ཉེར་ལྔ་ལོའི་སྡོམ་ཕྲན།

བིས་མདོ་བ་ཆོས་སྐྱོང་། 琼迈文学网 2026-01-06

  གཅིག དཔེ་ཀློག་གི་སྐོར།

  དཔེ་ཀློག་ནི་འཇིག་རྟེན་གྱི་མིག་ཡིན་ཞེས་རང་ལ་ངར་ཤུགས་སྒྲིམ་པའི་ལོ་རབས་མང་ཡང་། ཉེར་ལྔ་ལོར་ལྟོས་བཅོས་ཀྱི་དཔེ་ཀློག་ལ་དུས་ཚོད་སྤྱད་པ་ཉུང་བའི་ལོ་ཞིག་ཡིན་ཏེ། སྐུ་ཞབས་ཨ་ལེགས་ཀྱི་ལྟ་གྲུབ་ལ་ལར་རང་ཉིད་མོས་འཐད་དེ་འདྲ་མེད་ན་ཡང་། ཁོང་ནི་རྒྱ་ཡིག་གི་ལམ་ནས་འཆད་རྩོམ་གང་ལ་ཡང་ཐོགས་པ་མེད་པའི་མཁས་ཆེན་ཞིག་རེད་འདོད་བྱུང་། ཁོང་གིས་བརྩམས་པའི་དེབ་ཕྲེང་རེ་རེ་ཡང་རྒྱུ་མ་ཕུ་འདེད་ཀྱིས་ཀློག་འདོད་པའི་བསམ་པ་དེ་ནམ་ཡང་འགོག་ཐབས་མ་བྱུང་ཞིང་། དེར་རྐྱེན་བྱས་ཏེ་ལོ་འདི་གར་ཁོང་གི་བརྩམས་ཆོས་པོད་དུམ་གང་ཡོད་དང་གང་ཐུག་ལ་མཇལ་བ་ཡིན། དེ་དག་ལས་ཀྱང་ཁོང་གི་རྟོག་བཟོ་མིན་པའི་ལྗོངས་རྒྱུའི་ལྷུག་རྩོམ་དེབ༼ས་ཆེན་གྱི་སྐས་རིམ༽ཞེས་པ་དེས་ཡིད་དབང་ཅིག་ཅར་འཕྲོག་རུང་། དེ་རུ་གླེང་བའི་ཚ་ཁོ་ངག་དབང་གྲགས་པའི་སྐོར་གྱི་ཞིབ་བརྗོད་ལ་དེ་འདྲའི་མོས་མཐུན་མ་བྱུང་། གཞན་ཡང་དེབ་དེའི་ནང་དོན་གྱི་ལྗིད་ཚད་དང་ཚིག་གི་རྩལ་ལ་རང་ཉིད་སྨོན་པ་འཆོར། དེ་བས་དེབ་དེ་བཀླགས་གྲུབ་ཀྱི་མཇུག་ཏུ་སྤྱི་སྡོམ་ཙམ་གྱི་ཚུལ་གྱིས“རང་ཡུལ་སེམས་ཀྱིས་འཇལ་ཏེ།། ས་དེ་ས་མལ་བཞག་ཅིང་།། རྡོ་དེ་རྡོ་མལ་བསྟིམ་ནས།།

  ལྷ་མི་མ་ཕྱེའི་མཚམས་ཀྱི།།ཕ་ས་མ་མོའི་བྲང་མགོར།།ཕྱི་རུ་ལོག་པའི་བསམ་གཞིག།

  ས་ཆེན་སྐས་ཀྱི་རིམ་ནས།། ལམ་གྱི་སྣེ་ཞིག་བཙལ་ཏེ།། རྒྱང་རིང་ཕ་ཡུལ་བསྙེགས་པའི།། བརྩམས་ཆོས་སེམས་ཀྱི་རི་མོ།། ཀ་ཁའི་དབྱངས་ཀྱི་ཚུལ་དུ།། འཁྲུངས་པའི་སྨོན་ལམ་འདེབས་སོ།།”ཞེས་དེབ་དེ་འདྲ་མི་འགྱངས་པར་བོད་ཡིག་བོད་སྐད་ཀྱི་ལམ་ནས་ཀྱང་འཁྲུངས་པའི་སྨོན་ལམ་བཏབས་མྱོང་བ་བརྗེད་རྒྱུ་མི་འདུག

