རྒྱང་བཞུད་ཀྱི་དྲན་པ།

གསར་བུ།(ལྷ་ས) 琼迈文学网 2025-12-31

  ན་ནིང་གི་དབྱར་ཟླ་ར་བ་ནི་མུན་ནག་གི་དབུས་སུ་སྐྱོ་གདུང་གི་སྨྲེ་སྔགས་དིར་དིར་དུ་མཆེད་པའི་ལོ་ནག་ཟླ་ནག་གི་དུས་རིམ་ཞིག་ཡིན་ལ། མིག་ཆུ་དང་སྐྱོ་ངལ་གྱི་བར་མཐའ་ན་རྣམ་ཤེས་བརླགས་པའི་གཟུགས་ཕུང་ཁེར་ཧྲེང་གི་གནས་སུ་ལྷུངས་ཤིང་། རྣ་རྒྱབ་ཏུ་བསྒྲགས་པའི་སྐད་ཀྱི་གདངས་དབྱངས་རེ་རེ་ནི་མི་སྙན་པའི་ཆོམ་སྒྲ་ཀུན་ནས་ལྡང་བ་དང་མཚུངས། མིག་གི་མཐོང་ལམ་དུ་འགྱུར་བའི་ཁྲ་ཁྲ་སིལ་སིལ་གྱི་ཅ་དངོས་ཡོད་ཚད་ནི་རང་སེམས་སུ་ཁྲོ་བ་སློང་བྱེད་ཀྱི་རྐྱེན་ལས་མ་འདས། ཉིན་མཚན་གཉིས་ཀྱི་བསམ་བློའི་གྲུ་ཁ་རུ་ཡང་ཡང་གཡོས་བཞིན་པ་ནི་བཀའ་དྲིན་མཚུངས་ཟླ་བྲལ་བའི་སྤོ་བོ་རྒད་པོའི་སྣང་བརྙན་གསལ་ཞིང་གསལ་བ་དེ་ཡིན་ལ། འཇིག་རྟེན་ཕྱི་མའི་གཟིགས་མོར་ཕེབས་ནས་བདག་གི་ཉེ་གམ་དུ་ནམ་ཡང་ལོག་ཁོམ་མེད་པའི་སྤོ་བོ་ཁོང་གི་འཆར་གཟུགས་ཤ་ཚ་བ་དེ་ཡིན།

  ཏག་ཏག་ཉིན་འདིའི་སྔ་དྲོའི་སློབ་ཚན་གཉིས་པ་གྲོལ་ནས་ཉལ་ཁང་དུ་ངལ་གསོ་བྱེད་པར་འགྲོ་དགོས་བསམ་དུས། གློ་བུར་དུ་ཁ་པར་གྱི་དྲིལ་བརྡ་བསྒྲགས་བྱུང་བས་ངས་དེ་མུར་ཁ་པར་རྣ་བར་གཏད་དེ་ཅི་ཡིན་ལ་ཉན་པ་ན། སྲུ་མོས་སྐད་སྒྲ་གསལ་ལ་མི་གསལ་བ་ཞིག་གིས་སྤོ་བོ་སྨན་ཁང་དུ་ལུས་སོང་བའི་སྐོར་ལབ་ཞོར། ཁྱེད་ཉིད་བྲེལ་འཚུབ་མི་བྱས་པར་ག་ལེར་ལོག་ཤོག་ཅེས་སྐད་ཆའི་བཤད་འཕྲོ་ཡང་ལུས་སོང་བ་ལྟ་བུས་ཁ་པར་གྱི་སྐུད་སྣེ་རེ་ཞིག་ཆད། ང་ནི་ཅུང་ནག་ཐིབ་ཐིབ་ཏུ་གྱུར་བའི་སེམས་འགྱུ་དང་དྲན་པ་སྣ་ཚོགས་འཁྱེར་ཏེ་ལམ་སེང་སློབ་སྤྱིའི་ཉེ་གམ་དུ་དགོངས་ཞུ་བྱེད་པར་སོང་བ་ཡིན། དགོངས་ཞུའི་ཡི་གེའི་སྟེང་དུ་འབྲེལ་ཡོད་ཀྱི་དབུ་ཁྲིད་རྣམ་པའི་ས་ཡིག་བཀོད་རྗེས། ཉལ་ཁང་དུ་ལོག་ནས་བསྡུ་གསོག་སྟབས་བདེ་ཞིག་བྱས་ཏེ་མྱུར་མྱུར་པོར་སློབ་གྲྭའི་རྒྱལ་སྒོ་ནས་ཐོན་པ་དང་ཐད་ཀར་རྒྱབ་ཕྱོགས་ཀྱི་ལམ་ཁ་བརྒྱུད་དེ་མྱུར་བགྲོད་གཞུང་ལམ་གྱི་ཕྱོགས་སུ་ཐོན་འགོ་ཚུགས་པ་ཡིན།

  ལམ་དུ་འགྲོ་གིན་འགྲོ་གིན་ངའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནི་མུ་མཐའ་མི་མངོན་པའི་བྱང་གི་རྩྭ་ཐང་དང་ཤ་ཤེད་ཀྱིས་ཕྱུག་པའི་ནོར་ལུག་གི་རང་མདངས་མ་ཡིན་པར་འབྲོག་ཁུལ་གྱི་འཚོ་བ་ལས་ལྡོག་པའི་བསམ་བྱ་གཞན་ཞིག་སྟེ། ངའི་ལས་རླུང་གི་བགྲོད་རིམ་ནང་དུ་ལུས་དང་གྲིབ་མ་བཞིན་འགྲོགས་འོང་བའི་རི་གྲོང་གི་རྣམ་པ་ཚ་སོབ་སོབ་ཅིག་དང་ཁོར་ཡུག་དེའི་ནང་དུ་འཚོ་གཞེས་གནང་བཞིན་པའི་ཕ་མ་སྤུན་མཆེད། ལྷག་པར་དུ་ངའི་སློབ་སྦྱོང་གི་ལམ་བུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་གྱི་མི་སྣ་རླབས་པོ་ཆེ་ཞིག་སྟེ། ངོ་རིས་དཀར་ཞིང་སྐུ་ཤ་རིད་པ། གཟུགས་ཕུང་ཆུང་ཞིང་མགོ་བོར་སྐྲ་རྐང་རེ་གཉིས་མ་གཏོགས་ཧ་ལམ་མཐོང་དུ་མེད། གདན་ཞུའི་གཞུང་ཞབས་པའི་ཚུལ་དུ་གླ་ཕོགས་ཕྲན་བུ་བླངས་ནས་ལོ་ངོ་བཞི་བཅུ་ལྷག་ཙམ་སྲིད་གཞུང་གི་ལས་ཀར་ལྷག་བསམ་རྣམ་དག་བྱེད་མྱོང་བའི་རྒད་པོ་སྙིང་ཉེ་བ་ཁོང་ཡིན། ཁོང་ནི་གཞི་རིམ་གྱི་ལས་ཀའི་ཐོག་ཏུ་ལས་འཁྱུར་ངལ་གསོ་བྱེད་པའི་ཐོབ་ཐང་ཡང་མེད་པར་ཆེས་སྤྱིར་བཏང་བའི་ལས་གནས་སྣ་མང་གི་མདུན་དུ་རང་འཁྲི་དཔུང་ཐོག་ཏུ་བཞག་སྟེ་དགུང་ལོ་བདུན་ཅུའི་ལ་མོ་བརྒལ་ཡང་སྔར་བཞིན་ལས་གནས་སྲུང་མཁན་གྱི་མི་བུ་ཕལ་པ་ཞིག་ཡིན།

