སྙིང་ཉེ་བའི་མི་མོ་ལགས།

  སྙིང་ཉེ་བའི་མི་མོ་ལགས། ཁྱེད་ནི་མཚམས་སྤྲིན་མཛེས་པོ་དེའི་ནང་གི་དམར་ལམ་ལམ་གྱི་ཉི་ཟེར་དེ་ཡིན་ནམ། ཡང་ན་དགུན་འཁྱག་གི་བཙག་ཁ་འགོག་ཐུབ་པའི་ཐབ་ཁུང་དུ་འབར་གྱིན་པའི་མེ་རླབས་ཚ་བོ་དེ་ཡིན། ཁ་བ་གཅིག་འཐོར་གཉིས་འཐོར་བྱེད་པའི་རྒྱུད་རིམ་འདིའི་ཁྲོད་ནས། ཁྱོད་ནི་ང་དང་ཁ་འབྲལ་ཐབས་མེད་ལ་འབྲལ་ཡང་མི་རུང་བའི་དྲོད་ཁོལ་གཅིག་པོ་དེ་ཡིན་འདུག སྙིང་ཉེ་མི་མོ་ལགས། སིབ་སིབ་ཏུ་འབབ་ཀྱིན་པའི་ཁ་བ་དེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཁྱོད་ཀྱིས་ཚོར་བྱུང་ངམ། དེ་ནི་ཁྱེད་ཀྱི་སླད་མ་འདྲེས་པའི་དྭངས་གཙང་གི་སེམས་པ་དང་ཤིན་ཏུ་མཚུངས་ཏེ། ཁ་བའི་འདབ་མ་རེ་རེ་ཡིས་ངའི་ནང་སེམས་ཀྱི་ལྗོན་པར་མཛེས་སྡུག་གི་མེ་ཏོག་བཞད་དུ་བཅུག་སོང་།

  ཉི་ནུབ་ཀྱི་ཡོལ་བས་ཡོངས་སུ་བཟུང་བའི་ཕྱི་དྲོ་དེར། ཁྱེད་ཀྱིས་ཅི་ཞིག་ལ་ངང་སྒུག་བྱེད་ཀྱིན། ཨ་མས་རང་ལ་ཟ་སྐལ་གནང་བའི་མོག་མོག་ཚ་བོ་དེ་དག་རང་གིས་བཟའ་མ་ཐུབ་པར་རུམ་དུ་བཅུག་སྟེ། རྒྱང་རིང་ནས་ང་རང་འོང་བར་སྒུག་པའི་གཏམ་རྒྱུད་དེ་དག ངས་ཁྱེད་རང་ལས་གཞན་པའི་བུད་མེད་ཅིག་གི་སྟེང་ནས་མཐོང་ཐབས་ག་ལ་ཡོད། སྙིང་ཉེ་བའི་མི་མོ་ལགས། ཁྱེད་ཀྱི་བརྩེ་བ་དེ་ནི་གཏིང་མཐའ་དཔག་དཀའ་བའི་རྒྱ་མཚོ་དང་འདྲ་ལ། ཁྱེད་ཀྱི་ཁྲེལ་གཞུང་ནི་མཐའ་མི་དཔོག་པའི་ནམ་མཁའི་མཐོངས་དང་ཤིན་ཏུ་མཚུངས་པ་ལ། སྐྱེ་འཆི་མང་པོ་ཞིག་བརྒལ་ཞིང་འོང་བའི་ད་ལྟའི་ང་ནི། ཁྱེད་དང་འཕྲད་པའི་མི་ཚེ་འདིར་དགའ་ཞིང་སྤྲོ་བས་བརྟས་ཡོད། ནམ་ཞིག་ཁྱེད་དང་འབྲལ་ནས་ཚེ་ཡི་འཕེན་པ་ཉི་ནུབ་ཀྱི་ཕྱོགས་སུ་བཞུད་ལ་ཉེ་དུས། ངས་ཕྱིར་མིག་གི་འབུར་ཚུགས་ལྟ་ས་ཁྱེད་ཀྱི་ཁྲེལ་གཞུང་དང་སེམས་པ་ཡིན་ངེས།

  ནམ་ཟླ་དགུན་ཁ་བསླེབས་བྱུང་། ལྕང་སྡོང་དག་གི་མགོ་ལ་མེ་ཏོག་གི་ཁ་བ་ལྷབ་ལྷུབ་འབབ་འདུག དེ་ནི་བགྲེས་སོང་ཞིག་གི་དབུ་སྐྲ་དང་མཚུངས་པར་དཀར་པོ་དཀར་རྐྱང་ཞིག་རེད། སྒེའུ་ཁུང་གི་འགྲམ་དུ་མུན་ནག་ལ་གཅིག་པུར་གདོང་གཏོད་པའི་གློན་སྒྲོན་དེ་ཡིས་ཁ་བ་དང་མུན་ནག་གཉིས་ལ་འཐབ་འཛིང་རེས་མོས་བྱེད་ཀྱིན་འདུག ཡོད་ཚད་ཧ་ཅང་ལྷིང་འཇགས་ཡིན་པའི་དགུན་གཞུང་འདིར། ང་རང་གཡོ་འགུལ་དེ་ཙམ་མི་ལྡན་པའི་ལྕང་སྡོང་འདི་དག་འདྲ་བར་རང་གནས་སུ་ལྷོད་ཀྱིས་སྡོད་དེ། ཁྱེད་དང་ཁྱེད་ཀྱི་བརྩེ་སེམས་ཀྱི་མེ་རླབས་ཁོ་ན་ཡིད་ལ་བཅུག་ནས་འདུག་སྙིང་བྲོ་སོང་།