  སྔ་མོ་ནས་རྣ་ཐོས་བྱུང་ཞིང་མཉམ་འཇོག་བྱས་མྱོང་བའི་དེབ་གསར་ཅིག་སྟེ། མཚོ་སྔོན་གཞུང་ཕྱོགས་ཀྱི་མ་རྩ་བཏང་ཞིང་སྐྱེ་དངོས་སྣ་མང་ཅན་གྱི་ལས་གཞིའི་སྐོར་གྱི་ཨ་ལེགས་ལགས་ཀྱི་དེབ་གསར༼ཆུ་ཆེན་གྱི་མགོ་ཁུངས༽ཞེས་པ་ཉེར་ལྔ་ལོར་སྒོར་ཐོན་ཞིང་། རང་ནི་ཨ་ལེགས་ལགས་ཀྱི་ནང་དོན་གྱི་ལྗིད་ཚད་དང་ཚིག་རྩལ་གྱི་ཡིད་དབང་འཕྲོག་མྱོང་བ་ཞིག་ཡིན་ཕྱིར། ཁོང་གི་དེབ་གསར་གང་ཞིག་སྒོར་ཐོན་པ་ཙམ་གྱིས་དེ་མ་ཉིད་ཀྱིས་བླུས་པའི་སྐོར་ཡིན་པས། ལས་གྲོགས་ལ་ལས“ང་ནི་ཨ་ལེགས་ལགས་ཀྱི་ཞེན་མི་རེད”ཅེས་ཀྱང་ཟེར་མྱོང་། དེབ་འདི་ནི་རྨ་ཆུའི་བཞུར་རྒྱུན་དེད་པའི་དེབ་ཅིག་རེད་འདུག་སྟེ། འདི་ན་རྨ་ཆུའི་སྟོད་སྨད་བར་གསུམ་གྱི་རང་ཅག་ཚོའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། བསམ་པའི་འཁྱེར་སོ། འགྲོ་འདུག་སྤྱོད་གསུམ་གང་ཡང་དེ་དེ་བཞིན་དུ་བྲིས་འདུག་པས་བཀླགས་པའི་རིན་ཐང་ལྡན་སྙམ། གཞན་ཡང་དེབ་དེ་ན་རྨ་ཆུ་དེད་ནས་ཡ་རྫི་ལ་སླེབས་ཤིང་། བིས་མདོ་ནས་༧བཅུ་བ་ཆེན་མོའི་འཁྲུངས་ཡུལ་ལ་མཇལ་བ་དང་ཁོང་གི་རིན་ཐང་ལ་དབུ་མས་དཔྱད་བརྗོད་གནང་ཡོད་པ་དེས་ཀྱང་རང་ལ་མིག་ཆུ་ཡང་ཡང་འཆོར་བར་བྱས།

