི་ར་སྒང་དང་། ཐག་ཉེ་ཡི་མར་མཚེར་བ་དག་མཐོང་ཐུབ་པས། ཕ་མའམ་ནང་མི་ཞིག་ཡུལ་དུ་སྐོར་རྒྱག་པར་སོང་ན། རྟ་ཕོ་སྔོ་སྔོ་ཞོན་པའི་ཕར་སོང་གི་རྒྱབ་གཟུགས་ལ་སྐྱེལ་མ་དང་། ཡར་ཡོང་གི་མདུན་བསུ་བྱ་ཆོག་པ་ཡིན། རྫ་དེའུ་གོང་མའི་ལྟག་རྒྱབ་ཏུ་བྲག་སྐྱིབས་འདྲ་ཞིག་ཡོད་པ་ངེད་ཚང་གི་ཀ་ར་དང་བུད་ཤིང་རྣམས་འཇོག་ས་ཡིན། དེར་མཚེར་ཏོག་ནག་པོའམ། མཛོ་མོའི་ནུ་ཤུལ་སོགས་ཟ་རྒྱུ་ཡོད་པས། ཉག་ག་དེ་ནས་ངེད་ཅག་སུས་མགྱོགས་ངང་བསྐྱོད་དེ་ཚེར་ཕུང་ཐོག་གི་སིལ་ཏོག་ལ་སུས་ཐོབ་བྱེད་པ་ཡིན། ངེད་ཚང་གི་གཡོན་ཕྱོགས་ཀྱི་རྫ་དེའུ་གོང་མ་ནས་སོང་ན་རྫ་དཔོན་ཟེར་བའི་རི་མཐོན་པོ་ཞིག་ཡོད། རི་བོ་དེ་ནི་ས་ཆའི་ཚོད་ཀྱི་མཐོན་པོ་ཞིག་ཡིན་པས། གནའ་མི་ཚོས་དེ་ནི་རང་ཡུལ་ལུང་པར་མཐོན་པོའི་རི་ནས་ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ་བྱ་ས་ཡིན་པར་བཤད།

  རྫ་དཔོན་གྱི་རྒྱབ་ཏུ་སྨན་ལུང་ཟེར་བའི་ལུང་པ་ཞིག་ཡོད་པ་དེ་ང་ཚོའི་རྟ་རྒྱག་ས་ཡིན། སྨན་ལུང་ནང་སྦྲུལ་མོད་པོ་ཡོད་པ་རེད་ཟེར། ང་རང་སྦྲུལ་ལ་ཧ་ཅང་ཞེད་ཀྱི་ཡོད་སྟབས་དེར་རྟ་འདེད་སར་སོང་ན་ནམ་ཚོད་ལ་སྦྲུལ་ཞིག་རྫི་འགྲོ་བའམ། ཡང་ན་ང་རང་སྦྲུལ་གྱིས་ཕུག་མི་འོང་ངམ་སྙམ་པའི་སྐྲག་སྣང་གིས་འགྲོ་དགོས། ལས་ལམ་དུ་སོང་དུས་རྟ་རྣམས་སྒང་ཁ་དེའི་གཡས་གཡོན་དུ་ཡོད་མོད། ཡང་རླུང་རྟ་མ་རྒྱུགས་དུས་རྟ་རྣམས་སྨད་དུ་འབབ་འགྲོ་བས་གོམ་པ་རེ་རེའི་འདེགས་འཇོག་ཀྱང་སེམས་འཚབ་དང་བཅས་ཏེ་རྟ་རྗེས་བསྙེག་དགོས་པ་ཡིན། ཐང་གི་མེ་ཏོག་འཐུས་ན་སྨན་མོ་ཟེར་བ་ཞིག་གིས་བདའ་ཡོང་ཟེར་ནས་མེ་ཏོག་འཐུ་མི་ཉན་པའི་བསླབ་བྱ་གཏོང་དུས། ངས་སྨན་མོ་ཟེར་བ་དེ་སྨན་ལུང་ནང་བསྡད་པའི་འདྲེ་མོ་ཞིག་ཡིན་ས་རེད་བསམ་མྱོང་། དེ་བས་སྐབས་དེ་དག་ཏུ་སྨན་ལུང་ནང་འགྲོ་རྒྱུ་ནི་ཧ་ཅང་སྡུག་བསྔལ་བ་ཞིག་ཡིན།

