སྙིང་གི་གྲོས་འདེབས་ཐུང་ངུ།
---ཚ་བོ་གུ་རུ་དང་རིན་ཆེན་ནོར་བུ་གཉིས་ལ་བྲིས་པ། 
སྙིང་དུ་སྡུག་པའི་ཚ་བུ་གུ་རུ་དང་རིན་ཆེན་ནོར་བུ་རྣམས་གཉིས་ལགས། ཉེ་དུས་ཁམས་བདེ་སེམས་སྐྱིད་ཐོག་མཚར་བཞིན་པ་མཐོང་བས། བདག་གི་གློ་བ་ཤིན་ཏུ་དགའ། དེ་རིང་སྟོང་ལོ་ཉེར་དྲུག་ཚེས་ནས་ཉིན་བཞི་སོང་འདུག་ཅིང་། ཉིན་འདིར་ངས་ཁོམ་ལོང་དང་བསྟུན་ནས་སེམས་གཏམ་གྱི་གྲོས་འདེབས་ཐུང་ངུ་ཞིག་གླེང་ན་འདོད་བྱུང་། མ་གཞི་ད་ལྟ་ཁྱོད་གཉིས་ལ་མཚོན་ན་སེམས་གཏམ་གྱི་གྲོས་འདེབས་ལས་ཀྱང་བུ་རམ་སྤར་གང་དང་། བཏུང་ཁུ་དམ་བི་གཅིག་གི་དགའ་ཤས་ཆེ་མོད། འོན་ཀྱང་ངའི་ངོས་ནས་བཤད་ན། དེ་དག་ལས་ཀྱང་སྙིང་གཏམ་དུམ་བུ་འདི་གལ་ཆེ་བས། བུ་ཆུང་གཉིས་ཀྱི་ཨུ་ཚུགས་ཀྱིས་བདག་གི་འཕྲིན་འདི་ལན་གཅིག་མཇལ་བའི་རེ་བ་ཞུ།
སྟོང་ལོ་གསར་པ་འདིར་བོད་རྩིས་ལྟར་ན་ཁྱོད་གཉིས་ལོ་བདུན་ལ་སོན་ཟིན་པས། ལོ་བདུན་ཅན་གྱི་བྱིས་པ་ནི་ཕར་ལྟས་ལ་རྩེད་རའི་ཁྲོད་ཀྱི་བྱིས་པ་བསམ་མེད་ཅིག་ལས་ཅི་ཡང་མེད་ན་ཡང་། ཞིབ་མཐར་ན་ད་ལྟ་བུ་ཆུང་གཉིས་ཀྱི་བསམ་པའི་གཏིང་རུམ་ན་བག་ཆགས་སྣ་ཚོགས་འགོས་དང་འགོ་བཞིན་པ་ལགས་པས། ད་ལྟ་བུ་ཆུང་གཉིས་ཀྱི་འཚར་ལོངས་བྱུང་བའི་རྣམ་པ་དེ་ནི་སྐྱེ་བ་གཅིག་གི་དགའ་ཁ་ཁྱེར་ཕྱོགས་དང་ཤིན་ཏུ་འབྲེལ་ནས་ཡོད་ངེས། དེ་བས།ངས་མཚམས་དང་མཚམས་སུ་སྲིང་མོ་གཉིས་ལ་བུ་ཕྲུག་གི་འབྱུང་འགྱུར་ཆེད་དུ་བསམ་པའི་གཏིང་ལ་བག་ཆགས་བཟང་པོ་འཇོག་དགོས་ཚུལ་གྱི་སྐོར་གླེང་སློང་མང་པོ་བྱས་མྱངས་པས། སྲིང་མོ་གཉིས་ཀྱི་གང་ནུས་ཀྱིས་དེ་དག་ལ་ཤུགས་བཏོན་བཞིན་ཡོད་ངེས་པས་དེ་དག་གི་སྐོར་འདིར་བསྐྱར་དུ་གླེང་རྩིས་མེད།