  སྤྱིར་ན་དཔེ་ཀློག་པ་ཞིག་ལ་མཚོན་ན། དེབ་ཀློག་གིན་ཀློག་གིན་ངུ་ཁ་འཆོར་བ་དང་། ཧབ་ཆ་དིར་རི་རི། སེམས་ཁམས་བློང་བློང་བོ། རྨི་ལམ་ཡང་འཁྲུག་པ་བཅས་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད་སྙམ་བྱུང་མོད། འོན་ཀྱང་། ཉེར་ལྔ་ལོ་ལ་རང་གི་ཚོད་ཀྱིས་དེབ་རྒན་རིན་ཐང་ལྡན་ཞེས་པ་བོད་རྒྱ་ཅི་རིགས་ཤིག་བླུས་རུང་། དེ་དག་རེ་རེ་བཞིན་མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་དུ་རོལ་བའི་སྐལ་བ་ནི་མ་མཆིས། དེར་རྐྱེན་བྱས་ཏེ་ལོ་མཇུག་འདིར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་རང་གིས་རང་ལ“ཤུགས་རྒྱོབས”ཞེས་པའི་ཚིག་ཀྱང་འཆོར་དགོས་བྱུང་། དེ་བཞིན་དུ། དེབ་མིང་རེ་རེ་འདིར་བཀོད་དེ་འོས་སྦྱོར་ཙམ་བྱས་ན། ཨ་ལེགས་ཀྱི༼ཆུ་ཆེན་གྱི་མགོ་ཁུངས༽(རྒྱ་ཡིག)དང་ཚེ་རིང་ནོར་བུའི༼དབུས་གཙང་གི་དུས་འགྱུར།༽(རྒྱ་ཡིག)པའེ་ཧྲའོ་མེན毕淑敏གྱི༼ཁུ་ནུའི་དུས་ཆད།༽(རྒྱ་ཡིག)བསོད་ནམས་ཚེ་རིང་གི༼གདོད་མདོག༽ (རྒྱ་ཡིག)པ་ཚབ་པ་སངས་དབང་འདུས་ཀྱི༼བོད་ཀྱི་ཉེ་རབས་སྒེར་བའི་ལོ་རྒྱུས།༽ལུག་བྲིན་ཡོན刘震云གྱི༼དགོད་གཏམ་ཚ་མོ༽ (རྒྱ་ཡིག)ཀྲུག་གའོ་ཕིན周国平གྱི་འགྱུར་དེབ༼ནའེ་ཚའི་གསུང་བཏུས།༽ (རྒྱ་ཡིག)བསྡུས་དེབ།༼ངོ་མཚར་བའི་བྲག་ཕུག༽(རྒྱ་ཡིག) ཏའུ་ཏའུ་ཡི༼རྒྱང་རིང་གི་སྐྱབས་མགོན།༽ (རྒྱ་ཡིག)ཅོ་ནེ་ཡུམ་ཚེ་རིང་གི༼བོད་ཀྱི་གནའ་རབས་རབ་རྟོག་བརྩམས་སྒྲུང་གི་ཞིབ་འཇུག༽( རྒྱ་ཡིག)ཀྲང་ཤའོ་ཅུན་དང་ཚའོ་ལུ་ཏཱ་ཡི༼སྲ་གཤིས༽(རྒྱ་ཡིག)མདའ་ཚང་སྨོན་ལམ་རྒྱ་མཚོའི༼ས་དཔྱད་ཚིག་འགྲེལ་ཟིན་བྲིས་རེ་བ་ཀུན་སྐོང་།༽དོ་རྒྱ་བསོད་ནམས་ཚེ་རིང་གི༼ཁ་བརྡའི་སློབ་གསོ།༽ སོགས་རང་གི་བླུས་པ་དང་རྩོམ་པ་པོའི་གནང་སྦྱིན་བྱས་པ་ཅི་རིགས་ཡོད། དེ་ལ་མ་འདུས་པ་རྩོམ་པ་པོའི་དེབ་ཕྲེང་ཡོངས་ཅན་དང་བཀོལ་སྤྱོད་ཅན། འཕྲལ་ཕུགས་གང་ལ་དམིགས་པའི་འགྲོ་འདུག་སྤྱོད་པར་ལམ་སྟོན་བྱེད་ནུས་ཅན་གྱི་དེབ་འགའ་རེ་ཡང་ཡོད་པས། རེ་རེ་བཞིན་མི་འགོད་པར་བྱ། དེ་བཞིན་དུ། གོང་གི་དེབ་ཕྲེང་ལ་ཞིབ་ཏུ་བལྟས་ནས། བརྒྱ་ཆའི་མང་ཤོས་ཤིག་རྒྱ་ཡིག་གི་དེབ་ཀྱིས་སིམ་ཡོད་པ་འདྲ་སྟེ། འགྱུར་བ་འདི་ཡང་དེ་རིང་ཙམ་དང་ད་ལོ་ཙམ་གྱི་འགྱུར་བ་ཞིག་མ་ཡིན་པར། ལོ་རེ་རེ་བཞིན་དུ་ཚབས་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་པ་ལྟ་བུ་ཞིག་སྣང་བས། སྣང་ཚུལ་འདི་ཡང་ཨ་ཁུ་མེ་ལྕེ་ཁོ་ནའི་སེམས་ཁྲལ་ཞིག་མིན་པར། ང་རང་འདུས་པའི་ཡོངས་ཀྱི་སེམས་ཁྲལ་ཞིག་ཀྱང་རེད་འདོད་བྱུང་། དེ་མིན། སྣང་ཚུལ་དེ་ལྟ་བུ་ཞིག་མེད་ཅེས་ང་རང་གིས་ཁས་ལེན་འདོད་རུང་། དུས་ཚོད་ཀྱིས་ནམ་ཡང་ཁས་ལེན་མི་བྱེད་པ་མ་ཟད། དོན་དངོས་དང་མཉམ་དུ་བདེན་དཔང་དང་ར་སྤྲོད་ཀྱང་གནང་ཡོང་ངེས། བཤད་རྒྱུན་དུ་ངེས་གཏན་རང་བཞིན་གྱིས་མཚམས་རེ་རང་བཞིན་ཐག་གཅོད་བྱེད་ཡོད་ཟེར་ཡང་། དོན་དམ་དུ་མཚམས་རེ་རང་བཞིན་གྱིས་ཀྱང་ངེས་གཏན་རང་བཞིན་ཞིག་ཐག་གིས་གཅོད་ཀྱིན་འདུག་ཨང་།