  ཁྲ་ཟེར་འཁྱིལ་ཟེར་བའི་ཐང་གཞུང་གི་ཀླད་དེར་ཁྲ་ཟེར་དེའུ་འབུར་ཟེར་བ་ཞིག་ཡོད། དེའི་གཡས་གཡོན་དུ་འབྲུག་དོང་ཟེར་བ་འབྲུག་གི་ཚང་མལ་ཡོད་རབས་བཤད་དར་ལ། དེའི་རྒྱབ་ཀྱི་གླང་ལུང་རྩེ་ཟེར་བ་རིའི་རྩེ་མོ་གྲི་སོ་འདྲ་བ་རྩེ་ན་རྫ་དང་། སྨད་དུ་སྤང་རི་ཅན་གྱི་རི་ཞིག་ཡོད་པ་དེའི་རྩེ་ན་འཕྱི་ཁུང་ལས་ཆེ་ཙམ་གྱི་དོང་རེ་གཉིས་ཡོད་པ་འབྲུག་དོང་ཡིན་པ་རེད་ཟེར། ང་ཚོའི་གོང་གི་མི་རབས་དེ་དག་གིས་ཁོ་ཚོ་ཆུང་དུས་ཡོད་མི་དར་མོད། ཕྱིས་སུ་དོད་བྱུང་ཟེར་བའི་དོང་ཞིག་ཀྱང་ཡོད་ལ། དེར་འབྲུག་དོང་གསར་པ་ཟེར། ལན་གཅིག་རྫི་བོ་ཞིག་འབྲུག་དོང་ནང་དུ་འཛུལ་རྒྱུ་ཡིན་ཟེར་ནས་མར་ཅུང་ཙམ་འཛུལ་བ་ན། ནང་དུ་ནག་ཅིང་འཐིབས་པས་གཏིང་མི་དཔོག་པར་འདུག་ཅེས་ཡར་ཐོན། དེའི་ཕྱི་ཉིན་རྫི་ས་ནས་ཁོ་རང་བོར་ཏེ་བཙལ་བཙལ་རྗེས་བྲག་སྐྱིབས་གཅིག་གི་རྒྱབ་ཏུ་གཉིད་དུ་ཡུར་བ་དང་། ཡར་སད་པ་ན་ཁོར་རྟ་དཀར་པོ་ཆིབས་པའི་རྐྱ་མྱི་ཞིག་གིས་འབོད་ཀྱི་འདུག་ཟེར་ནས། མྱི་གཉིས་གསུམ་རེས་བཟུང་ཡང་ཤོར་གྲབས་བྱེད་ཀྱི་ཡོད་དར། དེ་ནི་འཁྲབ་སྟོན་ཞིག་ལ་འདྲ་ཡང་། ཡུལ་མི་ཚོས་ཁོ་འབྲུག་དོང་ནང་འཛུལ་བ་དང་། ཕྱི་དྲོར་རི་ལ་གཉིད་པས་གཞི་བདག་གིས་ཁྲིད་གྲབས་བྱས་པ་རེད་ཟེར། དེ་བས་ཁོར་ཆོས་ལུགས་ཀྱི་རིམ་གྲོ་མང་པོ་ཞིག་བྱས་སོང་བ་འདྲ།

  དབྱར་ས་ནས་འབྲུག་དང་འབྲེལ་བའི་གཏམ་རྒྱུད་མང་པོ་བཤད་ཅིང་། ཁྲ་ཟེར་འཁྱིལ་དང་གླང་ལུང་རྩེ་སོགས་སུ་འབྲུག་གི་ཚང་མལ་བཅས་ནས་ཡོད་པ་དང་། ཆུ་མིག་ཡོད་སའི་རྫ་རྡོ་དག་ནས་ཀྱང་འབྲུག་ལངས་ཡོང་བའི་གཏམ་རྒྱུད་བཤད་མོད། གཏམ་རྒྱུད་ཙམ་ལས་མི་འདི་བྱ་བས་ས་ཆ་འདི་ནས་འབྲུག་དངོས་སུ་ཡར་ལངས་པ་མཐོང་བ་རེད་ཅེས་ཁ་ཚོན་ཆོད་པ་ནི་བཤད་རྒྱུ་མེད། གནམ་འཐིབ་ཏེ་སྨུག་པ་ལངས་དུས་རི་མགོ་དག་ཏུ་བལྟས་ན་སྨུག་འཁྱིལ་གོར་མོ་ས་ནས་གནམ་དུ་ཟུག་སྟེ་ཡར་འཁྱིལ་བའམ། དེའི་མཇུག་གནམ་ལ་ཐིམ་འགྲོ་བ་ལྟ་བུ་རེ་མཐོང་ན་འབྲུག་ཡར་ལངས་བ་རེད་ལ། དེ་མཐོང་ན་ལས་རླུང་རྟ་ཡར་འགྲོ་བའི་རྟགས་དང་རྟེན་འབྲེལ་ཡིན། ཡང་གནམ་ནས་སར་སྨུག་ལོང་ཟུག་ཅིང་མཐར་དེ་ས་ལ་ཐིམ་པ་རེ་མཐོང་ན་འབྲུག་ཚང་དུ་ཉལ་བ་རེད་ལ། དེ་མཐོང་ན་ཁ་ལས་རླུང་རྟ་རྒུད་པའི་ལྟས་ཡིན་པ་རེད་ཅེས་ཟེར།