  ད་ལྟ་ལམ་གཞུང་གི་མདུན་ལྗོངས་གང་སར་སྤོ་བོ་ཁོང་གི་གཟུགས་བརྙན་གྱིས་ཁྱབ་ཅིང་། ཡུལ་ལུང་རེ་རེ་མིག་གིས་མྱུལ་བའི་མཚམས་མཚམས་སུ་ལོ་རྒྱུས་ཀྱི་དྲན་ངོགས་སུ་གབ་པའི་དོན་བྱ་ཙག་ཙིག་འགའ་དྲན་འཆར་གྱི་ཀློང་དུ་ཚུད་པ་ནི་དགའ་ངུ་འདྲེས་མའི་ཚོར་བ་སྐྱུར་མོ་ཞིག་ཅི་ལ་མིན། ཁེར་རྐྱང་གི་འགྲུལ་བཞུད་ལ་བཅོལ་བའི་བློ་མིག་གི་བང་རིམ་གསེང་དུ་སྤོ་བོ་ཁོང་གི་ནད་གཞི་ཅི་འདྲ་ཡོད་མིན་ལ་བསམ་དཔོག་དཀའ་ཞིང་། རྣམ་རྟོག་གི་ཞགས་པས་བཅིངས་པའི་ཐན་ལྟས་འདྲ་མི་འདྲས་སེམས་ཀྱི་ཟབ་སར་ཁབ་རྩེ་བསྣུན་པ་བཞིན་དུ་མངོན་མེད་ངང་བཙིར་དུས། དྲིན་པོ་ཆེ་ཁོང་རིངས་རིངས་པོར་མཇལ་ཐུབ་རྒྱུའི་སྨོན་ལམ་གྱི་མ་ཎི་ཡིག་དྲུག་མགྲིན་པའི་སྲུབས་ཀ་ན་བར་མེད་ངང་འདོན་འོང་ལ། སྔར་སོང་གི་གཏམ་རྒྱུད་ཁྲ་ཁྲ་རིག་རིག་དག་མིག་ལམ་དུ་གློག་བརྙན་བསྟན་པ་བཞིན་དུ་འཆར་འོང་།

  དེ་ཡང་ང་རང་སློབ་ཆུང་འགྲིམ་པའི་དུས་སྐབས་ཤིག་ལ་སྤོ་བོ་ཁོང་ནི་སྒོ་སྨད་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་དབུ་འཛིན་ཡིན་ཞིང་། གྲོང་ཚོའི་མི་རྣམས་ཀྱིས་ཁོང་ལ་ཧྲུའུ་ཅི་ཧྲུའུ་ཅི་ཞེས་སྐད་འབོད་བྱེད་ཀྱིན་འདུག ངའི་བསམ་པར་འདི་ནི་ཐོབ་གོ་ས་ཆེན་པོ་ཞིག་ཡིན་པའི་སྣང་བ་བྱུང་སྟེ་ན་མཉམ་གྱི་བྱིས་པའི་དབུས་སུ་སྤོབས་ཉམས་ཆེན་པོ་བྱེད་ཀྱིན་ཡོད། དུས་ཕྱིས་སུ་འདི་ནི་སྨྲ་རིན་མ་ཆོག་པའི་ཆོ་ལོ་ཞིག་ཡིན་པ་གོ་བ་ལྷང་ཙམ་བྱུང་། འོན་ཏེ། དམའ་རིམ་གྱི་ལས་ཀ་དཀྱུས་མ་ཞིག་གི་ཐོག་ཏུ་དཀའ་ངལ་ཁྱད་བསད་བྱེད་མཁན་གྱི་སྤོ་བོ་ཁོང་ལ་མཚོན་ན་འདི་ནི་གཟི་བརྗིད་ཀྱི་མཚོན་རྟགས་ཤིག་དང་ཕྲུ་གུ་མང་བའི་ཁྱིམ་ཚང་ཕལ་པའི་ཡོང་སྒོ་གཙོ་བོ་ཞིག་ཏུ་རློམ་ཡོད་ཀྱང་སྲིད། གང་ལྟར། དེ་དུས་སྤོ་བོས་ལག་ཏུ་ཡིག་ཆས་ཀོ་ཁུག་ནག་པོ་ཞིག་འཁྱེར་ཏེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད། སྐབས་རེ་སྡོད་ཚུགས་གཏན་ནས་མེད་པའི་པྲ་ཆལ་ངས་རྔན་པ་ལ་བརྔམས་ནས་ནང་དུ་སྔོག་བཤེར་ཐེངས་མང་བྱེད། འོན་ཀྱང་། དེའི་ནང་དུ་སུག་བྲིས་ལེགས་པོས་ཐོ་འགོད་བྱས་པའི་ཤོག་བུ་འགའ་མཐོང་དུ་ཡོད་པ་ལས། ང་ལ་མཁོ་བའི་བཟའ་བཏུང་གི་རིགས་གཅིག་ཀྱང་རིག་ཏུ་མི་སྣང་། ངས་མུ་མཐུད་དུ་སྤོ་བོའི་ངོ་གདོང་ལ་ཡ་ང་བའི་མིག་ཟུང་གིས་ཅེར་ཏེ། སྒོར་མོ་རེ་གཉིས་ཀྱི་སྣང་སྦྱིན་ལ་རེ་སྒུག་བྱས། ད་དུང་སློབ་གྲྭར་འགྲོ་རིམ་བཞིན་དུ་སྤོ་བོའི་དྲུང་དུ་བརྗེད་པ་མེད་པར་ཆས་ཀྱིན་ཡོད། དེ་ནི་ཆེད་མངགས་སྤོ་བོའི་གན་དུ་འཚམས་འདྲིར་སོང་བ་མ་ཡིན་པར་སྤོ་བོའི་ལག་ཟུང་དྲོན་མོ་ནས་སྒོར་མོ་འཐོབ་འདོད་ཀྱི་བྱིས་པའི་སྣང་བ་དང་ཧམ་སེམས་ཀྱི་བློ་སྒོས་ཡོངས་སུ་བསྡམས་པ་འདྲ། སྙིང་ཉེ་བའི་སྤོ་བོས་ཀྱང་ཐེ་ཚོམ་ཅི་ཡང་མེད་པར་ལག་པ་གཡས་པ་དེ་སྟོད་གོས་ནང་མར་བསྲིངས་ཏེ་སྒོར་མོ་བཅུ་ལོར་ཞིག་རྔན་པའི་ཚུལ་དུ་སྟེར་བས་ང་རང་གཞི་ནས་དགའ་བཞིན་སྤྲོ་བཞིན་དུ་སློབ་གྲྭར་ཕྱོགས་འགྲོ།

  ཐེངས་ཤིག་གཟའ་ཉི་མའི་དུས་ཚོད་ལ་ང་རང་སློབ་གྲྭར་འགྲོ་སྐབས། ཟམ་པའི་ཕར་ཕྱོགས་སུ་ལྕགས་ཧྲུག་ཉོ་མཁན་གྱི་རྒྱ་མི་བཟའ་ཚོ་གཉིས་སླེབས་པ་མཐོང་བྱུང་བས་ངས་ལམ་སེང་ཁྱིམ་ནང་དུ་སོང་སྟེ་སྤྱོད་སྒོ་མེད་པའི་ལྕགས་དབྱུག་རྐང་འགའ་འཁྱེར་ནས་ཚོང་བར་ཕྱིན་ཏེ་སྒོར་མོ་ལྔ་ལོར་ཞིག་ལག་པར་ལོན་བྱུང་། དེ་ནས་འདོད་པས་མ་གཞག་པར་ལམ་བརྒྱུད་གཡས་ཕྱོགས་སུ་ཡོད་པའི་ཨུ་ཡོན་ལྷན་ཁང་དུ་སྤོ་བོ་འཚོལ་བར་སོང་བ་ཡིན། སྤོ་བོ་དང་མཉམ་དུ་གཏམ་གླེང་འགའ་བྱས་རྗེས་བྲེལ་འཚུབ་ཡོད་ཡོད་འདྲ་བའི་རྣམ་འགྱུར་གང་དེས་ཁོང་ཉིད་ཡིད་འཇོག་བྱེད་དུ་བཅུག་པ་དང་། “སྤོ་སྤོ། ང་སློབ་གྲྭར་འགྲོ་གི་ཡིན་ནོ།། སྤོ་སྤོ། ང་སློབ་གྲྭར་འགྲོ་གི་ཡིན་ནོ།།”ཞེས་སྐད་བརྡ་གཉིས་ཙམ་བཏང་ནས་འགྲོ་རྩིས་བྱེད་སྐབས། སྤོ་བོས་གཞི་ནས་ཆ་སྒམ་རྙིང་པ་ཞིག་གི་སྒོ་ཕྱེ་སྟེ་མཐོང་དུ་བཀོན་པའི་ལྕགས་སྨྱུག་བླུགས་པའི་སྒམ་ཆུང་ཞིག་མིག་ལམ་དུ་བཤམས་ཤིང་། ཁ་དོག་དམར་ལ་འོད་ལམ་ལམ་འཕྲོ་བའི་ལྕགས་སྨྱུག་གཉིས་ངའི་ལག་ཏུ་བཞག་སྟེ་སློབ་སྦྱོང་ཡག་པོ་བྱོས་ཨང་ཞེས་སྐུལ་མ་ཡང་ནས་ཡང་དུ་གནང་བ་ལས་གཞན་བྱ་འགུལ་ཅི་ཡང་མི་འདུག སྐབས་དེ་དུས་ང་ནི་སློབ་སྦྱོང་ལ་སྤྲོ་སྣང་མེད་པའི་ཁར་སྦྱངས་འབྲས་ཀྱང་ཕུལ་དུ་བྱུང་བའི་སློབ་མ་ཞིག་མ་ཡིན། དེས་ན་སྤོ་བོས་གནང་བའི་ལྕགས་སྨྱུག་གཉིས་ལ་དགའ་སྣང་ཤས་ཆེར་འཕེལ་མ་བྱུང་ལ། རེབ་འདིར་སྤོ་བོས་སྒོར་མོ་མ་སྦྱིན་པའི་བྱེད་སྟངས་དེར་འཁང་ར་དང་བཅས་སློབ་གྲྭར་སོང་བ་ཡིན། རྗེས་སུ་མཐོ་རིམ་སློབ་འབྲིང་གི་དགུན་གནང་སྐབས་སུ་ཁྱིམ་ནང་དུ་གཙང་སྦྲ་བྱེད་སྐབས་སྨྱུ་གུ་རྐང་གཅིག་ལག་ཏུ་ཐོགས་ཀྱང་ཕྱིས་སུ་བདག་གཅེས་མ་བྱས་པའི་རྐྱེན་གྱིས་ད་ཆ་སྨྱུ་གུ་དེ་གཉིས་མིང་གི་ལྷག་མ་ཙམ་དུ་ཟད་དོ། །