འདིར་ཆེད་དུ་གླེང་འདོད་པ་གཅིག་ནི། ད་ལྟ་ནར་སོན་དང་སོན་བཞིན་པའི་བུ་ཆུང་གཉིས་ཀྱི་ལོ་ཟླའི་འཕོ་འགྱུར་ཤིན་ཏུ་སྐྱེན་དྲགས་པས། ང་ལ་འདི་ལྟར་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་བུ་ཆུང་གཉིས་ཀྱི་བསམ་པའི་ཁྱེར་སོ་གང་ཞིག་ལ་ལྷུང་འགྲོ་ཨང་སྙམ་པའི་སེམས་ཁྲལ་ཞིག་འགོག་མེད་དུ་བདོག་པས། སེམས་ཁྲལ་དེ་བསལ་ཕྱིར་བདག་གིས་སྙིང་གཏམ་གྱི་གྲོས་འདེབས་ཤིག་འཕྲིན་ཏུ་བཏབ་པའི་སྦྱོར་བ་ལྷུར་བླངས་པ་ཡིན།
དེ་ཡང་། ལོ་ངོ་འདི་དག་གི་ཡུན་ལ་འཛམ་གླིང་ཧྲིལ་པོ་འདིར་འཕོ་འགྱུར་གྱི་རྣམ་པ་སྣ་ཚོགས་སྤང་ལ་མེ་ལྕེ་མཆེད་པ་བཞིན་བྱུང་བས། འཕོ་འགྱུར་དེ་དག་གི་ཁྲོད་དུ་མི་མང་པོ་ཞིག་ནི་ཡིད་བརྟན་དང་རང་ཚུགས་བོར་ཞིང་། འཕྲལ་དང་ཕུགས་ཀྱི་འདུན་པའི་ལམ་ཁ་གོ་ལྡོག་ཏུ་སོང་བ་ལྟ་བུའི་སྣང་ཚུལ་ཤིན་ཏུ་མང་བས། ངའི་རེ་བ་ལ་བུ་ཆུང་གཉིས་ཀྱི་མ་འོངས་པ་དེ་འདྲ་ཞིག་ཏུ་མི་འགྱུར་བར། མི་གཞིའི་རྩ་བ་བརྟན་ཅིང་། བློ་གྲོས་ཀྱི་སྒོ་ཡངས་པོ་ཞིག་ཡོང་ན་འདོད་པ་སྟེ། དེ་ལྟར་བྱུང་ན། འཕྲལ་ཕུགས་ནོར་འཛོལ་མ་སོང་བར་བློ་བརྟན་ཅིང་། རང་རྟོན་རང་ཚུགས་ཀྱི་འདུ་ཤེས་ཀྱང་མ་ཡལ་བར་སོ་ན་གནས་ངེས།
གཞན་ཡང་། རང་རེ་བོད་ཀྱི་ཡབ་མེས་ཚོའི་མཛད་རྗེས་ལ་མཇལ་ན། སྙིང་རུས་དང་། བློ་སྤོབས་ནི་མི་ཞིག་གི་མ་མཐའི་ཆ་རྐྱེན་དུ་གཏོགས་པ་སྟེ། གང་ལ་འཇུག་སའི་ལས་གཞི་དེར་སྙིང་རུས་ཆེན་པོས་མཐའ་འཁྱོངས་པར་བྱས་ཤིང་། དེ་ལ་བློ་སྤོབས་ཀྱིས་ཟུར་རྒྱན་པས་ད་གཟོད་བུ་མཛངས་པ་མང་པོ་འཁྲུངས་པ་ཡིན་པས། བུ་ཆུང་གཉིས་ཀྱི་འཇིགས་ཡེར་བའི་སློབ་གསོ་གཞན་ལ་རྣ་བ་མི་གཏད་པར་མེས་པོའི་བཟང་སྤྱོད་སྣ་གཅིག་ཚུན་ཆད་བསླབ་དགོས་པ་མ་ཟད། མེས་པོའི་སྙིང་རུས་དང་། དཔའ་སྤོབས་དག་ལ་ངེས་པར་དུ་བསླབ་དགོས་པ་ནི་གནད་ཅིག་ཏུ་འཛིན་རོགས། ངས་འདི་ལྟར་ཨུ་ཚུགས་ཀྱིས་མེས་པའི་སྐོར་གླེང་དུས། ད་ལྟ་བུ་ཆུང་གཉིས་ཀྱི་རྣ་བའི་བུ་གར་མེས་པོའི་བཟང་སྤྱོད་ཅེས་གླེང་ན་གང་ཡིན་ཤེས་མི་སྲིད་ལ། དཔའ་མཛངས་རྟུལ་ཕོད་ཀྱི་མེས་པོ་ཞེས་པ་གང་ལ་མཛུབ་མོ་ཀེར་དགོས་མིན་ཤེས་མི་སྲིད་ན་ཡང་། རྗེས་སུ་ངེས་པར་དུ་མེས་པོ་གང་ཡིན་ཤེས་དགོས་པ་མ་ཟད། མེས་པོའི་བཟང་སྤྱོད་ལ་ཅི་ནས་ཀྱང་བསླབ་དགོས་ངེས་ཏེ། བསམ་སྤྱོད་ཀྱི་སློབ་གསོ་སྤུས་དག་པའི་མེས་པོ་དག་ནི་ངེས་པར་དུ་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་གཟུང་དགོས།
ད་ལྟ་བུ་ཆུང་གཉིས་སློབ་གྲྭའི་སྒོ་ཐེམ་བགྲོད་ནས་ཡུན་རིང་སོང་མེད་ན་ཡང་། སློབ་གྲྭའི་སྒྲིག་སྲོལ་དེས་བུ་ཆུང་གཉིས་ལ་འགྱུར་བ་ཅུང་ཟད་སོང་ཡོད་ལས་ཆེ། འོན་ཀྱང་ད་རུང་བུ་ཆུང་གཉིས་ཀྱི་སེམས་སུ་འགན་འཁྲི་དང་། ཕུགས་འདུན་གྱི་གོ་བ་ཆགས་མེད་པས། གཅིག་བྱས་ན་སློབ་སྦྱོང་ནི་རྩེད་མོ་གཞན་ཞིག་མིན་ནམ་སྙམ་གྱིན་ཡོད་ངེས། གང་ལྟར། སློབ་གྲྭའི་སྒོ་ཐེམ་རྡོག་པས་བརྫིས་པ་ནས་བཟུང་། འགན་འཁྲི་སྣ་ཚོགས་ཀྱིས་ཕྲག་ཏུ་མནན་ཡོང་བ་ཆོས་ཉིད་ཡིན་པས། བུ་ཆུང་གཉིས་རིམ་བཞིན་ནར་སོན་པའི་ཁྲོད་དུ་ལྗིད་ཆེ་བའི་འགན་འཁྲི་མི་ཐེག་པར་སྐྱུར་ས་མེད་པས། འགན་འཁྲི་ནི་ནམ་ཡང་སློབ་མའི་རྒྱབ་ཁུག་ཅིག་དང་མཚུངས་པར་རང་གིས་ཕྲག་ཏུ་མི་དགབ་ཐབས་མེད་ཡིན། དེར་བརྟེན། གོང་ཞུས་ལྟར་སྙིང་རུས་ནི་སྐབས་ཀུན་ཏུ་རང་དང་མི་འབྲལ་བར་ཡོད་དགོས་པའི་ལམ་གྲོགས་བཟང་པོ་ཞིག་ཡིན་པ་བརྗེད་མི་རུང་།