  མཇུག་ཏུ་ལིག་བྲིན་ཡོན་གྱི་གཏམ་ཞིག་དྲངས་པར་བྱས། “འཛམ་གླིང་གི་ས་ཆ་སོ་སོ་ན། སྲང་ལམ་མི་གཅིག་པའི་གནས་སོ་སོ་ན། སྲང་ན་འགྲོ་བཞིན་པའི་མི་རེ་རེའི་ནང་སེམས་ན་རྨ་ཁ་རེ་རེ་ཡོད་དེ། ཚང་མའི་དཀའ་ལས་མྱང་སོང་།” དེ་བཞིན་དུ། འགྲོ་ལམ་མི་གཅིག་པ་མ་གཏོགས། སྤྲིན་གྱི་བང་རིམ་བརྟོལ་ན་མཁའ་དབྱིངས་ཡིན་པས། བང་སོ་གནམ་ལ་འདེབས་པ་བཙན་པོའི་སྲོལ་ལྟར། དཔེ་ཀློག་གི་མཐའ་དང་། རྟོག་དཔྱོད་ཀྱི་མཐིལ། རྩོམ་འབྲི་ཡི་རྨང་། གང་ཡང་བདེན་དགེ་མཛེས་གསུམ་དེ་ཡང་ཡང་གསེད་རྒྱུ་དེ་ཡིན་པ་འདྲ་བས། ཚང་མའི་དཀའ་ལས་མྱང་སོང་། ཚང་མར་སྐུ་དྲིན་ཆེ། ཚང་མས་ད་རུང་མུ་མཐུད་དུ་ཤུགས་བརྒྱག་རྒྱུ་མཁྱེན།

  གཉིས། རྩོམ་འབྲིའི་སྐོར།

  ཉེར་ལྔ་ལོར། གང་ཞིག་བྲིས་ཏེ་མཐའ་འཁྱོངས་མེད་པ་དང་། ཅི་ཞིག་གླེང་ནས་གཏིང་ཡང་ཟིན་མེད་པ་འདིར་གཞི་བཅོལ་ན། སྔོན་མ་གྲོགས་པོ་ཞིག་གིས་བཤད་པའི་གཏམ་དེ་ནི་དངོས་ནས་ཉམས་མྱོང་ཅན་དང་འབེལ་གཏམ་ཅན་གྱི་གཏམ་ཞིག་སྟེ། སྒྲིག་གཞིའི་མཁར་རྫོང་གི་ནང་ནས་འགྱུར་བ་དང་འགྱུར་བ་སྣ་ཚོགས་ལ་གདོང་གཏོད་དགོས་པ་ཁོ་ནས་ཀྱང་ང་ཡི་དུས་ཚོད་མང་ཤོས་ཤིག་ཟགས་སོང་། གདོང་གཏོད་པ་འདི་ཁོ་ན་ཡང་ང་ལྟ་བུའི་དཔེ་ཆའི་བར་གསེང་ན་ཁོ་མོར་དབང་བའི་མཛུབ་དཀྲིས་བསྐོང་ཡོད་པ་དང་། བདེ་སྡུག་ཅི་རིགས་ཀྱང་སྨྱུ་གུ་དང་ཤོག་བུ་ལ་བཅོལ་བ་ཞིག་གིས། འཇོན་པ་དང་གསེད་ཐུབ་པ་ཞིག་མིན་པར་སྣང་སྟེ། ངས་ནི་འགྱུར་བའི་ཡོན་ཏན་དེར་ལོ་ངོ་མང་བོ་ཞིག་ལ་སྦྱངས་རུང་།ང་ཡི་སྐད་ཆ་ད་རུང་ང་ཡི་སེམས་གཏིང་ན་ལུས་ཡོད།

