ཀླུ་ཁོག་འབྲོག་ཐང་། ནམ་མཁའ་གཡའ་དག
——ཕུ་བོ་ལགས་རྗེས་སུ་དྲན་པ།
གཅིག
“གཟུགས་ནི་ལྷོ་སྤྲིན་འདྲ་སྟེ་ཁད་ཀྱིས་འཇིག །
སྲོག་ནི་བལ་ཐག་འདྲ་སྟེ་གྱི་ན་ཙམ། །
དབུགས་ནི་ན་བུན་འདྲ་སྟེ་ཡོད་ལ་མེད། །
ཚེ་འདི་གློག་དང་འདྲ་སྟེ་སྐད་ཅིག་མ། །
འོ་སྐོལ་ཕུང་བོ་འདི་ལ་ཕངས་མཛད་ཀྱང་། །
ཁྲེལ་མེད་སླེས་ལ་བོར་བ་མཐོང་བཞིན་དུ། །
སྒྱུ་མ་རྟག་ཏུ་རེ་བ་བློ་རེ་རྨོངས། །
སྟོང་བ་དངོས་པོར་ལྟ་བ་བློ་རེ་འཁྲུལ། ། ”[1]
ཐང་སྟོང་གི་མེ་ཕུང་ཆར་གྱིས་བཅིལ་པ་དང་མཚར་སྡུག་གི་འདབ་མ་རླུང་གིས་ཁྱེར་བ་བཞིན། ཕུ་བོ་གཉིས་པ་མི་ཡུལ་དང་བྲལ་ནས་ལོ་ངོ་ཧྲིལ་བོ་གཅིག་ཏག་ཏག་འཁོར་ཡོད། ཉིན་མཚན་དུ་བྱས་ན་སུམ་བརྒྱ་དྲུག་ཅུ་ལྷག་རེད་ལ། དུས་ཚོད་དུ་བྱས་ན་བརྒྱད་སྟོང་བདུན་བརྒྱ་དང་དྲུག་ཅུ་ལྷག་རེད།
ན་ནིང་གི་ད་ཚོད་ཇི་བཞིན། ཀླུ་ཁོག་འབྲོག་ཐང་དུ་ཡང་བསྐྱར་དགུན་ཁ་སླེབས་བྱུང་། དེས་མི་ཚད་རླུང་ཡང་ལྡང་བྱུང་། དབྱིངས་ཀྱི་སྤྲིན་པ་དེད། ས་ཡི་གཙང་པོ་བསྐྱོམས། མགོ་ཡི་སྐྲ་ལོ་དང་སྐེད་ཀྱི་སྐ་རགས་བསྐྱོད། གཡའ་དག་པའི་ནམ་མཁའ་སྟོང་བ་འདིའི་འོག་ཏུ། ཁུར་མོང་རྐང་གཅིག་རླུང་གིས་ཁྱེར་བས་འཇིག་རྟེན་ལ་གྲག་འགུལ་ཅི་ཡང་བཟོ་མི་སྲིད་པ་ཇི་བཞིན། བྱིའུ་ཞིག་རྡོ་ཐོག་ནས་འཕུར་བས་ཤུལ་དུ་གང་ཡང་མི་ལྷག་པ་ཇི་བཞིན། གང་ཟག་གཅིག་གཏན་ཏུ་གྱེས་པས་ཀྱང་འཁོར་བའི་བགྲོད་པ་ལ་བར་ཆད་དང་འགྱུར་བ་ཅི་ཡང་མེད་པར་སྣང་། རྩྭ་རྩེའི་ཟིལ་བ་བཞིན་ཁུ་སིམ་མེར་ཆགས་ལ་ཁུ་སིམ་མེར་བསྐམས། སུས་ཀྱང་སྣང་འཇོག་དང་དོ་ཁུར་བྱེད་མི་བཏུབ་པ་འདི་རྒྱང་ཐག་རིང་དྲག་པས་ཡིན་ནམ། ཕྱི་ཐག་ཐུང་དྲག་པས་ཡིན།
ཤི་གསོན་འདུ་བྲལ་གྱི་སུམ་མདོར་སླེབས་དུས། ང་ཚོར་མིག་ཆུ་མེད་ལ་སྐྱོ་གདུང་ཡང་མེད། ང་ཚོར་ལྷག་པ་ནི་ཁུ་སིམ་དང་དྲན་པ་ཁོ་ན་རེད། མི་རིང་མི་ཐུང་གི་ལོ་ངོ་གཅིག་ལ། དྲན་གདུང་མཚོན་བྱེད་དུ་ཕུལ་བའི་བྱ་ལས་ཐ་དག་ནི་རང་ཉིད་ཀྱི་ནང་སེམས་བདེ་ལ་འགོད་ཐབས་ཙམ་ལས་ཅི། སྡུག་བསྔལ་ནི་ལྭ་བ་ཞིག་ཡིན་ན་དེ་ལ་རྙིང་རྒྱུ་ཡོད་པ་བདེན་མོད། དྲན་པ་ནི་བྱུ་རུ་དང་འདྲ་བས་ཟད་ཀྱིན་ཟད་ཀྱིན་མདོག་ཇེ་ཡོད་ཇེ་གསལ་རེད། གཏན་བྲལ་བྱུང་སྟེ་ལོ་ངོ་གཅིག་འཁོར་བའི་མཚམས་འདིར། ཕུ་བོའི་ཕྱོགས་སུ་ཅི་ཞིག་གཏོང་འདོད་ཀྱི་འདུན་པ་དྲག་ཏུ་འཕག་ཀྱང་ལག་ལེན་དུ་བཏབ་ཚེ་སྔམ་པ་ཙམ་ལས་གཞན་ལྷག་པ་མི་འདུག ཞིབ་འདང་ཞིག་བརྒྱབ་ན། ང་ནི་ཡི་གེའི་ལས་ཀར་འཇུ་མཁན་ཞིག་ཡིན་པས་དྲན་པ་དང་བག་ཆགས་དེ་དག་ཚིག་གི་རི་མོར་ཕབ་སྟེ། ཁོང་ལ་སྐྱེལ་མ་ཞིག་བྱས་ན་ག་འདྲ་འདུག་ཨང་སྙམ་པའི་ཀུན་སློང་གིས་གཤམ་གྱི་འདས་དྲན་གྱི་སྐད་ཆ་དག་བྲིས་ཏེ་ཁོང་གི་ཕྱོགས་སུ་བསྲིངས་པ་དགེའོ། །
ཕུ་བོ་གཉིས་པ་ང་ལས་ལོ་བཅུ་ཡིས་རྒན་ལ། ངེད་གཉིས་ཀྱི་འབྲེལ་བ་དང་འདང་བརྩེ་ནི་ཅུང་དམིགས་བསལ་བ་ཞིག་ཡིན། ངས་བཤད་པའི"དམིགས་བསལ་བ"ཞེས་པ་ནི་ཆགས་སྡང་སྐྱ་འཐབ་པའི་སེམས་བྱུང་ཞིག་ལ་གོ་ན་འགྲིག་སྙམ། ངེད་གཉིས་ནི་ཀུན་པོའི་མིག་དཔེར་རུང་བའི་ཕུ་ནུ་ཞིག་མིན་སྲིད་ལ། གཞན་གྱིས་གྲིབ་མ་མཐོང་ན་གྲི་གཙག་དང་མིང་ཙམ་ཐོས་ན་མཆིལ་མ་འདེབས་པའི་རིགས་ཀྱང་གཏན་ནས་མིན།
གཉིས།
ད་ནས་ཡར་བརྩིས་པའི་ལོ་ངོ་ཉེར་བརྒྱད་ཀྱི་སྔོན་ཏེ། སྤྱི་ལོ1997ལོའི་དབྱར་ཁ་ཡིན་པ་འདྲ། ལོ་དེ་ནི་ང་ལ་མཚོན་ན་མི་ཚེའི་དཀྱོག་མཚམས་ཆེན་པོ་ཞིག་ཡིན། དབྱར་ཟླ་དྲུག་པའི་ཟླ་མཇུག་ཏུ་ང་རང་ཕོ་ལོ་བཅུ་གཉིས་ལ་སོན་ཞིང་སློབ་ལོ་རན་པའི་ལོ་ཐ་མ་རེད། གལ་ཏེ་ལོ་དེར་རྟགས[2]་མ་བབས་ཚེ། གཞུག་ནས་སློབ་གྲྭར་འགྲོ་བའི་རྟགས་གྲལ་ལ་ཞུགས་མི་དགོས། ཡིན་ཡང་། ལས་དབང་ཟེར་ན་འདྲ། སྟབས་མ་ལེགས་ཟེར་ནའང་ཆོག གང་ལྟར་ཏག་ཏག་ལོ་དེར་ང་ལ་སློབ་གྲྭར་འགྲོ་དགོས་པའི་རྟགས་བབས་བྱུང་། གདམ་ང་གཉིས་ལས་མེད་དེ། འབྲོག་ལས་བསྐྱུར་ཏེ་སློབ་གྲྭར་འགྲོ་བའམ། ཆད་པ་ཁུར་ཏེ་ཁྱིམ་ནས་འདུག་རྒྱུ་དེ་རེད། དྲིན་ཆེན་ཨ་མ་དང་ཕུ་བོ་རྒན་པ་གཉིས་ཀྱིས་ངའི་འདོད་ཐོག་ལ་འཇོག་ཟེར། སློབ་གྲྭར་འགྲོ་འདོད་མེད་ན་ཁྱིམ་ཚང་གཞན་པའི་བྱིས་པ་ནང་བཞིན་ཆད་པ་ཁུར་ནས་ཡུལ་ནས་བཟུང་ཆོག་ལ། འགྲོ་འདོད་ན་ནི་ཁོ་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཟེར། སྐབས་དེར་ངས་འདང་རྒྱག་སྤུ་ཙམ་མེད་པར་རྩྭ་ཐང་གི་འོ་དྲི་བསྐྱུར་ནས་སློབ་ར་ཡི་སྐྱ་ཐོ[3]་བདམས་དོན་ནི་ནོར་ལུག་འཚོ་སྐྱོང་ལ་སུན་སྣང་སྐྱེས་པ་མིན་ལ། འབྲོག་ཐང་གི་སྟོང་འཇགས་དང་ཁ་ཆར་ལ་བྱོལ་འདོད་པ་དེ་བས་ཀྱང་མིན། ང་ནི་རྟ་གཤིབ་ལ་ཧ་ཅང་སུན། དེ་ལྟར་བཤད་ནའང་འོས་འཚམ་མིན་ཏེ། དོན་དུ་ང་རང་རྒྱུག་རྟར་ཞོན་རྒྱུར་ཤིན་ཏུ་སུན། ལྷག་པར་དུ་དབོས[4]་རྒོད་ལྟ་བུའི་རྒྱུག་རྟར་ཞོན་པ་ནི་སུན་སྣང་ཙམ་ལས་འདས་ཏེ་སྐྲག་སྣང་གི་ཚད་དུ་ལྷུང་ཡོད། དབོས་རྒོད་ནི་རང་ཉིད་ཀྱི་བདག་པོ་ནང་བཞིན་མཛེ་ཆེ་ཞིང་རྫི་གསང་དོད་པོ་འདུག་པས་ཉེ་སར་བཏུད་རྒྱུར་ཡང་ཉེན་ཁ་ཆེན་པོ་བརྒྱུད་དགོས། དབོས་རྒོད་ཀྱི་བདག་པོ་ནི་ངའི་ཕུ་བོ་གཉིས་པ་ཡིན། དབོས་རྒོད་ཀྱི་མཛེ་དང་ཕུ་བོའི་རླུང་ཚ་པོ་གཉིས་ནམ་རྒྱུན་དུས་གཅིག་ཏུ་ཡོང་ལ་དུས་གཅིག་ཏུ་ཞི་འགྲོ། དེ་ནི་ཀླུ་ཁོག་གི་མི་རྟག་པའི་རླུང་བུ་བཞིན་ནམ་ཡོང་ནམ་འགྲོ་ལ་ངེས་གཏན་ཅི་ཡང་མེད། དེས་ངའི་བྱིས་དུས་ཀྱི་ནང་སེམས་ལ་སོས་མེད་ཀྱི་རྨ་ཁ་དང་འཇིགས་སྣང་བཞག་པ་ཐེངས་གཅིག་ཙམ་ག་ལ་ཡིན།