བུ་ཆུང་གཉིས་ཤེས་རིག་གི་འདབ་ལོ་འཐོར་སའི་སློབ་གྲྭའི་ར་བར་ཚུད་པ་ནས། མཇུག་འབྲས་གང་ཞིག་ཡོང་དང་མི་ཡོང་ནི་གཙོ་བོ་རང་ཚུགས་ལ་རགས་ལས་པས། གལ་ཏེ། བུ་ཆུང་གཉིས་ཀྱི་རྒྱུགས་སྐར་དང་རང་ཚུགས་གཉིས་ལས་གཅིག་གདམ་དགོས་པའི་དབང་དུ་བཏང་ན། ངས་ནི་རང་ཚུགས་གདམ་ངེས་ཏེ། རང་ཚུགས་རྨང་གཞི་བྱས་པའི་འབྲས་བུ་དེས་ནི། ཡབ་མེས་ལ་ངོ་ཚ་སྟེར་མི་སྲིད་ལ། མི་རབས་ཕྱི་མ་ཚོའི་མིག་ཀོང་ལ་མཆི་མ་ལྷན་མི་སྲིད་པས། ངས་སོམ་ཉི་མེད་པར་རང་ཚུགས་གདམ་ངེས། དེ་བས། བུ་ཆུང་གཉིས་ཀྱི་ཞང་པོའི་གདམ་ང་འདི་གནད་ཀ་ཅི་ཞིག་ཡིན་མིན་ལ་བསམ་ནས། ན་མཉམ་ཚོའི་ཁྲོད་དུ་མདོ་མེད་ཅིག་མི་འགྱུར་བར་རང་ཚུགས་ཅན་ཞིག་བཟོ་རྒྱུ་རེ་བ་ཤིན་ཏུ་ཆེ།
ཧྲིལ་གྱིས་དྲིལ་ན། བུ་ཆུང་ཁྱོད་གཉིས་ཀྱི་མ་འོངས་པ་ནི། ཤིན་ཏུ་གཙང་བའི་ཁྱིམ་གཞིས་ཤིག་གི་བདག་པོ་ལགས་པས། ཁྱིམ་གཞིས་དེ་ལ་རིགས་ཀྱི་བྲོ་བ་དང་། མེས་པོའི་བྱིན་རླབས་འཁྱིལ་དགོས་ན་རང་ཉིད་ནས་མགོ་བརྩམས་དགོས་པས། རང་ཉིད་མི་གཞི་བརྟན་ཅིང་། ཤེས་རབ་ཀྱི་རང་ཚུགས་མངའ་བ། རིགས་ཀྱི་གཟུངས་གཞུག་ཅན་ཞིག་བྱ་དགོས་རྒྱུ་ཅི་ནས་ཀྱང་གལ་ཆེ་བས། ངས་འདིར་ཞུས་པའི་སེམས་གཏམ་མཐའ་དག་གི་གནད་དེར་མ་འདུས་པ་མེད། དེ་བས། བུ་ཆུང་གཉིས་ཀྱིས་འཕྲིན་འདི་གལ་ཆུང་དུ་མི་སེམས་པར། སེམས་སུ་ཉར་རིན་ཡོད་པ་དག་ཚེ་གཅིག་གི་ལམ་རྒྱག་གི་ཚུལ་དུ་གནང་བའི་རེ་བ་ཞུ།
མཐར། སྙིང་དུ་སྡུག་པའི་ཚ་བོ་གཉིས་ཀྱི་བཟང་སྤྱོད་ཇེ་ལེགས་དང་། ཤེས་རབ་ཇེ་འཕེལ། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་དང་བཅས།
བུ་ཆུང་གཉིས་ཀྱི་ཞང་པོའི་མིང་ཐོགས་པ་མདོ་ཁམས་པ་འཇིགས་མེད་རྒྱལ་མཚན་གྱིས་སྦྱར།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