  འོན་ཀྱང་། སྙིང་ཉེ་བའི་མི་མོ་ལགས། མི་ནི་སེམས་མེད་ཀྱི་ལྕང་སྡོང་དང་འདྲ་བར་རང་གནས་སུ་འདུག་ཐབས་བྲལ་ཏེ། སེམས་པ་ནི་སྐུད་པ་ཆད་པའི་ཤོག་བྱ་དང་འདྲ་བར་གནས་ངེས་མེད་དུ་འགྲོ་རྐྱང་བྱེད། འཁྱག་རླུང་གི་བཙན་ཁ་ཤིན་ཏུ་རྒོད་པའི་དགུན་དུས་འདིར། སེམས་པ་ནི་འཁྱག་རླུང་གང་གིས་ཀྱང་འགོག་ཐབས་མེད་པར་ངའི་ཁང་ཁྱིམ་ལས་བུད་དེ་རྒྱལ་ཁམས་སྐོར་བར་བྱེད། འཇིག་རྟེན་གྱི་བྱ་ངོས་ཅི་ལ་ཡང་ཇུས་གཏོགས་གནང་དགོས་པའི་སེམས་པ་འདི་ཅི་འདྲའི་སུན་པ་ལ་ཨང་། འབྲེལ་བ་ཅི་ཡང་མེད་པའི་བྱ་དངོས་མཐའ་དག་གི་ཕྱོགས་ལ་བསམ་གཞིག་གཏོང་བ་མང་ཕྱིར། ད་ནི་རང་དང་ཉེ་བར་འབྲེལ་བའི་བྱ་དངོས་དག་གི་རིན་ཐང་མི་ཤེས་མཁན་ཞིག་ལ་འགྱུར་བར་སྣང་དོགས་སྐྱེས་བྱུང་། དེ་ནི་ཤིན་ཏུ་འཇིགས་སུ་རུང་བའི་དོན་དག་ཅིག་རེད་ཨང་། སྙིང་ཉེ་བའི་མི་མོ་ལགས། ནང་སེམས་ཀྱི་འཇིག་རྟེན་ལ་ལེགས་ཉེས་ཀྱི་སྤྲིན་རིམ་ཇི་ལྟར་འཆར་ན་ཡང་། ང་རང་ཁྱེད་ལ་དགའ་བའི་འགྱུར་མེད་ཀྱི་རང་གཤིས་ནམ་ཡང་གཡོ་འགུལ་མེད་པར་རང་གནས་སུ་མཆིས་པ་ཡིན་ནོ། །

  སྙིང་ཉེ་མི་མོ་ལགས། མི་ཚེ་ནི་སིབ་སིབ་ཏུ་འབབ་ཀྱིན་པའི་ཁ་བ་ཇི་བཞིན་མར་ནས་མར་དུ་ལྷུང་གིན་ཡོད་པ་ཤེས་སམ། བྲེལ་འཚུབ་ཀྱི་མི་ཚེ་ནི་ཇི་ཙམ་མགྱོགས་ཀྱང་བྲེལ་ན་ཡང་། ཁྱོད་ཀྱིས་རང་གི་གཉུག་གཤིས་ཀྱི་རང་འོད་འབར་ཐུབ་པར་བྱ་དགོས། ཁྱེད་རང་ནམ་ཡང་གཞན་ལས་དམན་པ་ཞིག་ཡིན་པར་བསམ་མི་ཉན། དེ་ནི་ཁྱེད་ཀྱི་ཕུགས་བསམ་མངོན་འགྱུར་མི་ཐུབ་པའི་ཉེ་ཞོ་ལ་འགྱུར་ངེས། དོན་དམ་པའི་མཁས་པ་ཚོའི་ཚིག་མཛོད་ནང་དུ། “མི་སྲིད་པ”ཞེས་པའི་མིང་བརྡ་འདི་ཡོད་མི་སྲིད། “མི་སྲིད་པ”ནི་གླེན་པ་དང་རང་ལ་ཡིད་ཆེས་མེད་མཁན་ཚོའི་ཚིག་མཛོད་ཁོ་ནའི་ནང་དུ་ཡོད་པ་ཞིག་ཡིན། དེ་བས་ཁྱེད་རང་ནམ་ཡང་རང་ཉིད་ལ་ཡིད་ཆེས་གནང་རོགས། ཁྱེད་ཀྱིས་མི་ཚེ་འདི་ཉིད་ལ་རང་གི་གཉུག་གཤིས་སུ་གྲུབ་པའི་འོད་ཟེར་དེ་འབར་ཐུབ་པ་གནང་རོགས།

                                  ༢༠༢༥.༡༢.༢༠ ཉིན་བྲིས།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།