རྩྭ་ཐང་གི་འབྲོག་ཕྲུག་ཅིག་ཡིན་ཕྱིན་མ་མཐའི་རྩལ་ནུས་གཉིས་འཛོམས་དགོས་ཏེ། གཅིག་ནི་བཞོན་པར་ཞོན་ན་གྲིམ་པོ་ཡིན་དགོས་ལ། གཞན་ཞིག་ནི་ཁ་ཡ་ན་ཟླའི་གྲལ་ནས་དཔའ་མིང་ཅུང་ཟད་ཡོད་དགོས། སྐབས་འདིར་བཤད་པའི་དཔའ་སྤོབས་ནི་གཅིལ་རེས་དང་གསོད་རེས་མི་ཕོད་ཀྱང་རྡུང་རེས་ཕོད་མཁན་ཞིག་ཡིན་དགོས། དེའི་རྒྱུ་མཚན་ཅི་ཡིན་འབྲོག་པའི་འཚོ་བ་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་བཤད་མི་དགོས།
ང་རང་ཕུ་བོ་གཉིས་པའི་རྒྱུག་རྟ་དེར་ཞོན་རྒྱུར་སུན་པ་ནི་སྤྱིར་བཞོན་པར་སུན་པ་མིན་ལ། རྟ་གཤིབ་ལ་སུན་པའང་མིན། དབོས་རྒོད་ཀྱི་མཛེ་དང་ཕུ་བོའི་ཁྲོ་ཉམས་དེ་མཐོང་ཐེངས་རེར་རྟ་རྒྱུགས་ལ་མ་གཞིར་མངའ་བའི་རང་དབང་གི་ཚོར་བ་དང་འགུགས་ཤུགས་དེ་ཉམས་པར་འགྱུར། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དབོས་རྒོད་ནི་གོམ་ལག་བདེ་ཞིང་རྣམ་རིག་རྒོད་ལ། གོང་དུ་བུད་ཚེ་བུད་མེད་ཅིག་ཡིན་ཡང་ཁ་ལོ་བསྒྱུར་སླ་བས་རྒན་དར་གཞོན་གསུམ་གྱི་བློ་རྟ་ཡིན་ཟེར་ཡང་མི་ཆོག་པ་མེད། ཡིན་ཡང་དེ་ལ་སྐྱོན་ཞིག་ཡོད་པ་ནི་འདུ་འཛི་ཆེ་བའི་ཡུལ་དང་མི་ཚོགས་རྒོད་པའི་དུས་སུ་ལྡབ་འགྱུར་གྱིས་ཇེ་རྒོད་དུ་སོང་སྟེ་མི་སུ་ཡིན་ཡང་བཏུད་དུ་འཇུག་རྒྱུ་གཏན་ནས་མི་དཔེ། གཞུག་ཏུ་བུད་ན་འཕྲ་ཡིས་རྒྱག་པ་དང་སྔུན་ལ་བུད་ན་སོ་འདེབས་པ། གཞོགས་ནས་འཇབ་ན་ལག་རྡེབ་ཀྱིས་རྒྱག་པ། རྟ་གཞན་པ་ཞིག་གི་གོང་ནས་ཕར་ཞོན་ན་གག་གིས་ལངས་པ་དང་ཐ་ན་སྒིག་པའི[5]་ཉིན་མོའང་ཡོད། དབོས་རྒོད་ཀྱིས་དེ་ལྟར་རྟ་རྩལ་བ་ཞོན་དུ་མ་བཅུག་ཚེ། རྟ་བདག་ལ་རླུང་ཆེན་པོ་ལངས་ནས་རྟ་དང་རྟ་རྩལ་པར་གཤེ་གཤེ་གཏོང་བ་དང་སྡིགས་མོ་བྱེད་པ། སྐད་ལྡིག་བྱེད་པ་སོགས་ནམ་མཁའི་ལྷོ་སྤྲིན་འཁྲིགས་འཁྲིགས་དང་དབྱར་ཁའི་དྲག་ཆར་འབེབ་འབེབ། དགུན་ཁའི་ཁ་བ་འཚུབ་འཚུབ། དཔྱིད་ཀྱི་རླུང་དམར་ལྡང་ལྡང་གིས་ངའི་མགོ་ཐོག་ཏུ་ཡོང་བ་ཐེངས་གཅིག་ག་ལ་ཡིན། ང་རང་ལོ་བདུན་བརྒྱད་ནས་ལོ་བཅུ་གཉིས་བར་དུ་དབོས་རྒོད་བཞོན་ནས་རྟ་རྒྱུགས་གྲངས་མེད་ཅིག་ལ་ཞུགས་མྱོང་། ལོ་ངོ་དེ་དག་གི་རིང་ལ། ང་དང་དབོས་རྒོད་གཉིས་ཀྱིས་མནར་གཅོད་མང་པོ་ཞིག་མྱོང་བ་བཤད་ག་ལ་དགོས།
ངས་ཆེས་གདོང་གཏོད་མི་འདོད་པ་དང་ལས་སུ་ཞུགས་མི་འདོད་པ་ནི་རྟ་རྒྱུགས་ཀྱི་ཉིན་མོ་དག་ཡིན། རྟ་ཕོ་བང་གིས་རྒྱུག་སྐབས་ང་རང་རྟ་གོང་ནས་ལྷུང་མྱོང་ལ། རྟ་ཕོ་རི་ངོས་ནས་ཐུར་ལ་ཤོར་ཏེ་རྒྱུག་ཞོར་དང་སྒིག་ཞོར་བྱས་ནས་རྨིད་ལྔ་བརྒྱ་ལྷག་ལ་བྲོས་ཀྱང་ང་རང་རྟ་གོང་དུ་གཟེར་མ་བརྡབས་པ་བཞིན་མ་ལྷུང་བའི་སྐབས་ཀྱང་ཡོད། རྟ་བདག་འགའ་རེས་ང་ལ"རྟ་རྩལ་བ་གྲིམ་པོ"རེད་ཟེར་ནས་བསྟོད་པ་བྱེད་ལ། ཡང་རེ་འགས་"རྟ་རྩལ་བ་འདྲ་མེད་རེད"ཅེས་སྨད་པ་བྱེད། ཡིན་ཡང་། ང་རང་ཉིད་ལ་མཚོན་ན་རྟ་བཞོན་ན་གྲིམ་མིན་དང་ཁོ་ཚོ་དགའ་མིན་ལ་སྤྲོ་བ་ཅི་ཡང་མེད། ངའི་སེམས་ཁུར་བྱེད་ས་གཙོ་བོ་ནི་ཕུ་བོ་གཉིས་པའི་རླུང་དེ་ནམ་ལངས་མི་ཤེས་པ་དེ་ཁོ་ན་རེད།
ཚར་རྒྱུ་མེད་པའི་རྟ་རྒྱུགས་དེ་ལོ་རེའི་སོས་མགོ་ཚུགས་པ་ནས་སྟོན་མགོ་ནག་རག་བར་མཚམས་འཇོག་རྒྱུ་མེད་ལ། རྟ་རྒྱུགས་ཆེ་མ་ཆུང་གསུམ་གྱི་གོ་བརྩམས་མ་ཐག་ང་ལ་ཡང་སེམས་ཁུར་ཆེ་མ་ཆུང་གསུམ་གྱིས་མནར་གཅོད་གཏོང་མགོ་ཚུགས། རྒྱུ་མཚན་དེའི་དབང་གིས་ཡིན་མིན་ངས་ཀྱང་བཤད་དཀའ་མོད། གང་ལྟར་སྐབས་དེར་ཨ་མ་དྲིན་ཆེན་མ་དང་ཕུ་བོ་རྒན་པ་གཉིས་ཀྱིས་ང་རང་སློབ་གྲྭར་འགྲོ་རྒྱུར་འཐད་པ་ཡིན་མིན་འདྲི་སྐབས་ངས་ཐེ་ཚོམ་ཅི་ཡང་མེད་པར"ང་རང་སློབ་གྲྭར་འགྲོ་རྒྱུ་ཡིན"ཞེས་བཤད་པ་ཡིན། ད་ཕྱིར་འདང་བརྒྱབ་ན་དེ་ནི་ཕུ་བོ་གཉིས་པའི་རླུང་ཚ་པོ་དང་དབོས་རྒོད་ཀྱི་མཛེ་དྲག་པོ་དེར་བྱོལ་ཆེད་མིན་ཞེས་བཤད་དཀའ།
ཐ་ན་སློབ་གྲྭ་ནས་ཨ་མ་དང་རང་ཁྱིམ་ཇི་ལྟར་དྲན་ཡང་ཕྱིར་ཡུལ་ལ་མ་བྲོས་པ་དང་། སློབ་གྲྭ་ནས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་ལ་འབད་པ་བྱས་པའི་རྒྱུ་མཚན་ཡང་འདི་དང་རག་ལས་ཆེན་པོ་ཡོད་སྙམ། འདི་ལྟར་བཤད་ན། ཀློག་མཁན་མང་པོ་ཞིག་གིས་ངས་འདས་པོ་ཁོང་ལ་ལེ་བདའ་དང་འཁང་ར་བྱེད་ཀྱིན་འདུག་སྙམ་ན་ཐང་། དེ་ནི་ཁྱོད་ཚོ་ནོར་བ་རེད། ངས་ཁོང་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་ཡི་ཡོད། རྟག་པར་ནོར་འཁྲུལ་ཅན་གྱི་མིས་ང་ཚོར་ཡང་དག་པའི་མི་ཚེའི་བསླབ་བྱ་སྟོན་གྱི་ཡོད་པ་བདེན་པར་སྣང་སྟེ། ཁོའི་རང་གཤིས་མཁྲེགས་པོ་དང་རླུང་ཚ་པོ། རྟ་རྒྱུགས་ལ་དགའ་བའི་སེམས་ཁམས་དང་ངོ་གདོང་ནག་པོ་དེས་ང་རང་ལ་འབྲོག་ལས་མ་ཡིན་པའི་ལམ་གཞན་ཞིག་སྟེ་སློབ་གྲྭ་འགྲིམ་དུ་བཅུག་པ་རེད། གལ་ཏེ་ཁོང་གི་བཀའ་དྲིན་མིན་ན་ང་རང་སློབ་གྲྭར་སོང་མེད་ལ། རྒྱལ་ཁབ་གཞན་གྱི་སྐད་རིགས་སྦྱོང་བ་དང་དཔེ་ཆའི་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ལོངས་སུ་སྤྱོད་པ། ནང་སེམས་ཀྱི་སེམས་འགྱུ་མཐུར་མེད་རྣམས་རྩོམ་ཡིག་ཏུ་འབྲི་བའི་སྐལ་བ་འདི་ཡང་ལྡན་མི་སྲིད་དོ། །
གསུམ།
སྤྱི་ལོ1992ལོའི་སྟོན་ཁར་ངེད་ཚང་གི་རུ་ལབ་ཙེ་རི་གསུམ་ན་ཡོད། དེ་དུས་ང་ལོ་བདུན་ཙམ་ལ་སོན་ཡོད། ལོ་དེའི་སྟོན་ཁར་ཁོང་ཁྱིམ་ཚང་ཕྱུག་པོ་ཞིག་ལ་མག་པར་བྱིན། དེ་དུས་ཁོང་ཕོ་ལོ་བཅུ་བདུན་ལ་སོན་མ་ཐག་རེད།
ཞོགས་པའི་ཉི་རྩེ་རི་ལ་བརྒྱབ་མ་ཐག་ཁོ་རང་སྐྱེལ་མཁན་གྱི་ཨ་ཞང་ཨ་ཁུ་གཙོར་བྱས་མི་རྟ་ཉི་ཤུ་ལྷག་གིས་ཕྱིང་གུར་ལ་གཡས་སྐོར་ཐེངས་གསུམ་བརྒྱབ་རྗེས་རྡུལ་དམར་ཞིག་དང་མཉམ་དུ་ལབ་ཙེའི་ཉག་ཁ་གཟས་ཏེ་ཞོགས་སོང་བའི་སྣང་བརྙན་དེ་ད་དུང་ངའི་ཡིད་ན་གསལ་ལེར་གནས་ཡོད། ཨ་མ་ལགས་ཀྱིས་ཤུག་དམར་གྱི་བཞོ་ཟེའུ་བཟུང་སྟེ་ཕུ་བོའི་གཞུག་ཏུ་འོ་མས་མཆོད་འཕངས་ཤིང་ཁ་ལས་རླུང་རྟ་དར་བའི་གསོལ་འདེབས་བྱས། ཨ་ཕྱི་དང་ཨ་ཅེ་སོགས་གུར་ཕུག་ཏུ་འཛུལ་ནས་སེམས་སྡུག་གི་མགོ་བོ་ནང་དུ་དུད་དེ་སྔམ་པ་འཐེན་པ་དང་མིག་ཆུ་འབྱིད་པ་སོགས་བྱེད་ཀྱང་། ང་ལ་དེ་འདྲའི་སྐྱོ་སྣང་དང་སེམས་སྡུག་ཅི་ཡང་མེད་པ་མ་ཟད། ཁོ་རང་མག་པར་སོང་བ་དེ་ང་ལ་མཚོན་ན་དོན་བཟང་ཞིག་མིན་པའི་ངེས་པའང་མེད་དེ། དེ་དུས་ནམ་རྒྱུན་ང་ལ་གཤེ་གཤེ་གཏོང་མཁན་དང་བཙན་ཤེད་འཁོལ་མཁན་དེ་རྒྱང་རིང་ཞིག་ལ་ཆས་ན་ཅི་མ་རུང་སྙམ་པའི་འདུ་ཤེས་ཀྱང་སྐྱེས་མྱོང་། ཡང་གཅིག་བཤད་ན། སྐབས་དེར་བསམ་པ་དེ་ལྟར་འཆང་མཁན་ནི་ང་གཅིག་པུ་མིན་པ་འདྲ་སྟེ། ཨ་ཞང་དང་ཨ་མེས་སོགས་ཀྱི་སེམས་སུ་ཆེས་མགོ་ན་ས་དང་སེམས་ཚེགས་ཆེ་ས་དེ་ངའི་ཕུ་བོ་གཉིས་པ་ཡིན་ས་རེད། ནམ་རྒྱུན"ཞི་ལི་འདི་ལམ་ལ་མི་འགྲོ་ཁོ་ཐག་རེད། གྲྭ་བ་ཞིག་བྱེད་ཐུབ་ན་ཅི་མ་རུང་། "ཟེར་ལ། སྐབས་རེར"འདི་འདྲའི་མི་སྐོར་ལོག་ཅིག་གྲྭ་བ་བཅས་ཀྱང་དགེ་བ་ལས་ཉེས་པ་ཆེ། སྡུག་ཕྲུག་ཅིག་རེད་ཡ། "ཞེས་ཐབས་ཟད་འུ་ཐུག་གི་ལེ་བདའ་དང་སྡུག་སྨྲེ་འདོན་པ་རེད། ཡིན་ཡང་། འཇིག་རྟེན་གྱི་དོན་བྱ་མང་པོ་ཞིག་གི་འཁོར་ཕྱོགས་ནི་གང་ཟག་གི་བློ་ཡིས་སྟངས་འཛིན་བྱེད་ཐུབ་པ་ཞིག་ག་ལ་ཡིན། ལོ་དེའི་ཕྱི་ལོ་སྟེ་སྤྱི་ལོ1993ལོའི་དཔྱིད་ཀར་ཕུ་བོ་ཕྱིར་ཁྱིམ་དུ་ལོག་བྱུང་། ཡང་དེ་ནས་བཟུང་ངའི་སུན་སྣང་གི་ལོ་ཟླ་མགོ་བརྩམས་བྱུང་།
ངའི་དྲན་པས་ཟིན་ཚོད་ནས་བཟུང་། ངེད་མིང་སྲིང་བཞི་ལས་ཀུན་གྱི་མིག་ལམ་དང་རྣ་ལམ་ནས"མ་རབས་པྲ་ཆལ”དང"ཁ་ལས་མི་དགེ་བའི"མི་ཁ་འཁུར་མཁན་ནི་ཕུ་བོ་གཉིས་པ་ཡིན། རང་གཤིས་རྒོད་ཅིང་ན་རག་ཆེ་ལ། ན་བ་ཚ་བ་མེད་ཅིང་སྐོམ་པ་ལྟོགས་པ་མེད། གྲང་རྒྱུ་ཕྱིད་རྒྱུ་མེད་ལ་སྐྲག་རྒྱུ་འཇིགས་རྒྱུ་མེད་པ་དེ་ཡང་ཁོང་ཡིན། རྒྱུ་མཚན་ཁོང་ནི་ཆུང་དུས་ནས་རྒན་པ་རྣམས་ཀྱིས་མགོ་ཐོག་ཐོད་ཐོག་ཏུ་བཞག་མ་མྱོང་ལ། སྐྱིད་ས་བདེ་ས་དང་ཞིམ་པོ་དྲོན་པོ་ཡི་ཁོར་ཡུག་ཀྱང་བསྐྲུན་མ་མྱོང་བ་མ་ཟད། ལྡོག་སྟེ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་གང་ཡིན་རུང་ས་རྒྱག་རྡོ་རྒྱག་བྱས་ཤིང་དཀའ་ས་ཁེག་སར་མངགས་ནས་ནར་སོན་དུ་བཅུག་པས་དཀའ་སྡུག་ལ་མི་སྐྲག་པའི་སྙིང་རུས་དེ་ཁོའི་ཤ་གསེང་རུས་གསེང་དུ་ཟུག་ནས་ཡོད། ལྷག་པར་དུ་ཁོ་རང་དར་མར་སོན་དུས་གཉའ་མི་འཆག་པའི་རང་གཤིས་དེ་གསལ་བོར་མཐོང་ཐུབ། ཨ་མེས་དང་ཨ་ཞང་། ཨ་མ་དང་ཕུ་བོ་རྒན་པ་སོགས་སུ་ཡིན་ཡང་ནམ་རྒྱུན་ལེ་འདེད་ས་དང་གཤེ་གཤེ་གཏོང་ས་སྟེ། ས་འདེད་སའི་དོང་དང་སྣབས་བསྐུ་སའི་ལག་ཕྱི་དེ་ནམ་ནམ་ཞར་ཞར་ཁོང་ཡིན་རེད། དེ་ལ་རྒྱུ་མཚན་མང་པོ་མེད་དེ། ཁོ་རང་ན་རག་ཆེ་ཞིང་རང་གཤིས་རྒོད་པས་ཁྱིམ་མི་ཚོས་བྱིས་པའི་དུས་ནས་སློབ་གསོས་འདུལ་བསམ་པ་རེད། འོན་ཀྱང་ཁྱིམ་མི་རྣམས་ཀྱི་བྱེད་ཐབས་དེ་རིགས་ཀྱིས་ཁོང་གི་གཤིས་ཀ་རྩིང་པོ་དང་ངང་རྒྱུད་རྒོད་པོ་དེ་འདུལ་རྒྱུ་ཕར་ཞོག རླུང་བུ་མེ་གྲོགས་དང་ཆར་བ་ཆུ་གྲོགས་སུ་སོང་བའི་སྐབས་ཀྱང་མང་དུ་ཡོད།