  ངའི་དྲན་འཛིན་གྱི་ལམ་དུ་དེ་ལྟར་འཆར་བའི་མོད་ལ། བྱང་གཉེན་ཆེན་ཐང་ལྷའི་རི་བརྒྱུད་ཀྱི་བཀོད་པ་དེ་ཉིད་ལོ་ཟླའི་པང་བར་ཉར་བའི་སྔོན་བྱུང་གི་ལོ་རྒྱུས་ཇི་བཞིན་བདག་གི་མགུལ་བར་འཁྱུད་འོང་ལ། གྲང་རླུང་སིལ་སིལ་ཞིག་གིས་མདུན་ཐད་ནས་བར་ཆད་ཀྱི་རྒྱ་རྙི་དང་འདྲ་བར་ངའི་ཤེས་པ་དབང་དུ་བཀུག་བསམ་པ་ནི་རྨི་ལམ་ནང་གི་ཀུ་རེ་དང་ཅིས་མི་འདྲ། ལམ་ཐག་དང་དཀའ་ཚེགས་ཀྱི་མདུན་དུ་བཀའ་དྲིན་གྱི་ནུས་མཐུ་གང་ལས་ཀྱང་ལྷག་ཅིང་། གཞི་རྒྱ་ཆེ་བའི་མི་ཚོགས་བརྒྱ་སྟོང་གི་དབུས་སུ་རང་ཉིད་ཀྱིས་གཅེས་སུ་འོས་པའི་མི་བུ་གང་དེ་གོང་དུ་བཀུར་འོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་མ་ལགས་སམ། ཀྱག་ཀྱོག་གི་ལོ་ཟླའི་ཁུག་ཆ་གང་སར་དགའ་སྐྱོ་སྤེལ་མའི་སྒྲུང་རབས་མང་པོས་ང་ཚོའི་མི་ཚེ་ལ་ཁ་ལོ་སྒྱུར་སྐབས། དོན་སྙིང་དང་ལྡན་པའི་དོན་བྱ་མཐའ་དག་དྲན་གསོ་དང་ཡི་གེའི་གཟུགས་སུ་འགོད་ཐུབ་ན་དེ་ནི་བདེ་སྐྱིད་ཀྱི་ཐོབ་ཆ་ཞིག་ཀྱང་ཡིན་ངེས་ལ། མ་འོངས་ཀྱི་ལུང་བསྟན་ཇི་བཞིན་དྲན་པའི་སྲུབས་ཀ་རུ་འཚང་བའི་དན་རྟགས་འཁྲུལ་མེད་ཅིག་ཡིན་པར་ཐེ་ཚོམ་མེད།

  ང་རང་མུ་མཐུད་དུ་སྔ་རྒྱུས་ད་རྒྱུས་ཀྱི་དྲན་ཐོའི་དབུས་སུ་འཛུལ་ཏེ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གཞུང་ལམ་གྱི་ཚངས་ཐིག་དམ་དུ་འཛིན་ཞོར། སྤོ་བོའི་འགྲམ་དུ་བདེ་བླག་ངང་བསླེབ་འདོད་པའི་རེ་སྨོན་གྱི་བློ་མིག་དྭངས་བར་ཕྱེ་གཤིས། ལྗོངས་རྒྱུ་མི་གཅིག་པའི་གྲོང་སྡེ་རེ་རེ་མིག་ལམ་དུ་གསལ་རིམ་བཞིན་རང་དབང་མེད་པར་མ་ཎིའི་དབྱངས་ཆ་རེ་རེ་མངོན་མེད་དུ་ཐལ་འགྲོ། མ་ཎི་ཡིག་དྲུག་གི་མཐུ་སྟོབས་དེ་རང་ལ་བརྟེན་ནས་རྒན་པོ་ཁོང་གློ་བུར་གྱི་གོད་ཀ་ལས་ལྡོག་ཐུབ་རྒྱུའི་ཆིག་ལབ་ཀྱང་དབང་མེད་དུ་ཤོར་འགྲོ། དེ་ལྟ་བུའི་དངངས་སྐྲག་གི་ཁུར་པོ་སེམས་སུ་བཀལ་ནས་སྐྱོ་ལྷང་ལྷང་ངང་ལམ་དུ་འབུད་བཞིན་ཡོད་ལ། སྤོ་བོ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་དྲན་པའི་གསོས་སུ་སྐྱོན་ཏེ་བྱང་ལམ་རྡོག་པས་བརྫིས། མུ་མཐའ་མི་མངོན་པའི་རྩྭ་ཐང་ལྟག་རྒྱབ་ཏུ་ཕུད་ནས་ཅུང་མ་འགོར་བར་ལྷ་སའི་ཉེ་འདབས་སྟོད་ལུང་བདེ་ཆེན་ཁུལ་དུ་འབྱོར་སོང་བས་འགོར་འགྱངས་ཅི་ཡང་མ་བྱས་པར་སྐྱིད་ཆུའི་ཟམ་ཆེན་བརྒྱུད་དེ་ལྷོ་ཁར་འགྲོ་སའི་མྱུར་བགྲོད་གཞུང་ལམ་གྱི་ཐོག་ཏུ་ཁ་ལོ་བསྒྱུར་བ་ཡིན། ལམ་དུ་སྤོ་བོ་དང་ངོ་འཕྲད་བྱུང་བའི་རྟོག་འཆར་མང་པོས་ཡིད་ཀྱི་སྣང་བ་བདེ་ལྷོད་དུ་མ་བཞག་ཅིང་། སེམས་ཁྲལ་འཕར་མ་ཞིག་གིས་ཡིད་སེམས་བློང་བློང་པོར་གཏོང་གིན་འདུག ཡང་ཡང་ཡིད་ལ་དྲན་པའི་སྤོ་བོ་རྒན་པོར་ཆག་སྒོ་ཞིག་བྱུང་མེད་དམ་སྙམ་པའི་ན་ཟུག་ཅིག་གིས་མིག་མཐར་མཆི་ཞགས་ཀྱང་འཁོར་ཡོང་གིན་འདུག སྡུག་བསྔལ་གྱིས་བསྡམས་པའི་དབུགས་རིང་ནར་ནར་དུ་འབྱིན་ཏེ་གནས་སྐབས་ཀྱི་འགྲུལ་བཞུད་ལ་སིམ་པའི་ངལ་བ་ཡོད་ཚད་དང་དུ་བླངས་པ་ཡིན།