  ཉེར་ལྔ་ལོར། སྙན་ངག་ཅེས་མང་བོ་ཞིག་ཀྱང་འབྲི་མ་ཐུབ། དུས་དེབ་ལ་དེ་བས་ཀྱང་འགོད་མ་ཐུབ། ཡང་ཅིག་བཤད་ན་སྙན་ངག་འབྲི་བ་ནི་དེབ་ལ་འགོད་པའི་ཆེད་ཡིན་ནམ། ཡང་ཅིག་བཤད་ན་དེ་ཡང་ཡིན་པ་འདྲ་སྟེ། འཇིག་རྟེན་མ་གཞི་ནས་གསང་བ་ལྐོག་གྱུར་ཅན་ཡིན་པ་དང་། མི་ཡུལ་མ་གཞི་ནས་རྙོག་འཛིང་དྲ་བ་ཅན་ཡིན་པ་བཞིན། ལོ་གཅིག་ཟེར་ན་རིང་ཡང་རིང་ལ། ཐུང་ཡང་ཐུང་བས། སྙན་ངག་འབྲི་འཕྲོ་ཅན་དང་ལྷུག་རྩོམ་འབྲི་འཕྲོ་ཅན་དེ་དག་གིས་ང་ལ་ཅི་ཞིག་ཟེར་གྱིན་ཡོད་དམ། ད་ནི་ལོ་གཅིག་ཚར་ནས་ལོ་མཇུག་ལ་བསླེབས་པས།ངས་ཀྱང་ཅི་ཡང་མ་འཇོན་པ་དང་ཅི་ཡང་མ་འཁྱོང་པ་དེར་ངོ་ཚ་མེད་པར་སྟག་ཤུལ་ལ་ཝ་མོ་མཆོངས་ནས་སྡོམ་ཕྲན་འབྲི་བཞིན་ཡོད་པ་མིན་ནམ། “མཁའ་དབྱིངས་དེ་སྤྲིན་གྱི་ཆར་གདུགས་ཤིག་ལྟར།རང་གི་མགོ་ཐོག་ཏུ་དབུབ་ཐུབ་སྙམ་པའི་བློ་སྤོབས་དེ་ཡང་།མི་ངོ་མང་བོ་ཞིག་གི་སྔོན་གྱི་མངོན་བརྗོད་ཅིག་གི་ཆེ་བརྗོད་དང་འདྲ་སྟེ། མཚམས་མཚམས་སུ། རང་གིས་རང་ལ་མིག་ཆུ་བསླངས་པའི་ལོ་རབས་དེ་ཡང་།ང་རྒྱལ་གྱི་མེ་ལྕེ་ཞིག་ལྟར་བྲང་གཞུང་ཡང་བསྲེག་ལ་ཉེ་བས།ཐོས་བརྩོན་གྱི་ཤེ་མོང་གིས་རྒྱུན་འཁྱོངས་ཀྱི་ལམ་བུ་བརྟོལ་ཞིང་།རྒྱུན་འཁྱོངས་ཀྱི་ལམ་བུ་ནས་ཡིད་ཆེས་ཀྱི་རི་མོ་བཞེངས་རུང་།དོན་དངོས་ཀྱི་དཀར་དམར་སེར་གསུམ་གྱི་རླུང་བུ་ཡིས།ཡིད་ཆེས་ཀྱིས་བཞེངས་པའི་རི་མོ་དེར།ཡུན་གྱིས་རིམ་གྱིས་ཁུང་བུ་བརྟོལ་ཡོང་བས།ད་ནི་ལྷན་པ་མི་རྙེད། ད་ནི་ལྷན་པ་མི་འདུག།མཁའ་དབྱིངས་ཀྱི་རི་མོ་དེར་བསླན་ཐུབ་པའི་ལྷན་པ་མི་རྙེད།ཡིད་ཆེས་ཀྱི་རི་མོ་དེར་གླན་ཐུབ་པའི་ལྷན་པ་མི་འདུག”

  ཉེར་ལྔ་ལོར། ༼ཁྱོད་ལ་སྤྲིངས་པའི་འཕྲིན་པ༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་མྱོང་། སྙན་ངག་དེ་ནས་ཡང་བསྐྱར་སྙན་ངག་གླེང་མགོ་བརྩམས་རུང་། སྙན་ངག་སྔར་བཞིན་སྙན་ངག་ཙམ་དུ་འདུག་པས། “མཐའ་མར། རང་སེམས་རང་གི་གསོ་བའི་ཞིང་ཁམས་དེ་ན།ཡིག་ཚོགས་ཀྱི་བཙན་རྫོང་ལ་ནམ་ཡང་འཇིག་པ་མེད་པས།ཁེར་རྐྱང་དུ་སྡོད་དུས།དེ་ལྟར་སེམས་བསྟན་ས་ཚིག་ཞུ་ས་ཞིག་ཡོད་པའང་བདེ་སྐྱིད་ཅིག་གོ།མི་མགོ་དམའ་དུས། འདི་ལྟར་བསང་ཕུད་ས་ཆང་མཆོད་ས་ཞིག་ཡོད་པའང་ལོངས་སྤྱོད་ཅིག་གོ།” སྙན་ངག་བདེ་སྐྱིད་ཅིག་དང་ལོངས་སྤྱོད་ཅིག་ལ་སྒོམ་བཞིན། ད་རུང་སྔར་བཞིན་ཁྱོད་དང་ཁྱོད་ཀྱི་ཉེ་སར་བཅར།