གང་ལྟར་ཆུང་དུས་ནས་ལས་ཀ་ཆེ་ཆུང་སྣ་ཚོགས་ལ་བཙན་གྱིས་འཇུག་ཏུ་བཅུག་པ་དང་ཕངས་མེད་ཀྱིས་ས་རྒྱག་རྡོ་རྒྱག་བྱས་ཏེ་ནར་སོན་པས། ཁོང་ལོ་ན་ཆུང་ཆུང་ཡིན་དུས་ནས་རང་མགོ་ཐོན་ཞིང་ནུས་པ་ཅན་ཞིག་ཡིན་ཟེར། རང་གིས་འདོད་ཚེ་ལས་ཅི་བྱས་ཀྱང་གོ་ཆོད་ཅིག་ཡིན་ཟེར། འདི་ནི་ཨ་མ་ལགས་ཀྱིས་ཁོང་ལ་ཕུལ་བའི་ཆེས་མཐོ་བའི་གདེང་འཇོག་རེད་ཅེ་ནའང་མི་ཆོག་པ་མེད།
ཨ་མ་ལགས་ཀྱིས་གསུངས་པ་ལྟར་ན། ཁོང་ལོ་ལྔ་དྲུག་ཙམ་ནས་བེའུ་རྫི་ཐུབ་ཅིང་བེའུ་འཐེན་འཕུད་བྱེད་ཐུབ་པ་མ་ཟད། འོ་འཁོར་བསྐོར་པ་དང་ཨོང་བ་སྐྱེལ་བ། ལྕི་བ་འཕེན་པ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་ཕྲག་ཏུ་ཁུར་མྱོང་། ལོ་དྲུག་བདུན་ནས་རྟ་གོང་ནོན་ལ། ལོ་བརྒྱད་ཙམ་ནས་རྒྱུག་རྟ་ཞོན་ཏེ་ཀུང་ཧྲེ་དང་རྫོང་རིམ་པའི་འགྲན་ཚོགས་ཆེ་གྲས་ལ་ཞུགས་མྱོང་རེད། ཡང་དེ་ཙམ་ནས་བཟུང་དབྱར་དགུན་སྟོན་དཔྱིད་ལ་དབྱེ་བ་མེད་པར་རྫ་ཁ་རི་ཁ་ནས་ནོར་རྫི་དང་ལུག་རྫི་བྱས་ཤིང་། ཡང་རྫ་ཁོག་ལུང་ཁོག་ནས་རས་གུར་ཆུང་ཆུང་ཞིག་ཕུབ་སྟེ་ཁོ་གཅིག་པུ་ཟོག་བ་དང་ལུག་བར་བསྡད་མྱོང་། དེང་སང་གི་བྱིས་པ་ལོ་དགུ་ཅན་ཞིག་གིས་བསྒྲུབ་མི་སྲིད་པ་དང་འགྲུབ་མི་སྲིད་པའི་ལས་ཀ་མང་པོ་ཞིག་ཁོང་གིས་ཆུང་དུས་ནས་བསྒྲུབ་དགོས་ལ་འགྲུབ་ཀྱང་དགོས། འགྲུབ་ཀྱང་འགྲུབ། སྐབས་དེའི་ཁོང་ནི་གུང་ཐང་ཚང་གིས་གསུངས་པའི"བརྒྱུག་ན་གྱི་ལིང་རྟ་ཡང་ཟིན། ། བཟུང་ན་བྱང་ཁའི་འབྲོག་ཡང་ཐུབ། ། ཡང་ཟོར་ནམ་མཁའི་བྱ་དང་མཚུངས། ། ་་་་་་བང་རྩལ་ཅན་གྱི་རྟ་ཡང་ཞོན། ། "ཟེར་བའི་གཞོན་པའི་སྣང་བརྙན་དང་ཕྱོགས་ཡོངས་ནས་མཚུངས་པར་འདུག
ཁོང་གི་ལག་གཡས་པའི་དཔུང་ངར་དང་ལག་ངར་སྟེང་གི་སྡོམ་རྗེས་ལྟ་བུའི་རྨ་སྒྲོས་ཆེན་པོ་དེ་དག་མཐོང་ཐེངས་རེར་ལོ་ངོ་མང་པོའི་སྔོན་འབྲོག་ཁྱི་གཉིས་དང་དམར་འཛིང་བྱས་པའི་འདས་དོན་དེ་ཡིད་ལ་ཝ་ལེར་འཁོར་ཡོང་། དོན་དག་དེ་ཕལ་ཆེར་སྤྱི་ལོ1993ལོར་བྱུང་བ་འདྲ། དེ་དུས་ཁོང་ལོ་བཅོ་བརྒྱད་ལ་སོན་ཙམ་རེད། མག་པ་ནས་བྲོས་ཡོང་བའི་ལོ་དེའི་སྟོན་ཁ་རེད། དེ་དུས་འབྲོག་ཁྱིམ་བདུན་བརྒྱད་རེ་རུ་སྐོར་གཅིག་བྱས་ཏེ་བབས་ཡོད། ཁྱིམ་ཚང་ཕན་ཚུན་གྱི་ཁ་ཐག་ཉེ་བས་ནམ་རྒྱུན་ལུག་རྫི་དང་ནོར་རྫིར་འགྲོ་དུས་ཁྱིམ་མཚེས་ཚང་གི་འབྲོག་ཁྱིའི་ཉེ་འགྲམ་ནས་འགྲོ་དགོས། དེ་རུ་ཉེན་ཁ་ཆེན་པོ་ཞིག་སྐུང་ཡོད་པ་སུས་ཀྱང་ཚོར་མོད། སྐབས་དེར་ཁྱི་ཁ་མི་ཆོད་པའི་གསར་བུ་ཞིག་ཕལ་ཆེར་མེད་པས་ཁྱིམ་བདག་ཚོས་ཀྱང་དེ་འདྲའི་དོ་སྣང་མ་བྱས་པ་ཡིན་སྲིད།
ཉིན་ཞིག་གི་དགོང་མོར། ཕུ་བོ་མཛོ་གཉིས་བོར་སོང་བས་འཚོལ་དུ་སོང་སྟེ་ཕྱིར་ལོག་པའི་ལམ་བར་དུ་འབྲོག་ཁྱི་དེ་གཉིས་ཀྱིས་ལྕགས་ཐག་བཅད་དེ་ཤོར་ཡོད་པ་དང་འཕྲད། ཉིན་དེར་ཕུ་བོས་དབོས་རྒོད་ཞོན་ཡོད་ལ། མགོ་སྐོར་བསྐོར་ནས་འབྲོག་ཁྱི་གཉིས་ལས་གཅིག་ལ་བརྒྱབ་པས་ཁྱིས་ངུ་ཟུག་བྱས་པ་དང་མགོ་སྐོར་སར་ལྷུང་བར་དབོས་རྒོད་འདྲོགས་ཏེ་ཁུག་ལྡིང་བྱས་ཤིང་གག་གིས་ལངས་པས་སྒའི་གློ་ཐག་ཆད་དེ་ཕུ་བོ་རྟ་གོང་ནས་ལྷུང་། འབྲོག་ཁྱི་གཉིས་དེ་མ་ཐག་ཁོའི་སྟེང་མཆོངས་ཏེ་དམུར་རྐྱང་བྱས། ཕུ་བོ་བཙན་གྱིས་ཡར་ལངས་ཏེ་འབྲོག་ཁྱི་གཉིས་དང་ཁུ་ཚུར་དམར་འཛིང་བྱས་མཐར་གཅིག་རྨས་ཤིང་གཅིག་བྲོས། ཕུ་བོ་ཕྱིར་ཁྱིམ་དུ་ལོག་དུས་ཁྲག་ཟད་ནས་ལྷུང་ལ་ཁད་དུ་འདུག་ཅེས་ཨ་མ་དྲིན་ཆེན་མས་བཤད།
སྐབས་དེའི་འབྲོག་ཁྱི་ནི་དེང་སང་གི་སྒོ་ཁྱི་གཉིད་རྐྱལ་དག་དང་གཏན་ནས་མི་འདྲ་སྟེ། སྔོན་ཆད་ས་སྟོང་ལུང་ཁོག་རེ་ན་ཁྱིམ་ཚང་རེ་བབས་ཡོད་པ་དང་འགྲིམ་འགྲུལ་སོགས་སྟབས་བདེ་མིན་པས་ལམ་འགྲོ་བ་དང་མགྲོན་པོ་མཐོང་བ་དཀོན་ལ། ལན་རེར་མཐོང་དུས་ལྕགས་ཐག་གཅོད་ལ་ཁད་དང་ཁ་ནང་ནས་ཁྲག་ཡོང་ལ་ཁད་ཀྱིས་གསིག་འཐེན་བྱེད་པ་རེད་ལ། སྟབས་མ་ལེགས་པར་འདོགས་ཐག་ལས་ཤོར་ཚེ་མཇུག་འབྲས་གཉིས་འབྱུང་སྲིད་དེ། མི་བཙན་ན་ཁྱི་བསློག་ལ། ཁྱི་བཙན་ན་མི་གཏེད་ཀི་རེད། མཚན་མོ་དེར་ཕུ་བོ་འབྲོག་ཁྱི་གཉིས་ལས་རྒྱལ་བ་དེས་ཁོང་གི་དཔའ་སྤོབས་དང་བཙན་དྲག་ཤུགས་སུ་མཚོན་ཡོད།
རྗེས་ནས་ཤེས་གསལ་ལྟར་ན། ཕུ་བོ་དང་དམར་འཛིང་བྱས་པའི་འབྲོག་ཁྱི་གཉིས་ལས་གཅིག་གི་ལག་པ་ཞ་བར་གྱུར་ཅིང་གཞན་དེའི་མཆེ་བ་གསུམ་བཅག་འདུག་ཟེར། ཁྱི་བདག་གིས་ཕུ་བོ་ལ་གྱོད་བརྒྱབ་སྟེ“ཁྱི་སྟོང”བརྒྱག་དགོས་པའི་བཙན་གཏམ་བཤད་པར་མ་ཟད། ལྟག་ཁ་ནས་འཇབ་རྒོལ་བྱས་ཏེ་མགོ་ལ་རྨ་ཁ་བཏོད། ལ་ལ་བདག་གི་ཁྲག་མཐོང་ན། ། དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། ། ལ་ལ་གཞན་གྱི་ཁྲག་མཐོང་ན། ། བོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །[6] རི་སྤྱང་དང་དོམ་ནག་ལྟར་ཞེ་འཁོན་གྱི་མེ་རི་འབར་བའི་ཕུ་བོ་ནི་སྔར་མར་གཏོགས་ཏེ། དབྱར་ཁའི་ཞོགས་པ་ཞིག་ལ་བསང་ཆེན་ཕུལ་ཅིང་ཀི་རིང་བཏབ། གྲི་རིང་སྐགས་ལ་དྲངས། ལྕག་དབྱུག་རུམ་དུ་བསྡུས། སྐ་རགས་སྲ་སྡོམ་བྱས། དབོས་རྒོད་ལ་སྒ་ཆ་བྱས་ཏེ་ཀླུ་སྟོད་གཟས་ཏེ་ཕྱིན། འདི་ནི་ངས་ཐེངས་དང་པོར་མཐོང་བའི་སྟག་ཤ་ར་ཞིག་རྩོད་ལ་འགྲོ་བའི་སྣང་བརྙན་ཡིན། སྣང་བརྙན་དེ་ད་དུང་ངའི་སེམས་སུ་འོད་ཀྲིག་གེར་དང་སྣུམ་ཤིག་གེར་གསོན་ཡོད།