  ཡུལ་ཕར་ཕར་བརྒལ་བ་ན་ཡར་ཀླུང་གཙང་པོའི་ཆུ་ཀླུང་ཆེན་པོའི་འགྲམ་ངོགས་སུ་ལྷགས་ཤིང་། གནས་རི་བཟང་པོས་ཡོངས་སུ་སྐོར་བའི་ཡུལ་ལུང་འདི་པའི་ངོ་མཚར་གྱི་རིག་གནས་ལ་ཅི་ཡིན་འདི་ཡིན་མེད་པར་དགའ་བ་དང་དད་པ་ཞིག་ཡོང་གིན་འདུག ལྷོ་ཁ་ཞེས་པའི་མིང་དེ་གོ་བ་ཙམ་གྱིས་དྭངས་གཙང་དང་ཡིད་འོང་གི་ཐ་སྙད་དག་ལ་བཅོལ་བའི་བརྩེ་བ་ལྷད་མེད་ཅིག་ངང་གིས་ཕྱུང་། གཅིག་བྱས་ན་གནས་འདི་གར་ངའི་ལོ་གསུམ་གྱི་འཚོ་བའི་རི་མོ་མངོན་པར་བཀྲ་བས་ཡིན་སྲིད་ལ། གཅིག་བྱས་ན་སྤོ་བོའི་བཀའ་དྲིན་གྱི་འོག་ཏུ་ང་རང་མཐོ་འབྲིང་གི་རྒྱལ་སྒོ་འགྲིམ་པའི་གོ་སྐབས་བྱུང་ཐོག སློབ་གཉེར་གྱི་ལམ་བུར་རེ་བའི་འབྲས་བཟང་ཐོབ་པའི་བསྐལ་བ་བཟང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་བས་ཡིན་ཡང་སྲིད། གང་ལྟར། དུས་ད་ལྟའི་བར་དུ་སློབ་གྲྭ་སློབ་སྦྱོང་ཟེར་ཡང་སྤོ་བོའི་ལས་འགུལ་ཞིག་གིས་ངའི་མུན་ནག་གི་ལམ་ཕྲན་དུ་དཀར་གསལ་གྱི་སྒྲོན་མེ་སྤར་མྱོང་། བཀའ་དྲིན་འཇལ་དུ་མེད་པའི་ཡིད་རྟོན་གྱི་སྟོབས་ཤུགས་བླ་མེད་ཅིག་སྤྲོད་མྱོང་། སྐབས་དེ་དུས་སྤོ་བོ་ཡོད་པས་ཕྲན་གྱི་ཕུགས་བསམ་ལ་བདེན་ཁ་ཐོབ་ཅིང་། སྤོ་བོ་ཡོད་པས་ངའི་མ་འོངས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་རྟགས་དང་རྟེན་འབྲེལ་རབ་དང་རིམ་པ་བྱུང་ཡོད།

  དེའང༢༠༡༡ལོའི་དམའ་རྒྱུགས་ཀྱི་ནང་དུ་སྟབས་ལེགས་དང་སྟེས་དབང་གིས་ཁོ་བོར་གཡུར་ཟའི་འབྲས་བཟང་ཐོབ་བྱུང་། ངས་བཀྲ་ཤིས་པའི་གཏམ་བཟང་གང་དེ་ཁྱིམ་མི་ཚོགས་པའི་དབུས་སུ་བརྗོད་པ་ཡིན། ནང་མི་ཡོངས་ཀྱིས་དགའ་སྤྲོ་དཔག་མེད་བྱེད་པའི་མཚམས་དེར་ཨ་ཕས་སློབ་གྲྭར་ཕྱིན་ན་མདུན་ལམ་མེད་རབས་དང་མོས་མཐུན་མེད་པའི་རྒྱུ་མཚན་སྣ་ཚོགས་ལབ་ཀྱིན་འདུག ཕལ་ཆེར་ཨ་ཕས་རང་ཉིད་ཀྱི་ཕམ་ཁ་ཞིག་ལ་བསམ་གཞིག་བྱས་ཏེ་ངའི་མི་ཚེ་ལ་སྐྱོ་གདུང་ཡོང་བར་དོགས་ནས་འདང་རྒྱག་ཐེངས་མང་བྱས་པ་འདྲ། དུས་དེ་ཙམ་ལ་ཡང་གྲོང་ཚོ་ཡས་མས་ཀུན་ཏུ་བུ་ཕྲུག་དམའ་གསུམ་སློབ་མཐར་ཕྱིན་ན་ཁྱིམ་ལས་པ་རྩེ་གྲར་བརྩི་བའི་བསམ་བློ་རྙིང་པའི་འཆིང་རྒྱ་ལས་མ་ཐར་བའི་རྣམ་པ་རབ་དང་རིམ་པ་མཐོང་དུ་ཡོད། ང་དང་སྤུན་ཡ་ནི་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་ཆེ་བས་ཨ་ཕར་རྒོལ་གཏམ་མང་དུ་བཏང་རུང་ཨ་ཕའི་ཨུ་ཚུགས་ལ་འགྱུར་བ་དེ་ཙམ་མ་བྱུང་། འོན་ཏེ། རྒྱུན་རིང་མ་སོང་བར་གནས་ཚུལ་དེ་ཉིད་སྤོ་བོའི་རྣ་ལམ་དུ་གོ་ཐོས་བྱུང་འདུག་པས། ཉིན་གཉིས་ཙམ་ནས་སྤོ་བོ་ཁྱིམ་དུ་ཡོང་སྟེ་ཕྲུ་གུ་ངེས་པར་དུ་སློབ་གྲྭར་གཏོང་དགོས་པ་དང་རིག་གནས་སྦྱོང་དགོས་པའི་གནས་ལུགས་གང་མང་བཤད་སོང་། ད་དུང་སྤོ་བོས་ཛ་དྲག་པོའི་སྒོ་ནས་ང་དང་སྤུན་ཡའི་ཕ་ལ“གལ་ཏེ། ཁྱོད་གཉིས་ཀྱིས་ཕྲུ་གུ་སློབ་གྲྭར་གཏོང་མ་ཐུབ་ན་ངས་གཏོང་གི་ཡིན་ལ། སློབ་གྲྭར་སྐྱེལ་བར་ཡང་ང་རང་གིས་ཕྱིན་ཆོག”ཅེས་སློབ་འགོ་ཚུགས་གྲབས་ཡོད་པའི་དུས་དེར་སྤོ་བོས་ང་དང་སྤུན་ཡ་སློབ་གྲྭར་སྐྱེལ་བསུ་བྱས་པ་དང་དགོས་ངེས་ཀྱི་ཡིག་ཆས་དང་ཉལ་ཆས་ཆ་ཚང་ཉོས་བྱུང་། འབྲེལ་ཡོད་ཀྱི་ལས་ཀ་ཆ་ཚང་བ་ཚར་རྗེས་སྤོ་བོ་གཞི་ནས་ཕ་ཡུལ་དུ་ལོག ཕྱིས་སུ་སྤོ་བོས་གནས་ཚུལ་དེ་ངེད་གཉིས་ཀྱི་མདུན་དུ་ཡང་ཡང་གླེང་གིན་ཡོད་ལ། དུས་དེ་ནས་བཟུང་ངའི་སྙིང་ཁར་གནས་ཚུལ་གང་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་དུ་གསལ་ལྷང་ངེར་འཆར་འོང་ཞིང་། སྤོ་བོའི་བློ་རིག་ལ་རྗེས་སུ་ཡི་རངས་དང་སྤོ་བོའི་བཀའ་དྲིན་ནི་བརྗེད་པ་མེད་པར་ཡིད་ལ་བརྟན་པོར་བཅངས།

  ད་ནི་དྲན་གསོ་དང་ལྷན་དུ་ལྷོ་ཁར་སླེབས་རན་པས་སེམས་ནང་མངོན་མེད་ངང་ཡིབ་པའི་འཇིགས་སྐྲག་ཅིག་གིས་ལུས་པོ་བཙིར་ཡོང་གིན་འདུག་ལ། སྤོ་བོའི་ཡ་ང་བའི་ངོ་རིས་ཤིག་མིག་མདུན་དུ་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག ད་དུང་། ཞིབ་བཤེར་ས་ཚིགས་ཀྱི་མོ་ཊའི་འདུ་ཚོགས་ནི་ཁོང་ཁྲོ་སློང་མཁན་གྱི་ངན་ལྟས་ཤིག་དང་འདྲ་ཞིང་། ལམ་མདོའི་གློག་རྡུལ་བརྙན་ཆས་ཀྱི་འོད་མདངས་ནི་དོན་མེད་ཀྱི་བཀག་རྡོ་ཞིག་དང་འདྲ་བྱུང་། ངས་དུས་ཐུང་གི་བར་གེགས་ལས་གཡོལ་ཏེ་དྲང་ཐད་དུ་ལྷོ་ཁའི་མི་དམངས་སྨན་ཁང་གི་ཕྱོགས་སུ་ཕྱིན་པ་ཡིན། སྨན་ཁང་གི་གཞུང་སྒོ་འཛུལ་བ་དང་སྲུ་མོར་ཁ་པར་བཏང་སྟེ་གྲུ་ཟུར་གང་དུ་ཡོད་མེད་གསལ་བར་དྲིས་རྗེས། རྒྱུག་མ་འདུར་གྱིས་ཐོག་ཁང་ཆེན་པོའི་རྒྱབ་ལོགས་སུ་ཡར་བལྟ་མར་བལྟ་ཞིག་བྱས། སྲུ་མོས་གཡོན་ཕྱོགས་ནས་ལག་བརྡ་བྱས་བྱུང་བས་ངས་དེ་མུར་དེ་གར་བསྐྱོད་པ་ན་སྲུ་མོའི་ཉམ་ཐག་པའི་ངོ་མདངས་ཤིག་ངའི་འདྲེན་བྱེད་ཡུལ་གྱི་ན་ཟུག་ཏུ་འགྱུར་ལ། ཁོ་མོས་མིག་ཆུ་གཏོང་གིན་གཏོང་གིན“སྤོ་བོ་མེད་པ་བྱས་སོང་”ཞེས་ཤུགས་ཆེན་པོས་ངུས་པས་ང་ནི་ཅུང་ཧོན་ཐོར་བའི་རྣམ་པ་རུ་ལུས། ཁོ་བོའི་སྐྱོ་དུབ་ཀྱི་མིག་ཆུ་ཟགས་ཤུལ་དུ་སྡུག་གིས་མནར་བའི་ལུས་པོ་དེ་ཉིད་ག་ལེར་ག་ལེར་གཅེན་པོ་དང་སྲུ་མོ་ལྷན་དུ་ཁང་པའི་ནང་དུ་སོང་བ་ཡིན། སྒོ་འགྲམ་དུ་ལྷ་བསངས་ཀྱི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་གནས་གཞི་རུ་གཉེན་ཉེ་དུ་ཁ་ཤས་ལྡང་མ་ལྡིང་ངང་བཞུགས་འདུག ཡར་འཛུལ་བ་ན་མཐའ་བཞི་རས་དཀར་པོས་བསྐོར་བའི་ཁྱམས་ཆུང་ཆུང་ཞིག་ཡོད་པ་དེ་གར་སྤོ་བོའི་སྐུ་ཕུང་བཞུགས་སུ་གསོལ་བ་འདྲ་བས་ང་རང་སླར་ཡང་སྐྱོ་གདུང་གི་དཀྱིལ་དུ་ཚུད་ནས་མིག་ཆུའི་ཐིགས་ཕྲེང་བར་མེད་དུ་མཆེད། ཉེ་འཁོར་ན་ཡོད་པའི་སྤུན་མཆེད་རྣམས་ཀྱིས་སེམས་གསོ་གང་མང་བྱས་ཀྱང་ན་ཟུག་གི་ཞགས་པ་འདི་ལས་གནས་སྐབས་གྲོལ་བར་དཀའ། མིག་ཆུ་འབྱིད་ཀྱིན་འབྱིད་ཀྱིན་ཁང་པའི་སྦུགས་མར་ཕྱིན་པ་ན་འདི་གར་རིམ་འགྲོ་གནང་མཁན་གྱི་དགེ་འདུན་པ་རེ་གཉིས་དང་སྐུ་ཕུང་གི་མདུན་དུ་ཉེ་ཁུལ་ནས་གདན་ཞུ་བྱས་པའི་ཞལ་འདོན་པ་རེ་འགའ་མཆིས། དེ་མིན་སྤོ་བོ་འདས་པོའི་འཁོར་དུ་འགྱུར་པའི་གྲོགས་ཀྱི་དྭངས་མ་དང་ཤ་ཚ་ཅན་གྱི་སྐུ་མཆེད་དག་གིས་ལྷག་བསམ་གཙང་མས་རོགས་རམ་བྱེད་པ་ལས། བུ་བུ་མོ་དང་ཚ་བོ་ཚ་མོ་དག་ནི་མཆི་མའི་རྒྱུན་ཐག་མ་ཆད་པར་ཁང་པའི་ཟུར་གང་སར་སྐྱོ་ཏིང་གི་གནས་སུ་གྱར་བས་ཁོར་མོ་ཡུག་ཏུ་མྱ་ངན་གྱི་ཟུག་རྔུས་བསྡམས།

  ཉིན་མོའི་སྣང་བ་ནུབ་པའི་ཐུན་མཚམས་སུ་མི་རྣམས་སྔར་བཞིན་འདས་མཆོད་ཀྱི་ཆོ་ག་སྒྲུབ་བཞིན་མཆིས། ཡིན་ནའང་། ཕྲན་གྱི་བློ་ངོར་གློ་བུར་བའི་གནས་ཚུལ་འདི་ཉིད་དང་ལེན་དཀའ་བས་དུས་ཀྱི་ཆ་ཤས་གང་དུ་ཡིན་རུང་སྤོ་བོའི་གྲིབ་གཟུགས་བདག་གི་ཉེ་གམ་དུ་ཡོད་ཡོད་ཀྱི་སྣང་བ་འཆར་གྱིན་འདུག་ལ། ཕན་ཚུན་གཏམ་གླེང་བྱེད་པའི་རྣམ་པ་ཡང་འཁྲུལ་ངོ་ལ་སྣང་བྱུང་། མཚན་མོ་དེར་ངས་ག་ལེར་ཁྱམས་ཆུང་ངུ་དེར་འཛུལ་ཏེ་རས་ལྷེབ་དཀར་སེང་ངེར་གཡོགས་པའི་སྤོ་བོའི་ཕུང་པོར་ཅེར་ནས་སྐམ་ཞིང་རིད་པའི་གཟུགས་ཕུང་སེམས་ཀྱི་ཟུག་གཟེར་རུ་གྱུར་སྐབས། རང་དབང་མེད་པར་མཆི་མའི་ཐིགས་པ་ཟགས་འོང་བས་ངས་ལག་པ་གཡས་པས་ཁ་ངོ་བཀབ་ནས་ངུས་པ་ཡིན། དེ་ནས་སྤོས་དང་མཆོད་མེ་ཞིག་ཞལ་ཁ་ཕྱེ་བ་དང་སྦྲགས་ཁ་འདོན་རེ་གཉིས་ངག་ནས་བཟླས་ཏེ་རང་གི་མགོ་བོ་ཁོང་གི་ཕུང་པོ་འཇོག་སའི་སྟེགས་བུ་དེར་གཏུག་གཏུག་ལན་འགའ་བྱས་ནས་མར་ཐོན་ཡོང་བ་ཡིན། གང་བྱས་མཚན་མོ་དེར་ངས་དུས་ངེས་མེད་དུ་སྤོ་བོའི་འགྲམ་དུ་ཕྱིན་ནས་སྐད་ཆ་འགའ་ལབ་སྟེ་སྤོ་བོ་སྔར་བཞིན་བདག་གི་ཉེ་འགྲམ་དུ་ལོག་ན་བསམ་རུང་། སྐྱེས་མཐའ་འཆི་བ་དང་འདུས་མཐའ་བྲལ་བ། བསགས་མཐའ་འཛད་པ་དང་མཐོ་མཐའ་ལྷུང་བའི་མཐའ་བཞིའི་ཆོས་ཉིད་ལ་བསོམས་ཚེ། སྤོ་བོ་ཁོང་ནམ་ཡང་ང་ཚོ་དང་ཞལ་གྱེས་ཞུས་ནས་བདག་གི་ཉེ་གམ་དུ་ལོག་ཁོམ་མེད་པ་འདྲ།