  དཔྱིད་ཀྱི་དཔལ་མོ་བཞད་དེ་དགུན་ཁ་ཚང་མལ་དུ་ཉལ་བའི་སེམས་ཅན་ཀུན་ཀྱང་ཡར་ལངས་བའི་དུས་དག་ཏུ་ནམ་མཁར་སྤྲིན་འཁྲིགས་ཤིང་། འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་པ་ན། ང་སྐྱེ་སྒོ་ཡངས་ཟེར་ནས་འབོད་དགོས། དེ་ནི་ལོ་གཅིག་གི་ཐོག་མའི་འབྲུག་སྐད་དེ་གྲགས་པས་དེ་ལྟར་བོས་ན་རང་ཉིད་ཀྱི་གཟུགས་བོང་སྐྱེ་སྟོབས་རྒྱས་པར་བཤད། དབྱར་གཞུང་དག་ལ་དགུང་དྲོའི་མཚམས་སུ་གློ་བུར་དུ་སྤྲིན་ནག་འཁྲིགས་ཤིང་ཐོག་འབྲུག་གློག་ཞགས་འཁྱུག་པ་ནི་འཇིགས་སྣང་སྐྱེ་བ་ཞིག་ཡིན། དེ་བས་འབྲོག་པ་ལ་ལས་བདུག་པ་བདུག་སྟེ་ཐོག་མི་འབེབ་པར་བྱེད་ལ། ཡང་ཐོག་འབྲུག་གློག་ཞགས་བྱ་དུས་བདུག་པ་བདུག་མི་རུང་བ་དང་ཤིང་སྡོང་གི་འོག་ཏུ་ཆར་བཞའ་བྱས་ནས་ཀྱང་འདུག་མི་རུང་བར་བཤད། ནག་ཚང་ལ་ཐོག་སྲུང་བའི་ནུས་པ་ཡོད་རབས་ནི་མི་བཤད་ཀྱང་། འབྲུག་གྲགས་དུས་ནག་ཚང་ནང་འདུག་མི་ཉན་ཟེར་ནས་བཤད་མི་དར།

  དབྱར་ཁ་ཚེས་དུས་འབྲོག་པ་དག་ལ་སྲུང་མདུད་གཉིས་རེ་ཇེ་མང་དུ་འགྲོ་བ་ཡིན་ཏེ། གཅིག་ནི་ཐོག་སྲུང་དང་། གཞན་དེ་ནི་སྦྲུལ་སྲུང་ཡིན། ཐོག་སྲུང་ནི་ཐོག་གི་རྐྱེན་ངན་མི་འབྱུང་བའི་ཆེད་དུ་ཡིན་ཀྱང་། སྦྲུལ་སྲུང་ནི་སྦྲུལ་གྱི་འཇིགས་པ་སྲུང་བའི་ཆེད་དུ་མིན་པར་རྩྭ་འཐུ་ས་ནས་སྦྲུལ་མི་གསོད་པའི་ཆེད་དུ་ཡིན་པ་འདྲ་སྟེ། རྩྭ་འཐུ་བར་འགྲོ་དུས་ད་གཟོད་ཁྲ་བོ་བྱས་ནས་སླས་ཤིང་མདུད་པའི་སྲུང་མདུད་དེ་ལག་པར་འདོགས་པ་ཡིན།
                                    ༢༠༢༤ལོའི་ཟླ་བ༢ པར་བྲིས།

                              ༢༠༢༥ལོའི《གངས་དཀར་རི་བོ》དེབ་ལྔ་པར་བཀོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དབྱར་མཚེར་གུང་ཡིག་ཁ།

2025-11-02 མཛོད་རྒུ·ཏིང་འཛིན་འཕྲིན་ལས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།