དེ་དུས་ཁོང་ཕོ་ལོ་བཅོ་བརྒྱད་ལ་སོན་ཙམ་རེད། ཁྱི་བདག་དེ་ཁོ་ལས་ལོ་བཅུ་ལྷག་གིས་རྒན་པར་བཤད། ཡིན་ཡང་དཔའ་སྙིང་ཟེར་བ་དེ་དངོས་གནས་ལོ་ཚོད་དང་འབྲེལ་བ་ཆེར་མེད་པ་འདྲ་སྟེ། ཁོས་དགྲ་ཡ་དེ་ཁྱི་སློག་སློག་བྱས་ཏེ་ཕྱིར་ལོག་པའི་ཕྱི་དྲོ་དེར། ངས་སེམས་གཏིང་ནས་ཕུ་བོའི་དཔའ་སྤོབས་དེ་རང་གི་གཟི་བརྗིད་དང་ལ་རྒྱར་བརྩིས་མྱོང་ལ། ཁོའི་སྡང་ཕོད་པ་དང་རྩོད་སྤོབས་པའི་རྒོད་གཤིས་དེ་ལ་ཞེ་བསམ་པས་ཡིད་སྨོན་དང་ཡི་རང་བྱས་མྱོང་། མ་འོངས་པར་ནར་སོན་ན་རང་ཉིད་ཀྱང་ཕུ་བོ་ལྟ་བུའི་བུ་རྒོད་པོ་ཞིག་བཅའ་དགོས་འདོད། ཡིན་ཡང་འདི་དག་ནི་རང་སེམས་ནས་ཆིག་ལབ་བརྒྱབ་པ་དང་སྟོང་འདང་བརྒྱབ་པ་ཙམ་ལས་ཁོང་ལ་བརྗོད་པའི་སྤོབས་པ་ག་ལ་ཡོད། ཁོང་ནི་ནམ་ཡང་གན་དུ་གནས་ཀྱང་རེག་མི་ཐུབ་པའི་སྣང་བརྙན་ཁྱད་པར་བ་ཞིག་ཡིན།
བཞི།
ཕུ་བོའི་རླུང་ཚ་པོ་དེ་ཀླུ་ཁོག་གི་སྐྱི་བསེར་དང་འདྲ་བར་ནམ་ལངས་མི་ཤེས་ལ་ག་ནས་ལངས་པའང་མི་ཤེས། ཟ་མ་ཟ་སྐབས་འདུག་སྟངས་དང་འཐུང་ལུགས་མ་ཡག་ན་རླུང་ལངས་སྲིད་ལ། ཁ་བརྡ་བྱེད་སྐབས་ཚིག་མཚམས་བཅད་ནའང་རླུང་ལངས་སྲིད། ནོར་ཁྱུ་གཟས་སར་བསྐོར་ཕྱོགས་འཆུགས་ནའང་ཁོང་ཁྲོ་ལངས། དེ་ལས་ཀྱང་ཉིན་རེའི་ས་སྲོད་དུ་སྣ་མ་འདོགས་པ་དང་ལ་ལོ[7]་ལག་སྦྲེལ་བྱེད་པའི་ལས་ཀ་དེས་ང་ལ་སེམས་ཚེགས་མང་པོ་ཞིག་བསྐྱལ་ཡོང་མྱོང་། ཆུང་དུས་སུ་ངེད་ཚང་གི་རྒོད་མ་དེ་དག་གཡུང་མ་ཞིག་གཏན་ནས་མིན། ནམ་རྒྱུན་ལག་སྦྲེལ་བྱེད་རན་ལ་ཐོན་ནས་ལག་ཚ་དང་སྒྲོག་[8]སོགས་ཁྱེར་ཡོང་བ་མཐོང་འཕྲལ་སྣ་ཤུ་འདེབས་པ་དང་རྔ་རྔོག་གྱེན་དུ་བསླངས་ཤིང་། རྣ་བ་ཀྲོང་ཀྲོང་དང་མིག་ཟུང་འདྲོག་འདྲོག་བྱས་ཏེ་ཁེར་འབྲོ་ཉིས་འབྲོ་བྱེད། དེའི་རྗེས་སུ་རྟ་རྣམས་ཀྱང་མཆོངས་ལྡིང་བྱེད་པ་དང་གཡག་གཏོང་བ།འཚེར་སྐད་སྒྲོག་གིན་འབྲོ་བ་རེད། གལ་ཏེ་སྐྱ་མི་ཞིག་གིས་མཐའ་བསྐོར་ཚེ་བྲོས་ཀྱང་མི་ཐར་བ་ཤེས་པ་ཇི་བཞིན་གཡུང་མོར་ཆགས་ཏེ་འཛིན་སླ་པོ་ཡིན། རྐང་ཐང་དུ་བརྒྱུགས་ནས་ལ་ལོ་ལག་སྦྲེལ་བྱེད་པ་ནི་བདག་གཞན་གཉིས་ཀ་དཀའ་ལས་ལ་གཏོད་བྱེད་ཙམ་ལས་ཅི་ཡང་མི་འགྲུབ། རྟ་རྒོད་མ་དེ་ཚོས་ང་རང་དཀའ་ལས་ལ་གཏད་པ་ཉུང་ཉུང་མིན། མཚམས་ལན་རེར་དེ་ཚོའི་སྔུན་ལེན་ཆེད་རྐང་ཐང་དུ་ལུང་བ་གཉིས་གསུམ་རེ་ཐད་ཀྱིས་བཅད་མྱོང་། གལ་ཏེ་ལ་ཁྱུ་ཕྱིར་ལྷས་ལ་འདེད་མ་ཐུབ་ཚེ་ཕུ་བོའི་རླུང་ཚ་པོ་དེ་ངའི་ཕྱོགས་སུ་གཡུག་པར་མ་ཟད། ལ་ཁྱུའི་རྗེས་སུའང་སྡིགས་མོ་བྱེད་ཀི་རེད། ངུ་ཞོར་དམོད་ཞོར་དུ་ལ་ཁྱུའི་རྗེས་སུ་རྒྱུག་པའི་ངའི་སྣང་བརྙན་དེ་བརྙན་དུ་ཕབ་སྟེ་ད་ལྟའི་བྱིས་པ་ཞིག་ལ་སྟོན་པའི་དབང་དུ་བཏང་ན། གཅིག་ཏུ་ན་ཚོར་བ་ཅི་ཡང་མེད་ཀྱང་སྲིད། ཁོ་ཚོས་འཚོ་བའི་མྱོང་བ་དེ་བརྒྱུད་མེད་པས་སོ། ། ཡང་གཅིག་ཏུ་ན་འཕྱ་སྨོད་བྱེད་ཀྱང་སྲིད། ཁོ་ཚོས་ངའི་སེམས་ཀྱི་འཇིགས་སྐྲག་དང་ཁུར་བོ་དེ་རྟོགས་ཐབས་བྲལ་བས་སོ། །
སྔོན་ཆད་ཁྱིམ་ཆེན་དུ་ཡོད་དུས། ངེད་ཚང་ལ་སྣ་མ་མང་ཞིང་ལྷག་པར་དུ་མཛོ་མང་། སྣ་ལོ་དང་ཁལ་འགེལ་བསླབས་མ་ཐག་པའི་མཛོ་ཆུང་དེ་ཚོའི་ཁྲོད་ཀྱི་ལ་ཤས་ནི་དྲིར་ཞེན་པའམ་འདྲོག་ལངས་རྒྱུ་ཤིན་ཏུ་དགའ་བས་འཛིན
་དུ་འཇུག་རྒྱུ་མི་དཔེ། ཞགས་པ་འདེབས་གྲབས་བྱས་ཚེ་མགོ་བོ་སར་གླན་ཏེ་ཞགས་ལུང་དུ་མི་འཛུལ་ལ། སྐེར་ཐག་པ་འཕངས་ནས་འཛིན་གྲབས་བྱས་ཚེ་ཕྱི་ནུར་བྱས་ནས་ཐག་ཁུག་ནས་འབུད་པའི་གཡོ་སྒྱུ་ལོབས་ཡོད། དེ་ལྟར་རྟ་རྒོད་མ་དང་མཛོ་གཡག་སོགས་གང་ཡིན་རུང་མ་ཟིན་པར་ཡུན་རིང་འགོར་ན་ཕུ་བོའི་རླུང་དེ་ཡང་རང་ཤུགས་ཀྱིས་ལངས་ཡོང་གི་རེད། ཐོག་མར་ལྡབ་ལྡིབ་ཏུ་སྨྲ་བ་དང་དེ་ནས་ངོ་མདོག་འགྱུར་བཞིན་སྡིགས་མོ་བྱེད་ལ། ཐ་མར་ཁོང་ཁྲོ་ཆེན་པོའི་ཉམས་ཀྱིས་སྐད་ལོག་བརྒྱག་པ་དང་རྐང་ལག་གིས་སར་བརྡབས་ཏེ་འཇིགས་སྐུལ་བྱེད་པ་རེད།