  ཀྱེ་མ་ཀྱི་ཧུད། སྙིང་ཉེ་བའི་སྤོ་བོ་ལགས། ཁྱོད་ཀྱིས་བཤད་པ་ཅིས་མི་བདེན་ནམ། ལོ་གོང་མའི་གནམ་ལོ་གསར་བཞད་ཀྱི་མཚམས་དེར་ང་ཚོ་མཉམ་དུ་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་དུས། སྤོ་བོ་ཁྱེད་ཀྱིས་ང་དང་གཅེན་པོར་སྔོན་མ་ཤ་རི་དགོན་པའི་ཆོས་རྗེ་ཞུ་བ་དེར་མོ་ལུང་ཞུས་པའི་སྐོར་གླེང་མོལ་བྱས་བྱུང་། དེ་དུས་ཆོས་རྗེ་ཁོང་གིས་ཁྱེད་རང་དགུང་ལོ་བདུན་ཅུ་དོན་བཞི་བར་ལ་ནད་གཞི་སོགས་ཀྱི་གེགས་བར་ཆེན་པོ་མེད་རབས་དང་། དགུང་ལོ་དོན་བཞི་ལ་ཚེ་ཡི་བར་ཆད་འདུག་ཅེས་ལུང་བསྟན་གནང་བྱུང་ཟེར། ལུང་བསྟན་དེ་ནི་ཆོས་རྗེ་ཁོང་ལ་མཚོན་ན་སྒྲུབ་རྟགས་ཤིག་དང་རྟོགས་པའི་རྟེན་འབྲེལ་ཞིག་གི་ཡོང་སྒོ་ཡིན་ཡང་སྲིད། འོན་ཏེ། སྤོ་བོ་དང་ངེད་ཀྱི་ཁྱིམ་མི་ཚོ་ལ་མཚོན་ན་དེ་ནི་བཀྲ་མ་ཤིས་པའི་གཏམ་ངན་ཞིག་དང་དུས་ངན་གྱི་སྔོན་བརྡ་ཞིག་ཅིས་མ་ལགས། ད་སོ་མ་སྤོ་བོའི་སྣང་བརྙན་དང་སྐད་ངག་མི་ཡུལ་གྱི་ས་གཞི་འདི་ནས་མཐོང་ཐོས་ཀྱི་རེ་བ་ཕྲན་ཙམ་ཡང་མེད་པས། ལྷ་པ་མོ་པ་འདྲེ་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ་ཟེར་ཡང་ཁོ་ཚོའི་གཏམ་ལ་སྐབས་རེ་ཆ་འཇོག་མ་བྱེད་ཀ་མེད་རེད་འདུག ད་ནི་མ་ཎིའི་སྒྲ་རྒྱུན་དབུས་ནས་སྤོ་བོའི་སྐུ་ཕུང་མིག་ལམ་དུ་བསྟར་ཐེངས་རེ་རེར་མངོན་དུ་འགྱུར་པའི་མོ་ཕྱྭ་གང་དེར་ཁོང་ཁྲོའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་གྱིན་འདུག་ལ། ནམ་རྒྱུན་སྤོ་བོ་དང་མཉམ་དུ་སྔ་རྒྱུས་ད་རྒྱུས་གླེང་གིན་པའི་མི་ཚེའི་དཀའ་སྡུག་དག་དྲན་གསོའི་རྒྱུན་དུ་མཐུད་འོང་། དེ་བས། དུས་སྐབས་འདིར་སུ་གང་ལའང་སྐད་ཆ་བཤད་མི་འདོད་པས་ཁུ་སིམ་མེར་ཁང་མིག་དཀར་པོ་དེའི་ནང་དུ་འཛུལ་ནས་མཆོད་མེ་ཀོང་བུ་ཞིག་ལ་མེ་བསྒོས་རྗེས། མིག་ཆུའི་ཐིགས་པ་གཅིག་རང་དབང་མེད་པར་སྤོ་བོའི་ལུས་པོའི་ངོས་སུ་འཐིམ་འགྲོ་བའི་ཡིད་གདུང་གི་མཆོད་པས་ཉེས་བཤགས་བྱས་པ་ཡིན།

  ནམ་ལང་ཁའི་ཤར་ཕྱོགས་མཁའ་དབྱིངས་ཀྱི་ཉི་མའི་སྣང་བ་ཆུང་ངུ་སྨན་ཁང་གི་ཕྱོགས་བཞིར་འཕྲོ་ལ་ཉེ་དུས། ངས་གཞི་ནས་ངག་གི་རྩ་སྒོ་གྲོལ་བ་ལྟ་བུས་འདིར་ཡོད་ཀྱི་ཉེ་དུ་རྣམས་ལ་སྐད་ཆ་ཚིག་འགའ་ལབ་པ་ཡིན། སྡུག་གིས་མནར་བའི་སྐད་ཆར་ནུས་ཤུགས་ཀྱིས་དབེན་ན་ཡང་གོད་ཆག་བྱུང་སྐབས་སུ་རོགས་རམ་གྱི་ཕྱག་ཟུང་སྐྱོང་མཁན་རྣམས་ལ་བརྡ་ལན་རེ་གནང་རྒྱུ་ནི་ལས་འབྲས་ཀྱི་བདེན་ལུགས་གཙང་མ་ཞིག་མ་ལགས་སམ། དེ་བས། ཁོང་རྣམ་པའི་ཤ་ཚ་བའི་གཏམ་གྱིས་ཟ་མ་བཟའ་དགོས་པའི་སྐུལ་མ་ཡང་ཡང་བྱས་བྱུང་བས་ང་རང་རེ་ཞིག་མགོ་བོ་ཐུར་དུ་དུད་དེ་མོག་མོག་རྐང་གཅིག་ལག་ཏུ་བཟུང་ནས་རིམ་བཞིན་ཁ་ནང་དུ་ལྡད། ཇ་ཡུན་ཙམ་སོང་བ་ན་ཞོགས་པའི་ཉི་འོད་ཀྱི་བཀྲག་མདངས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཏེ་མཚན་གང་གི་སྐྱོ་གདུང་ཡོད་ཚད་རིམ་བཞིན་ཕར་ངོགས་སུ་འདའ་ངེས་རེད་ཨང་སྙམ་དུས། ཁོར་ཡུག་ཆུང་ཆུང་འདི་ནི་སྔར་བཞིན་མུན་ནག་དང་སྐྱོ་གར་གྱི་རྣམ་པས་ཡོངས་སུ་བཀྱིགས་ཏེ། ངུ་སྒྲ་དང་མ་ཎི་འདོན་པའི་སྒྲ་དབྱངས་ཀྱི་དབུས་སུ་ཡོད་ཚད་སྟོང་སང་སང་དུ་གྱུར། ང་ནི་དྲན་གདུང་དང་ལྷན་དུ་བསམ་ཡུལ་ལས་འདས་པའི་གནས་ཚུལ་གང་དེར་བསམ་གཞིག་ལྷག་མ་ཞིག་མེད་དམ་སྙམ་བཞིན་བསང་ཕོར་གྱི་མདུན་དུ་ཕར་འགྲོ་ཚུར་འགྲོའི་ངང་འདས་བསྔོའི་ལམ་དུ་བཞུགས་ཤིང་། སྤོ་བོའི་རྣམ་ཤེས་ཀྱི་འབོད་བརྡ་ཡིད་ཀྱི་སྣང་བར་འཇབ་ན་བསམ་བྱུང་། ལུས་ཀྱི་དབང་པོ་གཟུགས་ཅན་དེ་མིག་ཤེས་ཀྱི་བཟུང་བྱར་འགྱུར་ན་སྙམ་བྱུང་། གང་ཡོད་ཐམས་ཅད་སྔར་སོང་གི་ལོ་ཟླར་ལྡོག་ན་འདོད་པའི་དྲན་པ་ཕྲ་མོ་མཆི་མའི་གོང་བུར་སྒྲིལ་ཏེ་མི་ཚེའི་སྐྱོ་ཐག་གི་རྒྱུན་ལ་མཐུད།