  ཉེར་ལྔ་ལོར། སྔོན་མ་ནས་རང་གིས་རང་ལ་གཏོད་པར་འདོད་པའི་རང་ལུས་ཙམ་ཤོང་བའི་མཁའ་དབྱིངས་དང་མཁའ་དབྱིངས་དེའི་པང་གི་རི་མོ་ལ༼མཁའ་དབྱིངས་ཀྱི་རི་མོ༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་མྱོང་། སྙན་ངག་དེ་ནས་སྔར་བཞིན་སེམས་པ་དམར་བོ་དང་ཚོར་བ་དྲག་པོ་ཞིག་ལ་བསྙེགས་པས།“སེམས་པ་དེ་དམར་བོ་བྲག་གི་ལྷུན་པོ་ཞིག་ལྟར།རང་གི་མངའ་ཐང་ནས་ཀྲོང་ངེར་ལངས་ཐུབ་སྙམ་པའི་དཔའ་སྙིང་དེ་ཡང་།མི་ལོ་མང་བོ་ཞིག་གི་སྔོན་གྱི་དམ་བཅའ་ཞིག་གི་ཟིལ་ཤུགས་དང་འདྲ་སྟེ།མཚམས་མཚམས་སུ།རང་གིས་རང་ལ་ངུ་ཁ་བསླངས་པའི་ལོ་རབས་དེ་ཡང་།དགའ་སྐྱོ་ཆགས་སྡང་གི་དཔེ་འགྲེལ་ཞིག་ལྟར་མི་ཡུལ་ཡང་བསྣོག་ལ་ཁད་པས།བདེ་སྡུག་གི་ན་ཟུག་གིས་སྙན་ངག་གི་རྒྱལ་ཁམས་བཞེངས་ཤིང་།སྙན་ངག་གི་རྒྱལ་ཁམས་ནས་ཐ་སྙད་ཀྱི་ཤིང་ཐུར་བུས་རུང་།དོན་དངོས་ཀྱི་མངར་ཁ་སྐྱུར་གསུམ་གྱི་ཁངས་ཆར་གྱིས།ཐ་སྙད་ཀྱིས་སྒྲོན་པའི་མེ་ཕུང་དེར།ཡུན་གྱིས་རིམ་གྱིས་འཇབ་རྒོལ་བཏང་ཡོང་བས།ད་ནི་དཔང་བོ་མི་རྙེད། ད་ནི་དཔང་བོ་མི་འདུག།སྙན་ངག་གི་རྒྱལ་ཁམས་དེར་བསླན་ཐུབ་པའི་དཔང་བོ་མི་རྙེད།བདེ་སྡུག་གི་ན་ཟུག་དེར་གླན་ཐུབ་པའི་དཔང་བོ་མི་འདུག” སྔར་བཞིན་དོན་དངོས་ལ་སེན་ཏོག་དང་སྤར་བཀྲད་བྱས་རུང་།དཔང་བོ་ཞིག་མ་རྙེད་པས། ད་དུང་གཅིག་པུས་མགོ་བོ་རུམ་ལ་བཅུག་ནས་སྙན་ངག་གླེང་དགོས་བྱུང་།

  ཉེར་ལྔ་ལོར། ཆར་བ་འབབ་ཚད་ཆེ་བ་དང་སྨུག་པ་འཐུལ་ཐེངས་མང་བ་བཞིན། ༼ཆར་བ་བབས་སོང་། སྨུག་པ་འཐུལ་སོང༽ཞེས་པའི་སྙན་ངག་བྲིས་མྱོང་། “