འོན་ཏེ། སྣ་མ་དང་ལ་ལོ། ཕྱུགས་འཚོ་སྐྱོང་སོགས་ཀྱི་ཕྱོགས་ནས་ཕུ་བོས་གཤེ་གཤེ་ཇི་འདྲ་བཏང་ཡང་དང་ལེན་དང་བསམ་ཤེས་བྱེད་མི་ཐུབ་པ་ཅང་མི་འདུག རྒྱུ་མཚན་ནི་ཁོང་རང་ཉིད་རྒྱུ་བདག་དཔེ་མེད་ཅིག་ཡིན་པས་སུ་ཡིན་རུང་ཁོའི་རླུང་ཚ་པོར་གུ་ཡངས་དང་བཟོད་བསྲན་བྱེད་ཐུབ། རྒྱུ་བདག་ཟེར་བ་ནི་རྒྱུ་ནོར་ཅན་གྱི་ཕྱུག་པོར་མི་གོ་བར་སྒོ་ཕྱུགས་འཚོ་སྐྱོང་གི་ལས་ཀར་འཇོན་ཞིང་མཁས་པའི་རྫི་བོ་ཡག་ཤོས་ལ་གོ་དགོས། དགུན་ཁ་དང་སྟོན་ཁར་ནངས་དུས་ཉི་རྩེ་བརྒྱབ་མ་ཐག་ནས་ཕྱུགས་ཟོག་གཟས་སར་འདེད་དགོས་ལ། དགོང་མོར་ས་རུབ་ལ་ཉེ་སྐབས་ད་གཟོད་ཕྱིར་ཁྱིམ་དུ་ལོག་ཐུབ། ཉིན་རེའི་ནངས་ཇ་དང་ནུབ་ཚལ་ལས་དྲོས་ཇ་འཐུང་བའི་དུས་ཚོད་ཕལ་ཆེར་མི་འདུག དེ་བཞིན་དབྱར་ཁ་དང་དཔྱིད་ཀར་ཡང་ནམ་གསལ་མ་གསལ་ནས་ནོར་ལུག་ལྷས་ནས་འཕུད་དགོས་ལ། བཞོན་མ་བཞོ་མགོ་བཙུགས་པ་ནས་བཟུང་ཉིན་གཅིག་ཐེངས་གསུམ་ལ་བཞོན་མ་ལྷས་ལ་བརྒྱག་དགོས། དེ་དུས་རྩྭ་ཐང་དུ་ལྕགས་དྲ་འཐེན་མེད་པས་ས་མཚམས་སྲུང་དཀའ་བ་དང་། ལྷག་པར་དུ་ངེད་ཚང་ཁྱིམ་ཆེན་ན་ཡོད་པས་ཕྱུགས་ཟོག་ཧ་ཅང་མང་བས་འཚོ་སྐྱོང་བྱེད་དཀའ། སྐབས་ལན་རེར་རྔ་བྲན་དང་ཁྱུ་གཡག་སོགས་ཁེར་ལྡོམ་ཉིས་ལྡོམ་བྱས་ཏེ་ས་ཆ་གཞན་དུ་བུད་འགྲོ་བས། དགོང་མོ་ནམ་གུང་བར་དུ་འཚོལ་དགོས་པའི་སྐབས་ཀྱང་ཡོད། ལྷག་པར་དུ་ཁ་བ་བུ་ཡུག་འཚུབ་པའི་དུས་དང་དྲག་ཆར་སེར་བ་འབབ་པའི་དུས་སུ་ནོར་གཅིག་གཉིས་རེ་འབོར་སླ། ཁ་བ་དང་དྲག་ཆར་ཇི་འདྲ་རྒོད་ཀྱང་འཚོལ་དུ་འགྲོ་དགོས་ལ། བཙལ་ནས་ཀྱང་རྙེད་དགོས། གལ་ཏེ་མ་རྙེད་པར་ཕྱིར་ལོག་ཚེ་ཨ་ཞང་དང་ཨ་མ་སོགས་སུ་ཡིན་ཡང་བཀའ་བཀྱོན་ནན་མོ་གནང་བར་མ་ཟད། ཐ་ན་ནུབ་ཚལ་འཐུང་དབང་མེད་པའི་སྐབས་ཀྱང་ཡོད་སྲིད་པས། སྨག་རུམ་ཇི་འདྲ་སྟུག་ཀྱང་། ཆར་རླུང་ཇི་འདྲ་བཙན་ཡང་། བུ་ཡུག་གི་གྲང་རེག་ཇི་འདྲ་རྒོད་ཀྱང་སྔར་བཞིན་བོར་ཟོག་བཙལ་དུ་འགྲོ་དགོས། ལས་ཡག་པོ་བྱུང་ན་ས་རུབ་ནས་ཅུང་མ་འགོར་བར་ཡུལ་ལ་འཁོར་ཐུབ། ལས་དེ་ཙམ་མ་ཡག་ན་ནམ་གུང་དུ་ཐོན་ལ་ཉེ་དུས་ད་གཟོད་ཕྱིར་ཁྱིམ་དུ་ལོག་ཐུབ་པའམ་ཡང་ན་ཕྱི་ཉིན་སྔ་དྲོར་མ་གཏོགས་མི་རྙེད་ལ། ཕྱིར་ཡུལ་ལ་ཐོན་མ་ཐག་ཟ་འཐུང་ཙམ་བྱས་རྗེས་ཡང་བསྐྱར་ནོར་རྫིར་འགྲོ་དགོས།
ཡང་ལན་རེར་ཕྱིར་ཁྱིམ་དུ་ལོག་དུས། སྐྲ་ལོ་དང་ཕྲག་ཁ་སོགས་ཁ་བ་མཐུག་པོས་མནན་ཡོད་ལ། གྲང་རེག་ཆེ་དུས་འཁྱག་རོམ་དུ་གྱུར་ནས་ཕྱགས་མི་ཐུབ་པར་མེ་ཁར་བསྲོས་ཏེ་རིམ་བཞིན་འཇུ་རུ་འཇུག་དགོས། ཡང་སྐབས་རེར་ཆར་ནག་གིས་གོན་པ་ཕྱི་བརྟོལ་ནང་བརྟོལ་བྱས་པས་འཁྱག་ནས་འདར་སིག་སིག་བྱེད་བཞིན་ཁྱིམ་དུ་འཛུལ་ཡོང་། དེ་བས་ཀྱང་ཚབས་ཆེ་ན་ཆར་རྡེའུ་བབས་ནས་སྤྱི་གཙུག་དང་ལག་མགོ་སོགས་ལ་སྐྲངས་འབུར་མང་དུ་བཏོད་ཡོད། ཡིན་ཡང་ཁོང་ལ་སྙིང་མ་རྗེ་ཟེར་མཁན་ཉུང་ལ། དཀའ་ལས་མྱོང་སོང་ཟེར་མཁན་དེ་བས་ཀྱང་མེད།
དེང་སང་གི་ཆུང་རབས་པའི་ཁྲོད་མཁར་གྲོང་ནས་ནར་སོན་པའི་གསར་བུ་གསར་མོ་རེ་འགའི་སེམས་སུ་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་ནི་ལས་སླ་པོ་དང་སྟབས་བདེ་མོ། འཆར་ཡན་རང་བཞིན་གྱི་འཚོ་བ་རོལ་སྟངས་སྐྱིད་པོ་བསོར་མོ་ཞིག་རེད་བསམ་ཡོད་པ་འདྲ། རེད། ད་སྐབས་དངོས་གནས་སྟབས་བདེར་འགྱུར་ཡོད། ད་སྐབས་ཀྱི་འབྲོག་པ་ནི་འབྲོག་པ་དང་མི་འདྲ། འདི་ལྟར་བཤད་ན་མང་པོ་ཞིག་མི་དགའ་ན་ཐང་མོད་དོན་དངོས་དེ་འདྲ་རང་རེད། སྔོན་ཆད་ཀྱི་འབྲོག་པའི་འཚོ་བ་འདི་དང་གཏན་ནས་མི་འདྲ། ནང་བསམ་པའི་འདུ་ཤེས་དང་ཕྱི་འཚོ་བའི་ཆགས་ལུགས་གང་ཆ་ནས་ཁྱད་པར་ཆེན་པོ་ཡོད།
གང་ལྟར་ཕུ་བོ་ནི་ང་ཚོའི་སྡེ་བ་ཚོ་བའི་ཁ་ཆོད་པའི་རྒྱུ་བདག་དཔེ་མེད་ཅིག་ཡིན། དུས་ཚིགས་རེ་རེ་དང་ཟླ་བ་རེ་རེའི་གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་ནས་ཕྱུགས་ཟོག་ལ་རྩྭ་ཁ་ཆུ་ཁ་བྱེད་སྟངས་དང་མཉམ་འཇོག་དོ་སྣང་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཤིག་ཁོང་གི་སེམས་སུ་ཉི་མ་བཞིན་གསལ་ལེར་ཤར་ཡོད། དུས་ནམ་ཞིག་ལ་སྲིབ་ནས་འཚོ་བ་དང་ནམ་ཞིག་ལ་ཉིན་ནས་འཚོ་བ། ཡང་ནམ་ཞིག་ལ་སྤང་ཐང་དང་ན་གཞུང་ནས་འཚོ་བ་སོགས་ཀྱི་འཆར་གཞི་དང་གོ་རིམ་ཡོད་ལ། གངས་ཆེན་པོ་བབས་ན་ཡུལ་གང་དུ་འཚོ་བ་དང་རླུང་དྲག་པོ་གཡུག་ན་གནས་གང་དུ་འཚོ་བ། དྲག་ཆར་དང་སེར་བ་སོགས་འབབ་ཉེན་ཆེ་ན་ཇི་ལྟར་འཚོ་བ་སོགས་ལའང་དབྱེ་བ་དང་ཁྱད་པར་མང་པོ་ཡོད། ད་དུང་སྤྱང་ཀིའི་འཇིགས་པ་རྒོད་ན་ཇི་ལྟར་སྲུང་བ་དང་ནད་ཡམས་ཀྱི་ཉེན་ཁ་ཡོད་ན་ཇི་ལྟར་འགོག་པ། རྩྭ་བཀག་གི་ས་མཚམས་སུ་ཇི་ལྟར་འཚོ་བ། ཁྱིམ་ཚང་གཞན་གྱི་ཕྱུགས་ཟོག་དང་འདྲེས་གྱུར་ན་ཇི་ལྟར་དགར་བ། སྒོ་ཕྱུགས་གཅིག་གཉིས་རེ་བོར་སྟོར་བྱུང་ན་ཇི་ལྟར་འཚོལ་བ་དང་ཇི་ལྟར་རྩད་གཅོད་པ། མདོར་ན་ཕྱུགས་ཟོག་ལ་ཤ་ཤེད་རྒྱས་ན་ཇི་ལྟར་འཚོ་བ་དང་རྐ་བོར་གྱུར་ན་ཇི་ལྟར་སྐྱོང་བ་སོགས་སྒོ་ཕྱུགས་འཚོ་སྐྱོང་གི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ཁོང་གི་ལུས་ངག་ཡིད་གསུམ་དུ་སིམ་ཡོད་པར་མ་ཟད་ལག་ལེན་དུ་ཡང་བྱང་ཡོད།
ལྔ།