  མིག་ཆུས་བརླན་པའི་དུས་ཀྱི་མདའ་མོ་ལ་མོའི་ཕར་རྒྱབ་ཏུ་ཡིབ་ནས་ཉིན་གྲངས་གསུམ་ཙམ་འདས། སང་ཉིན་ནི་སྤོ་བོའི་སྐུ་ཕུང་འཇིག་གནས་སུ་གདན་འདྲེན་ཞུ་དགོས་པའི་དུས་ལ་འཁེལ་ཞིང་། འདིར་ཚོགས་ཀྱི་སྐྱོ་རོགས་ཡོངས་ནས་ནངས་པར་འཁྱེར་དགོས་པའི་མཆོད་རྫས་དང་དུར་རྒྱགས་རྣམས་ཆད་ལུས་མེད་པར་གྲ་སྒྲིག་ཁ་ཚང་དུ་བྱས་སོང་། རང་ཡུལ་གྱི་ལུགས་སྲོལ་ལྟར་ན་ཚེ་འདས་ཀྱི་སྐྱེ་བོ་གང་དེ་ས་ཆ་ག་གེ་མོར་དུས་ངན་གྱི་དབང་དུ་སོང་ན་རང་དགར་བཞག་སྟེ་དུར་མཆོད་བྱེད་པ་ལས་ཕུང་པོ་ཡུལ་དུ་སྐྱེལ་སྲོལ་ཡེ་ནས་མེད། དེས་ན་སྙིང་ཉེ་བའི་སྤོ་བོའི་ཕུང་པོ་ཡང་རྩེད་ཐང་དང་ཐག་ཉེ་བའི་འཕྱོངས་རྒྱས་གཞུང་གི་དཔའ་བོ་བསམ་གཏན་གླིང་དགོན་པའི་དུར་ཁྲོད་དུ་སྐྱེལ་རྒྱུའི་གྲོས་འཆམ་བྱུང་ཐོག ནམ་ཕྱེད་ཙམ་ལ་ཉམས་མྱོང་ཅན་རྣམ་པས་སྤོ་བོའི་ལག་གཉིས་ཐལ་མོ་སྦྱར་བའི་ཚུལ་དུ་གཉའ་གོང་ནས་སྒྱིད་ཁུག་བར་ཁ་བཏགས་ཀྱིས་བསྡམ་བཀྱིག་བྱས་ཏེ་དགེ་འདུན་པས<<བར་དོ་ཐོས་གྲོལ>>ཀློག་འདོན་དང་སྦྲགས་སྤོ་བོ་ཉིད་ཁྱིམ་འདིའི་ཅི་ལའང་ཞེ་མི་ཆགས་པར་བདེ་བ་ཅན་གྱི་ཞིང་དུ་འགྲོ་དགོས་ཚུལ་སོགས་ཀྱི་གསལ་འདེབས་ཞིབ་ཏུ་ཞུས། ཁ་དཔེར་ལུང་པ་རེ་ལ་ཆ་ལུགས་རེ།།བླ་མ་རེ་ལ་ཆོས་ལུགས་རེ།།ཟེར་བ་ནང་ལྟར་རང་ཡུལ་གྱི་སྲོལ་ལུགས་ནི་གཞན་དང་མི་འདྲ་བར་ཕུང་པོ་གཞན་གྱིས་འཁྱེར་སྲོལ་མེད་པར་རང་རང་གི་ནང་མིས་འཁྱེར་དགོས། ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ་གཅེན་པོས་སྤོ་བོ་དམ་པ་ལྟག་སྤྲོད་དུ་འཁུར་རྗེས་གཉེན་ཉེ་སྐྱེས་པ་བཞི་དང་ལྷན་དུ་དུར་ཁྲོད་ཀྱི་ཕྱོགས་སུ་རྡོག་ཐོན་གྱི་སྟ་གོན་མཛད། ཕུང་པོ་ཕྱིར་འདོན་སྔོན་དུ་ལམ་གྱི་གཡས་གཡོན་དུ་འཐེན་པའི་དཀར་ཐིག་གི་ཕྱི་རུ་ང་ཚོ་མི་སྣ་ལྔ་བཅུ་ཙམ་གྱིས་སྤོས་སྣེས་སྤྱི་ལེ་གསུམ་ཙམ་གྱི་བར་དུ་ཕུང་པོ་སྐྱེལ་གནང་མཛད། སྐུ་ཕུང་ཐོན་ཚར་རྗེས་ང་ཚོ་ཚུར་སྨན་ཁང་དུ་ཡོང་ནས་བསྡུ་གསོག་དང་གཙང་སྦྲ་ལེགས་པར་བསྒྲུབས་ཏེ་ཕ་ཡུལ་གྱི་ཕྱོགས་སུ་ལོག་རྒྱུའི་སྔོན་ཚུད་ཀྱི་བློ་ཁ་གཏད།

  ཉིན་དགུང་ཙམ་ལ་ང་ཚོ་འདིར་ཡོད་ཀྱི་ནང་མི་རྣམས་ཕ་ཡུལ་གྱི་ཕྱོགས་སུ་ཐོན་པ་ཡིན། ཁུ་སིམ་སིམ་གྱི་ལམ་དུ་ཡོད་ཚད་སྐྱོ་གདུང་གི་དབུས་སུ་ལྷུངས་ཏེ་མོ་ཊའི་ནང་དུ་གཏམ་གླེང་གི་སྐད་ཆ་ཚིག་གཅིག་ཀྱང་མི་འདུག ངེད་ཅག་གི་སྤུན་མཆེད་ཡོངས་སུ་རྫོགས་པ་ནི་སེམས་སྡུག་གིས་མནན་ནས་ལྟ་བར་མི་བཟོད་པའི་ལྗོངས་རྒྱུ་ཡ་ང་བ་ཞིག་ཏུ་འགྱུར། ང་ཚོས་འགྲུལ་བཞུད་ཀྱི་འགྲོ་ལམ་རིང་མོར་ཀ་རེ་ཀོ་རེ་ཅི་ཡང་མ་བྱས་རྐྱེན། དཀའ་ཚེགས་མེད་པར་བདེ་བླག་ངང་ཕ་ས་ཕ་ཡུལ་གྱི་པང་བར་འབྱོར་སོང་། ཁྱིམ་གྱི་སྒོ་ཁ་རུ་སླེབས་མ་ཐག་མི་མང་པོ་ཞིག་འདི་གར་རུབ་རུབ་བྱས་ནས་བསུ་མའི་ཚུལ་དུ་སྲོང་པོར་ལངས་ཏེ་སེམས་གསོ་དང་འཐམ་འཁྱུད་མང་དུ་བྱས་ཐོག ཚེ་མི་རྟག་པའི་ཆོས་ཉིད་གོ་དགོས་ཚུལ་དང་སྐྱེས་པའི་མཐའ་མ་འཆི་རྒྱུ་ཡིན་པའི་གནས་ལུགས་གང་མང་ཤོད་ཀྱིན་འདུག་ལ། ངེད་ཅག་གི་བསམ་བློ་དྲོང་བར་འཇོག་དགོས་ཚུལ་ཐེངས་མང་གླེང་གིན་འདུག འོན་ཏེ། འཇིག་རྟེན་ཁ་དཔེ་རུ་གྲོང་པའི་བ་ཤི་ཡང་། མྱ་ངན་ཞག་གསུམ་འཁུར་དགོས། ཞེས་གསུངས་པ་ནང་ལྟར་སྙིང་གི་ཏོག་ལྟ་བུར་འགྱུར་བའི་མི་བུ་ཧྲང་ཧྲང་ཞིག་ཚེ་ལས་འདས་དུས་དེ་ལ་སྐྱོ་བ་མི་སྐྱེ་མཁན་སུ་ཞིག་ཡོད་དམ། དེ་བས་ཀྱང་སྤོ་བོ་ནི་ང་ཚོའི་ཁྱིམ་ནང་གི་མི་སྣ་འགངས་ཆེན་ཞིག་ཡིན་པས་ཁོང་ཉིད་ལྔ་ལམ་དུ་ཕེབས་སོང་བ་ནི་བཟོད་ཐབས་མེད་པའི་གོད་ཆག་ཤིག་གི་རྡུང་རྡེག་མ་ཡིན་ནམ། མ་གཞི་ནས་འཁོར་བའི་ཁམས་ཆེན་པོ་འདིར་བར་ཆད་འདི་ལས་ལྷག་པ་ཞིག་ཡོད་མི་སྲིད་ལ། བར་ཆད་འདི་འདྲ་བའི་དཀྱིལ་དུ་འཐིམ་ནས་མྱུར་དུ་དགའ་སྤྲོའི་འཛུམ་པ་འཁྱེར་མཁན་གྱི་སྐྱེ་བོ་ནི་མ་རྐང་ནས་ཡོད་མི་སྲིད།