  འཕག་འཚག་དེ་སེམས་ཀྱི་ང་རོ་ཞིག་ཡིན་ན།འཇིག་རྟེན་གྱི་བྲང་གཞུང་དུ།སུས་ཀྱང་རང་ལས་རུས་པ་དེ་འཆའ་བཞིན་མཆིས།གང་གིས་ཀྱང་རང་དོན་ཟམ་པ་ཞིག་སྐྲུན་བཞིན་གདའ།མི་ཡུལ་འདི་ཚོན་གྱི་རྫ་མ་ཞིག་ཡིན་ན།རང་ཡུལ་ལུང་བའི་པང་ན།ཁྱོད་ཀྱིས་དཀར་དམར་སེར་གསུམ་གྱི་ཁ་དོག་ཅིག་སྣོག་གིན་འདུག།ང་ཡིས་མངར་ཁ་སྐྱུར་གསུམ་གྱི་རོ་དྲུག་ཅིག་མྱོང་གིན་ཡོད།སྙན་ངག་ནི་སེམས་ཀྱི་མངའ་ཐང་ཞིག་ཡིན་ན།

  ཞིང་ཁམས་དེའི་ཕང་བ་ན།ཚིག་གི་བུ་ཆུང་གིས་རང་གི་བདེ་སྡུག་དེ་ཉིན་མཚན་ལ་བརྒྱུས་བཞིན་མཆིས།སྣང་བའི་བུ་མོས་སེམས་ཀྱི་དགའ་སྐྱོ་དེ་ཁྱོད་ལ་སྤྲིང་བཞིན་གདའ།”“ཆར་བ་དེ་ཁྱོད་ཀྱི་མིག་ཆུ་ཡིན་ན།ཕྱི་རོལ་གྱི་ངོ་གདོང་དེ།ཚོད་ཚོད་ལ་མིག་ཆུའི་མུ་ཏིག་གིས་བརྒྱན་སོང་།ཚོད་ཚོད་ལ་སྨུག་པའི་སང་རས་ཀྱིས་གཡོགས་སོང་།”ཞེས་རང་སེམས་རང་གིས་གསོ་བཞིན་སྔར་བཞིན་གཅིག་པུས་སྙན་ངག་བྲིས་རུང་། དོན་དམ་དུ་སྙན་ངག་གིས་ཅི་ཡང་ཐག་གིས་མ་ཆོད་པར། སྙན་ངག་མ་གཞི་ནས་རང་གི་ཆེད་དུ་འབྲི་བཞིན་པ་དང་འདྲ། གཞན་ཡང༼ཕྱི་རོལ་གྱི་ནམ་ཟླ༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་པར། སྲིང་ཆུང་མས“ཁྱོད་དེ་འདྲ་སྐྱིད་ཀྱིན་མི་འདུག་པཱ”ཞེས་པའི་དྲི་བ་དེས་ཀྱང་། ཕྱི་རོལ་གྱི་ནམ་ཟླ་དེ་ནང་སེམས་ཀྱི་ནམ་ཟླ་ཡིན་པ་ར་སྤྲད་ཅིང་། སྐྱིད་ཟེར་བ་ནི“མི་གཞན་གྱིས་དྲན་གྱིན་པ་དང་ཤ་ཟ་རྒྱུ་ཡོད་པ”དེ་ཡིན་ནམ། དེ་ཡིན་ན། ང་རང་སྐྱིད་ཀྱིན་ཡོད་དེ། བུ་ཆུང་མགོན་པོ་དཔལ་ལྡན་དང་བུ་མོ་རིག་འཛིན་དབང་མོ་སོགས་ངས་ནམ་ཡང་དྲན་གྱིན་ཡོད་པ་བཞིན། ཁོ་ཚོས་ཀྱང་ང་དྲན་གྱིན་ཡོད་འདུག ཤ་ཟ་རྒྱུ་ཟེར་ན། ངའི་འཁྱགས་སྒམ་ན་བཙོ་རྒྱུ་དང་གཏུབ་རྒྱུ་གཉིས་ཀ་ཡོད།