ན་ནིང་གི་ད་ཚོད་ཅིག་ལ། ངས་ཐེངས་དང་པོར་ཨ་མའི་མཁུར་མགོ་ནས་མིག་ཆུ་གྲིལ་བ་མཐོང་། ཉིན་དེར་ཀླུ་ཁོག་གི་ནམ་མཁའ་གཡའ་དག་ཅིང་སྤྲིན་པ་སོར་རྩེ་ཙམ་ཡང་མེད། གྲང་རླུང་ལ་གཤོག་པ་ཐོགས་ཏེ་འབྲོག་ཐང་གི་སྐྱེ་དངོས་ཐ་དག་འདར་ཤིག་ཤིག་ཏུ་གཡོ། ནམ་མཁའ་སྟོང་བ་དང་རླུང་བུ་ལྡོམ་པོ་དེ་ཇི་བཞིན་ཡོད་ཚད་འཁྱག་སིབ་སིབ་ཏུ་སྣང་བའི་ཉིན་དེར་ཨ་མའི་སྐྱོ་བ་དྲག་པོའི་སྲུབས་ཀ་ནས་བརྡོལ་པའི་མིག་ཆུ་རྡོག་གསུམ་མཁུར་མགོ་ནས་མར་གྲིལ་བྱུང་། དེ་ནི་མིག་ཆུ་ཙམ་གྲིལ་བ་མིན་པར་མོའི་འཇིག་རྟེན་གྱི་ཆ་ཤས་ཆེན་པོ་ཞིག་ཉིལ་བ་རང་རེད། ངའི་དྲན་པས་ཟིན་ཚོད་ནས་བཟུང་། ཨ་མས་མིག་ཆུ་གཏོང་བ་ཕར་ཞོག་སྔམ་པ་ཞིག་འཐེན་པའམ་སྡུག་གཏམ་ཞིག་ལབ་པའང་དྲན་གྱི་མི་འདུག ངའི་སེམས་སུ་ཨ་མ་ལགས་ནི་རི་རབ་ལྟ་བུའི་དཀའ་སྡུག་བཟོད་ཅིང་རྣོ་ལྕགས་ལྟར་སྙིང་རུས་སྲ་བའི་བུད་མེད་ཅིག་རེད་བསམ་ཡོད། རང་གི་ཕ་མ་དང་ནུ་བོ་ཚེ་ལས་འདས་དུས་ཀྱང་སྐྱོ་སྡུག་གི་ཉམས་ཅི་ཡང་མ་བསྟན་པར་རྣམ་དཀར་དགེ་བའི་ལས་ལ་མཐའ་གཅིག་ཏུ་གཞོལ།
ཡིན་ཡང་། ན་ནིང་རང་གི་བུ་རྐྱེན་ལམ་དུ་ཤོར་བའི་འཇིགས་པ་དེས་མོའི་ལུས་ངག་ཡིད་གསུམ་ལ་དམར་གསོད་ཐེངས་ཤིག་བྱས། དགོང་མ་འགའི་རིང་ཙམ་ལ་སྐྲ་འདབས་སུ་ཁ་བ་བབས་ཤིང་དཔྲལ་བའི་རི་མོ་ཇེ་ཟབ་ཏུ་སོང་ལ། སྐད་ལ་འདར་ཆ་བབས་ཤིང་གོམ་འགྲོས་འཁྱར་འཁྱོར་དུ་འགྱུར་ཏེ་རྣམ་རིག་བརྡིབས་ཤིང་རླུང་ཡང་ཚ་པོར་གྱུར། འདི་ནི་འཇིག་རྟེན་གྱི་མ་ཡུམ་ཕལ་བ་ཞིག་གིས་རང་གི་ཤ་ལས་ཆད་ཅིང་སེམས་ཀྱིས་བསྐྱངས་པའི་བུ་ཕྲུག་ལ་སྐྱེལ་མ་བྱེད་དུས་ཀྱི་མནར་གཅོད་ཀྱི་རིམ་པ་ཡིན་ས་རེད། ལོས་ཡིན་ཏེ། རྒན་མགོ་དཀར་གྱིས་གཞོན་སོ་དཀར་བསྐྱལ་པའི་སྡུག་བསྔལ་དང་ན་ཟུག་དེ་སུ་ཞིག་གིས་བསྲན་ཐུབ་ཨང་། གེགས་བར་ཆད་རི་གཟར་རྦབ་རྡོ་འདྲ། ། དུས་ནམ་ཞིག་འགྲིལ་ཡོང་མི་ཤེས་ཤིང་། ། གྲིལ་ཡོང་དུས་བྱོལ་དབང་དྲན་དབང་མེད། ། དབང་ཡོད་ཀྱང་མ་ལོའི་ཕན་ཆད་ན། ། སྲོག་བཏང་ནས་འགོག་མཁན་གང་ན་ཡོད། །
སྔོན་ཆད་ཁྱིམ་ཆེན་ན་ཡོད་དུས་ཨ་མ་ལགས་ནི་ཁྱིམ་ཚང་དེའི་ཕྱི་ནང་གཉིས་ཀའི་ངལ་རྩོལ་པ་ཡིན་ལ། བཙོག་པོར་བཤད་ན་གཡོག་མོ་ལྟ་བུ་ཡིན། གཞུག་ནས་ལོགས་སུ་ཁྱིམ་ཐབ་བཟུང་རྗེས་འགན་འཁྲི་ལྷག་པར་དུ་ཇེ་ལྕིར་སོང་སྟེ་ཕྱུགས་ཟོག་འཚོ་སྐྱོང་དང་ཁྱིམ་ལས་ཆེ་ཆུང་། ཐ་ན་ནོར་ལུག་ཉོ་འཚོང་དང་དགུན་ཤ་གྲ་སྒྲིག་སོགས་ཕོ་ལས་མོ་ལས་ཐམས་ཅད་མོ་གཅིག་པུས་འགན་གཅིག་ལྕོགས་སུ་བཞེས་ཡོད། རིམ་བཞིན་ང་ཚོ་མིང་སྲིང་བཞི་པོ་ནར་སོན་རྗེས་ལས་ཚེགས་ཅུང་ཟད་ཇེ་ཡང་དུ་སོང་བར་སྣང་མོད་སེམས་ཚེགས་སྔར་ལས་ཆེ་བར་ཕྱིན་ཡོད། དེ་དུས་ལས་ཚེགས་སེམས་ཚེགས་དེ་འདྲ་ཆེ་ཡང་མོས་སྡུག་སྨྲེ་བཏོན་མ་མྱོང་ལ་མིག་ཆུ་ནི་དེ་བས་ཀྱང་ངོ། །
མོ་ནི་ནམ་ཡང་གཡོ་བ་མེད་པ་དང་ཕྱི་བཤོལ་མེད་པ། སྨྲ་བ་ཉུང་ཞིང་ཞུམ་པ་མེད་པའི་འཚོ་བའི་དཔའ་མོ་ཞིག་ཡིན་པའི་སྣང་བརྙན་དེ་ངའི་སེམས་གཏིང་དུ་བྲག་ལ་ཉི་འོད་བརྒྱབ་པ་ལྟར་བརྗིད་ཉམས་ཀྱིས་ཆགས་ཡོད། འོན་ཏེ། ལྷུན་པོ་ལྟ་བུའི་སྐྱེ་བོ་ཞིག་ཡིན་ཡང་། སེམས་ཀྱི་གཉོམ་ས་དེར་ཐུག་ཚེ་མིག་ཆུ་མི་འཆོར་བ་དང་སྐྱོ་བ་མི་བསྟེན་པ་ག་ལ་སྲིད། དེ་བཞིན་ཨ་མ་ལགས་ནས་ཀྱང་རང་གི་ཤ་ལས་ཆད་པའི་བུ་ཕྲུག་གི་གཏན་བྲལ་ལ་སྐྱོ་སྐྱོ་གནང་བར་ཅི་ཁག ཁོ་མོའི་མིག་ཆུ་རྡོག་གསུམ་གྱིས་ཕུ་བོའི་མི་ཚེ་གང་བོའི་ནོར་འཁྲུལ་དང་འགྱོད་པ་ཡོད་ཚད་ལ་གུ་ཡངས་གནང་བར་མ་ཟད། ཕྱི་མའི་འཕྲང་ལམ་འགྲིམ་པར་བྱམས་དང་བརྩེ་བས་སྡོངས་གྲོགས་མཛད་པའི་སྤྱོད་པ་འདི་བླ་ན་མཐོའོ།།
ངའི་ཕུ་བོ་གཉིས་པ་ནི་སློབ་གྲྭར་སོང་མ་མྱོང་བའི་ཡིག་རྨོངས་པ་ཞིག་ཡིན། ཁོང་གིས་མི་ལོ་ཞེ་བརྒྱད་ཀྱི་རིང་ལ་ལས་ཀ་གཅིག་བསྒྲུབས་ནས་ཡོང་། དེ་ནི་སྒོ་ཕྱུགས་འཚོ་སྐྱོང་ཡིན། འཇིག་རྟེན་ནས་ཉི་ཟླ་བཞིན་ཚེས་མྱོང་ཞིང་རི་རབ་བཞིན་འགྱིང་མྱོང་བའི་མི་ཆེན་སྐྱེས་ཆེན་དག་ཀྱང་འཆི་བའི་འཕྲང་ལམ་དུ་ཞུགས་པ་ནས་བཟུང་རིམ་བཞིན་འཇིག་རྟེན་འདིས་བརྗེད་ཅིང་བོར་འགྲོ་བ་ཆོས་ཉིད་དུ་སྲིད་ན། ངའི་ཕུ་བོ་ལྟ་བུའི་སྐྱེ་བོ་ཕལ་བའི་ཕལ་བ་ཞིག་ནི་ཡོང་བ་མི་ཡིས་མི་གོ་ལ་སོང་བ་བྱ་ཡིས་མི་ཚོར་བའི་རིགས་སུ་གཏོགས་པ་སྨོས་མ་དགོས་མོད། ཨ་མ་ལགས་དང་ངེད་མིང་སྲིང་རྣམས་ལ་མཚོན་ན་ཁོང་གློ་རྡེག་ཏུ་གཏན་བྲལ་བྱུང་བ་དེས་སོས་ཐབས་བྲལ་བའི་རྨ་ཁ་དང་བསུབ་ཐབས་མེད་པའི་དྲན་པ་ཞིག་སེམས་ཀྱི་སྙི་སར་བརྐོས་པའང་གསང་ཐབས་ག་ལ་ཡོད། ཡིན་ཡང་། མི་སེམས་ཀྱི་རྨ་ཁ་དང་དྲན་གདུང་ནི་དུས་ཚོད་ལ་བསྒུགས་ནས་སོས་པ་མིན་ལ། ཆེད་མངགས་ཀྱིས་བརྗེད་པ་དང་རུམ་གྱི་དངོས་པོ་བཞིན་སར་གཡུགས་ཏེ་སོས་པའང་མིན་པར། སྡུག་བསྔལ་དང་གདུང་བ་དེ་དག་དང་ལེན་བྱས་པ་ནས་དྲག་བསྐྱེད་བྱུང་བ་རེད།