  ཡུད་ཙམ་ནས་ཁྱིམ་ནང་དུ་བཞུགས་སུ་གསོལ་བའི་སྲུ་མོ་རྒན་པ་དང་བཅས་པ་མིག་ལམ་དུ་གསལ་བྱུང་བས་སྡུག་བསྔལ་གྱི་སྒྲ་གསང་ནམ་མཁའ་འགུལ་བ་ལྟར་མཆེད་ཅིང་། མིག་ཆུ་བཞུར་བའི་རྣམ་པ་ལ་བཏང་འཛིན་དཀའ་སོང་། ང་ཚོ་ངོ་འཕྲད་ཀྱི་སྐྱོ་བ་ཡོད་ཚད་མིག་ཆུས་མཚོན་བཞིན་ཡོད་ལ། ང་ཚོའི་བློ་ཕམ་ཡིད་ཆད་ཀྱི་སེམས་སྡུག་ཡོད་ཚད་ཁྲོ་བ་དང་འཁང་རས་མཚོན་བཞིན་ཡོད། ད་དུང་སེམས་སྡུག་གི་མནར་བའི་མ་དྲིན་ཆེན་ཉལ་སར་ལུས་པའི་རྣམ་པ་དེ་མཐོང་དུས་སྙིང་ལ་གྲི་བསྣུན་པ་ལྟ་བུའི་ཚོར་བས་བསྡམས་ཏེ། གནས་སྐབས་སྡུག་རུས་ཆེན་པོས་མཆི་མའི་ཕྲེང་ཐག་གི་ལྷུང་རྒྱུན་བཅད་ནས་ཨ་མའི་འགྲམ་དུ་སེམས་སྡུག་གསོ་ཐབས་ཀྱི་སྐད་ཆ་མང་དུ་ལབ་པ་ཡིན། དེ་ནས་སྤོ་བོ་འདས་པོའི་སྐྱེ་བརྟག་འཇོག་ཡུལ་དུ་སོང་སྟེ་མཆོད་མེ་ཀོང་བུ་གཅིག་དང་གཟིམ་སྤོས་རྐང་གཅིག་ཞལ་ཁ་ཕྱེ་རྗེས། རྣམ་ཀུན་སྤོ་བོ་ཉལ་སའི་ཁང་པའི་ནང་དུ་འཛུལ་ཏེ་སྤོ་བོའི་ཉལ་ཆས་ལ་དབུ་གཏུག་བྱས་ནས་ཅུང་ཙམ་བསྡད། དེའི་རིང་དུ་མིག་ཆུ་ལོང་ལོང་དུ་འཁོར་འོང་ཞིང་སྤོ་བོ་སྔར་བཞིན་བདག་གི་འགྲམ་དུ་ཡོད་ཡོད་འདྲ་བའི་འཁྲུལ་སྣང་སྣ་ཚོགས་ཤར། དུས་ཚོད་སྔ་ཕྱིའི་མཚམས་ཚིགས་གང་དུ་ཡིན་རུང་བློ་ངོགས་སུ་སྤོ་བོ་ཁོང་ཉིད་ལྔ་ལམ་དུ་ཕྱིན་མེད་པའི་དོན་སྤྱི་འཆར་ཞིང་། ཉིན་མཚན་དབྱེར་མེད་དུ་ཕུལ་བའི་བརྒྱ་མཆོད་ཀྱི་མདུན་དུ་སྤོ་བོའི་གཟུགས་བརྙན་མངོན་མེད་ངང་སེམས་ཀྱི་ཟབ་སར་འཛུལ་འོང་། མར་མེའི་འོད་མདངས་ལྷབ་ལྷུབ་ཏུ་གཡོ་བའི་དབུས་སུ་ཁོང་གི་ངོ་རིས་ད་དུང་ཐེངས་གཅིག་མཇལ་འདོད་པ་ནི་ནམ་ཡང་མངོན་ཐབས་མེད་པའི་རེ་འདོད་ཅིག་ཅི་ལ་མིན།

  འདི་ལྟར་སྤོ་བོ་དྲིན་པོ་ཆེ་འཇིག་རྟེན་འདི་ནས་ཞལ་གྱེས་ཞུས་ཏེ་བདུན་ཚིགས་གཉིས་པར་སླེབས་པ་དང་། ང་རང་ཡང་དགོངས་ཞུའི་ཉིན་གྲངས་རྫོགས་ནས་སློབ་གྲྭར་ལོག་རྒྱུའི་དུས་ལ་བབ། ཞག་མ་བཅུ་བཞིའི་རིང་དུ་ང་རང་ཁྱིམ་ནང་དུ་བསྡད་དེ་འདས་མཆོད་ཀྱི་བྱ་བ་ཁག་ལེགས་པར་སྒྲུབ་རོགས་བྱས་པ་དང་། ཉིན་མཚན་གཉིས་ཀྱི་དུས་ཕྲན་གང་དུ་ཡིན་རུང་དྲི་མ་མེད་པའི་གསོལ་བ་སྨོན་ལམ་འདེབས་ཞོར། ཕྲེང་བའི་རྡོག་པོ་རེ་རེ་མཛུབ་ཧྲེང་གི་བར་དུ་བགྲེང་སྟེ་ཟུངས་ཟད་པའི་དྲན་པ་གང་དེ་སྤོ་བོའི་བྱད་གཟུགས་ཀྱི་ངོས་སུ་ལོག་ཐབས་བྱས། འོན་ཏེ། བོར་ཟིན་པའི་ཡོད་ཚད་སླར་ལྡོག་ཐབས་མེད་ཅིང་། སྒྱུ་འཕྲུལ་དང་རེ་སྒུག་གི་ཉིན་ཞག་དེ་དག་རིང་ལ་སྐྱེ་འཆི་ནི་ང་ཚོའི་ལས་སྐལ་ཡིན་པ་ཚོར་དུས། མདུན་བསྐྱོད་ཀྱི་གོམ་པ་དང་དུ་བླངས་ནས་སྤོ་བོ་འདས་པོ་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་རྒྱུ་ནི་དྲིན་གཟོ་ཞིག་གི་ལེགས་སྐྱེས་མ་ཡིན་ནམ། གང་ལགས་ཤེ་ན། ལས་གནས་སྤྱིར་བཏང་བ་ཞིག་གི་སྟེང་དུ་རང་གི་ཚེ་སྲོག་ཤོར་བའི་སྤོ་བོ་ཁོང་གི་མཛད་པ་ནི་ང་ཚོའི་གཟི་བརྗིད་གཅིག་ཏུ་ངོས་འཛིན་བྱེད་འོས་ལ། ལོ་ན་བདུན་ཅུའི་བར་དུ་ལས་གནས་སྲུང་བའི་སྙིང་སྟོབས་དེ་ནི་ང་ཚོའི་སློབ་སྦྱོང་བྱ་ཡུལ་གྱི་མིག་དཔེ་ཞིག་ཏུ་ངོས་འཛིན་བྱས་ཆོག རང་སེམས་སུ་བདུན་ཚིགས་བདུན་པ་སླེབས་དབྲག་བར་དུ་འདི་གར་སྡོད་བསམ་ཡང་དགེ་རྒན་ཟེར་བའི་མིང་སྙན་མོ་ཞིག་དང་སློབ་གསོ་སློབ་ཁྲིད་ཟེར་བའི་ལས་འགན་ལྕི་མོ་ཞིག་མགོ་ཐོག་ཏུ་ལྷུངས་རྐྱེན། དུས་ཀྱི་ཆོས་ཉིད་དུ་གྱུར་བའི་ཡིད་གདུང་དྲག་པོའི་དབུས་ན་ང་རང་ཕ་མ་སྤུན་མཆེད་ཀྱི་བཀའ་བསྒོ་གཞིར་བཟུང་ཕྱི་ཉིན་ཞོགས་པ་ལས་གནས་སུ་ཕྱིར་ལོག་བྱས་པ་ཡིན།

  སྟོན་ཟླ་འབྲིང་པོའི་ཁ་དོག་གི་གཞི་རུ་སྦྲེལ་བའི་དུས་སྐབས་འདིར་ལོ་ཟླའི་ཁུད་དུ་ཉལ་བའི་ཉིན་གྲངས་ལ་མཛུབ་རྩིས་ཤིག་བྱེད་སྐབས། སྤོ་བོ་དྲིན་པོ་ཆེ་ཚེ་ལས་འདས་ནས་བགྲང་བྱ་གཅིག་གི་ཉིན་ཞག་ལ་མོའི་ཕར་རྒྱབ་ཏུ་གབ་ཅིང་། ན་ནིང་ཟེར་བའི་ཐ་སྙད་ཀྱི་རྐུན་ཇག་དེ་ཡང་རྣ་བའི་བུ་གར་བསྒྲགས་པ་ཉུང་ཉུང་ཡིན། གཉེན་ཉེ་དུ་རྣམས་ནི་སྔར་བཞིན་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་དཀྱིལ་དུ་རང་རང་གི་ལས་སུ་འབད་འཐབ་བྱེད། ཁོ་བོ་དང་ཁྱིམ་མི་རྣམས་ལ་ལོ་སྔོན་མ་ལྟར་གྱི་སྐྱོ་བ་དང་གདུང་བ་བསྐྱེད་པའི་སྨྲེང་སྒྲ་མེད་ན་ཡང་། ཆད་པ་མེད་པའི་མར་མེའི་འོད་སྣང་གི་ཁྲོད་དུ་སྤོ་བོ་ཁོང་གི་བཀའ་དྲིན་ཡིད་ཤེས་སུ་ཡང་ཡང་གསལ་འོང་ལ། ཁ་པར་གྱི་ཆར་ཤེལ་ངོས་སུ་གསལ་བའི་སྤོ་བོའི་འདྲ་པར་ལ་བལྟས་ནས་མིག་ཆུ་དབང་མེད་དུ་ཤོར་འགྲོ། སྙིང་ཉེ་བའི་སྤོ་བོ་ལགས། ཁྱེད་ཉིད་ནམ་ཡང་བདག་གི་ཉེ་འགྲམ་དུ་ལོག་ཁོམ་མེད་པ་འདྲ།

                                   2023ལོའི་ཟླ8པར་བྲིས།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྒྱང་བཞུད་ཀྱི་དྲན་པ།

2025-12-31 གསར་བུ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།