ཁོང་ལ་རླུང་ཚ་པོ་འདུག་པ་བདེན་ཏེ། ཁ་བརྡ་བྱེད་པ་དང་ཚོགས་འདུ་འཚོག་པ། རྟ་གཤིབ་འཐེན་པ། ཐ་ན་སྟེགས་གྲུག་རྩེ་སྐབས་ཀྱང་སྟབས་མ་ལེགས་ན་རླུང་ལངས་སྲིད་ཀྱི་རེད། ཡིན་ཡང་། རླུང་ལངས་ས་དེ་གཙོ་བོར་ཚིག་ཐོག་ནས་མི་འདུག་པ་དང་ཁྲེལ་གཞུང་མེད་པ། གཏན་ཚིགས་མེད་པའི་མི་ཡི་རིགས་ཡིན། རྒྱུ་མཚན་ཁོ་རང་ཉིད་ནི་གཞན་གྱིས་བློ་གཏད་ཆོག་པ་དང་ཡིད་ཆེས་བྱས་ཆོག་པའི་མི་ཞིག་ཡིན། གལ་ཏེ་ཕ་རོལ་པ་ཚིག་ཐོག་ནས་མི་འདུག་པའམ་ཤོབ་རྫུན་ལབ་པ་ཡིན་ན་ཁོང་ཁྲོ་ཆེན་པོ་ལངས་པ་མ་ཟད། མི་ཆེན་དཔོན་ཆེན་སུ་ཡིན་ལ་མི་བལྟ་བར་མི་དགའ་བའི་རྣམ་འགྱུར་གསལ་བོར་སྟོན་ལ། གལ་ཏེ་ད་དུང་ཁས་ལེན་དང་འགྱོད་བཤགས་མེད་ཚེ་དྲག་པོའི་ཤུགས་དང་དཔའ་བོའི་རྩལ་གྱིས་སུ་རྒྱལ་སུ་ཕམ་གྱི་རྟིང་ཐག་གཅོད་པར་ཐེ་ཚོམ་མེད།
ཁོང་གིས་ནམ་རྒྱུན་ཕྱི་ཐག་དང་ཁྲེལ་གཞུང་། རྒྱུ་འབྲས་དང་མི་གཤིས་སོགས་ལ་བླ་ལྷག་གིས་གཙིག་ཆེན་བྱེད་པས། དེ་དག་སྣང་མེད་བཞག་སྟེ་རྡོག་བརྫིས་གཏོང་མཁན་རྣམས་ལ་གཏན་ནས་དགའ་པོ་མེད། ཁོང་གི་གཤིས་ཀ་དེས་རུ་སྡེ་བའི་ཁ་མགོ་བ་དང་ནང་ན་ཟླའི་སྟག་ཤ་ར། གཞུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ། ཐ་ན་གོང་བླ་མ་དཔོན་ཆེན་དག་ལའང་ཕོག་ཐུག་བཏང་ཡོད་པར་མ་ཟད། འཇིགས་སྣང་འདྲ་མིན་རེ་བྱིན་ཡོད་ཀྱང་སྲིད། འོན་ཀྱང་། གནས་ལུགས་དང་བདེན་པ་ཁས་ལེན་མཁན་ཞིག་ཡིན་ཕྱིན། ཁོང་གི་རླུང་ཚ་པོ་དེའང་རྒྱུ་མེད་རྐྱེན་མེད་དུ་ལངས་པ་ཞིག་མིན་པ་ངང་གིས་རྟོགས་ཡོད་ཀྱང་སྲིད། ཞོར་དུ་ཨ་མ་ལགས་ཀྱི་མིག་ཆུ་དེའང་རང་དགར་ལྷུང་བ་མིན་པར་འཇིག་རྟེན་གྱི་འོད་ཐིག་ཅིག་གློ་རྡེག་ཏུ་ཡལ་བར་གདུང་སེམས་སྐྱེས་པ་ཡིན་ལ། འོད་ཐིག་དེས་ཁོ་མོའི་འཇིག་རྟེན་ལ་བྱིན་པའི་བདེ་བ་དེ་དྲན་དུ་གསོས་པ་ལོས་ཡིན་སྙམ་པའི་བསམ་པ་ཞིག་ཀྱང་སྐྱེ་ངེས།
གང་ལྟར་ན་ནིང་གི་ད་ཚོད་ཇི་བཞིན། ནམ་ཟླ་དགུན་ལ་སླེབས། སྐྱེ་དངོས་ཐམས་ཅད་ཁུ་སིམ་མེར་གྱུར། ཀླུ་ཁོག་འབྲོག་ཐང་གི་ནམ་མཁའ་གཡའ་དག་ཅིང་། སྨུག་པ་དང་དུ་ཞགས་ཀྱི་དྲི་དང་བྲལ། རླུང་ཁ་ན་ནིང་ལས་ཆེ་ཙམ་གདའ། རྣ་ཅོག་དང་ལམ་མགོ་དམར་སྨུག་ཏུ་གྱུར་པར་བལྟས་ན་ཙག་ཁ་ནི་ན་ནིང་བཞིན་བཙན་པ་འདྲ། ཅི་ཡང་ལྷག་མི་སྲིད་པ་འདྲ་བའི་དུས་ཚིགས་དང་འབབ་ཚིགས་འདི་ནས། ངས་སྙིང་བོས་མ་ཟིན་པའི་ཡིག་འབྲུ་མང་པོ་ཞིག་གི་མགོ་རྐང་བསྒྲིགས་ཏེ་ཕུ་བོ་ལགས་ཀྱི་རྗེས་སུ་བཏང་བ་འདིས། རང་སེམས་ནད་པ་ཞིག་ལ་བྱིལ་བྱིལ་གཏོང་བ་ཙམ་ལས་སྙིང་བོ་ཅི་ཡང་མེད་པ་ཚོར་ཡང་དྲན་པའི་རྟ་རྒོད་རི་ལ་ཤོར་བའི་བར་གླགས་ནས་ལབ་བརྡོལ་གྱི་རྡུལ་དམར་འཐིབས་པར་ཐུགས་ཡངས་མཛོད་མཛོད།
དེ་རིང་ང་ཀླུ་ཁོག་ཏུ་ཡོད། ཁོང་གི་མི་ཚེའི་གྲིབ་མ་བརྡར་སའི་སྒེའུ་ཁུང་དེའི་འགྲམ་དུ་བསྡད་ཡོད། ཁོང་གིས་བཙུགས་པའི་སྡོང་བོ་དེའི་མགོ་ནས་ཡང་བསྐྱར་ལོ་མ་སེར་པོ་རྐང་གཅིག་ས་ལ་ལྷུང་། ངའི་སྨྱུ་གུའི་གར་སྟབས་ཀྱང་འདི་ནས་འཇགས་པར་གྱུར། སྐད་ཆ་མང་པོ་ཞིག་སྨྲ་བསམ་ཡང་ཇི་ལྟར་བརྗོད་དགོས་པ་མི་ཤེས། དེ་ནི་ཀླུ་ཁོག་རྩྭ་ཐང་དུ་ན་ནིང་བཞིན་རླུང་ལྡང་ཞིང་སྤྲིན་པ་བྱིའུ་མགོ་ཙམ་ཡང་མི་མཐོང་མོད། ཁོང་དང་སླར་མཇལ་གྱི་རྡོག་ལམ་མི་རྙེད་པ་དང་ཇི་འདྲའི་འདྲ་ཨང་།
འདི་ཕྱིའི་རྒྱང་ཐག་གིས་ཆོད་པའི་འཚོ་བའི་ཧྲག་བར་ནས། ཉི་མའི་འོད་སྣང་གིས་མ་ཟིན་པ་དེ་ཁོང་ཡིན་ལ། འཁོར་བའི་མེ་འོད་ཀྱིས་མ་དྲོས་པ་དེ་ང་རང་ཡིན། ནམ་མཁའ་སྟོང་བ་འདི་བརྒལ་པའི་ཕ་རོལ་ན་ཞི་འཇམ་གྱི་འཇིག་རྟེན་གཞན་ཞིག་ལྷང་ངེ་ལྷམ་མེ་ལྷན་ནེར་གནས་ཚེ། ཁོང་གིས་གནས་དེ་རུ་འོད་ཀྱི་མེ་ཏོག་བཏུ་ཞིང་བདེ་བའི་གཙང་པོར་རྐྱལ་པའི་སྨོན་ལམ་ལན་གསུམ་འདེབས་སོ། །
ཞེས་འཕགས་པ་འབྲོང་དུ་འབོད་པས་སྤྱི་ལོ༢༠༢༥ལོའི་ལོ་མཇུག་ཏུ་ཀླུ་ཁོག་ནས་བྲིས།
མཆན་འགྲེལ།
[1] འབྲོམ་སྟོན་པ་རྒྱལ་པའི་འབྱུང་གནས་ཀྱི་གསུང་། ཉི་མ་ལྟ་བུའི་དགེ་བསྙེན་ལས་དྲངས།
[2] སྡེ་བའི་ནང་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་རྣམས་ལས་སུ་སློབ་གྲྭར་འགྲོ་དགོས་པར་རྒྱན་འཕེན་པ་ལ་ཟེར།
[3] ཡུལ་སྐད་དེ། གོ་རེ་ཅུང་རྡོག་ཀྱང་ཟེར།
[4] དབོས་ནི་ལུག་དང་རྟ་ཡི་ཁ་དོག་ཅིག་གི་མིང་།
[5] སྒིག་ཟེར་བ་ནི་ཁ་སྐད་དུ་སྤྱོད་ཆེ། རྟ་དང་གཡག་སོགས་ཀྱིས་ས་ལྡིང་གནམ་ལྡིང་བྱས་ཏེ་གོང་གི་མི་དང་ཁལ་སོགས་སར་སློག་པར་བྱེད་པའི་དོན།
[6] སྤྱོད་འཇུག་ལས་དྲངས།
[7] ཡུལ་སྐད་ཅིག་ཡིན། རྟ་དང་རྒོད་མ་སོགས་འདུས་པའི་རྟ་ཁྱུའི་སྤྱི་མིང་ཞིག
[8] ལག་ཚ་ནི་རྟ་དང་རྒོད་མ་སོགས་བཞི་ལྔ་རེ་མཉམ་དུ་ལག་སྦྲེལ་བྱེད་སྤྱད་ཀྱི་ལག་སྒྲོག་ཅིག སྒྲོག་ནི་རྟ་གཅིག་གི་རྐང་ལག་སྦྲེལ་བྱེད་ཅིག
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