  ཉེར་ལྔ་ལོར། མང་བོ་ཞིག་ལ་མཐུན་སྦྱོར་དུ། ༼ལྷག་མ༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་མྱོང་། “གནམ་གཤིས་དྭངས་པས་དེ་ལ་འདང་།གནམ་ངོ་རུབ་རུང་དེ་ལ་བརྩེ།གནམ་སྔོན་པོའི་འོག་ཏུ།ས་དོག་མོའི་པང་དུ།ཅི་ཞིག་བྲིས་རུང་ལྷག་མ་ཡིན་པ་འདྲ་སྟེ།གནམ་སྔོན་པོ་ནི་ཁྱེད་ཀྱི་མེ་ལོང་དང་།ས་དོག་མོ་ནི་ཁྱེད་ཀྱི་ངོ་གདོང་དང་འདྲ་བས།མེ་ལོང་ནས་གདོང་གི་མངོན་བརྗོད་ལ་ཁེན་ནས།ངོ་གདོང་ནས་སེམས་ཀྱི་གབ་ཚིག་སློག་དུས།མཚམས་མཚམས་སུ། ཁ་གནམ་ལ་འཁོར་ཏེ་ཁྱེད་ཉིད་བྲིས་ན།གནམ་སྔོན་པོ་ཡི་མཚོ་མོའི་གཡོ་སྐྱོམ་ལས།ས་དོག་མོའི་གདོང་གི་གཉེར་རིས་ལས།ཨ་ཇོ་ལམ་པ་ཞིག་གི་སེམས་ཀྱི་སྤྲིན་པ་མཐོང་བྱུང་།” གདོང་གི་གཉེར་རིས་དང་སེམས་ཀྱི་སྤྲིན་པ་གང་ཡང་། མི་ཡི་མི་ཚེ་ཚེ་ཡི་ཁྲལ་ཡིན་ཞེས་པ་ལྟར། ཆོས་ཉིད་ཙམ་དུ་ཟད་པས། དེ་དུས“རི་དེ་རི་ཡིན་པ་དང་ཆུ་དེ་ཆུ་ཡིན་པ།” སྐབས་སུ“རི་དེ་རི་མིན་པ་དང་ཆུ་དེ་ཆུ་མིན་པ། ”དུས་ད་ལྟ“རི་དེ་སྔར་བཞིན་རི་ཡིན་པ་དང་ཆུ་དེ་སྔར་བཞིན་ཆུ་ཡིན་པའི”འགྱུར་བ་དང་སྣང་ཚུལ་དེ་ལ་ལོ་དང་ན་ཚོད་ཀྱིས་གསལ་ཁ་འདོན་གྱིན་ཡོད་དམ། དེ་བཞིན་དུ“གནམ་གཤིས་དྭངས་པས་དེ་ལ་འདང་།གནམ་ངོ་རུབ་རུང་དེ་ལ་བརྩེ། ཁ་བ་བབས་པས་དེ་ལ་སྐྱོ།རླུང་བུ་ལྡང་རུང་དེ་ལ་སྨྲེང”བ་འདི་ཡང་། ལོ་དང་ན་ཚོད་ཀྱིས་ཐེག་འོས་པའི་སྣང་བ་བཏང་སྙོམས་པ་ཞིག་ཡིན་ནམ།

  ཉེར་ལྔ་ལོར། སེམས་ཁྲལ་གླེང་དུས། ན་ཟླ་ཚོ་ཡང་དྲན་ཡོང་བས། ན་ཟླ་ཚོར༼རི་གྲོང་གི་གླུ་སྐད༽ཅེས་པ་ཞིག་ཀྱང་བྲིས་མྱོང་། “ཉི་འོད་ལམ་ལམ་གྱི་རི་གྲོང་ན།ན་ཟླ་ཚོས། ངོ་གདོང་གི་རྔུལ་ཆུ་ཡིས་ཉིན་གུང་ཞིག་གི་བྲང་གཞུང་རློན་བཞིན།ཁང་འདབས་ན་གྲག་པའི་མཆིལ་བའི་གླུ་སྐད་དེ།གོམ་སྟབས་ཐག་ཐག་གིས་རྒྱང་ལ་ཆས་པའི་འགྲུལ་བཞུད་ལ་བརྒྱུས་བཞིན།ད་ལོའི་ཞོར་ལས་ཀྱི་ལག་ཡོང་ལ་བློས་བསླངས་བྱས་ཏེ།མ་འོངས་པར་བདེ་སྐྱིད་ཀྱི་རོལ་མོ་རྩོམ་གྱིན་ཡོད་དེ།ཁོ་རང་ཚོར་དེ་ལས་ད་དུང་སེམས་ཁྲལ་ཅི་ཞིག་ཨང་།” རང་རང་གི་སེམས་ཁྲལ་གླེང་དུས། རང་རང་གི་མི་ཐེག་པའི་སེམས་ཁྲལ་ཞིག་ཀྱང་ཡོད་པ་འདྲ་སྟེ། ཞིབ་ཏུ་བསམ་ན། བོང་བུར་རང་གི་ཚོད་ཀྱི་སེམས་ཁྲལ་དང་། རྟ་ལ་དེའི་ཚོད་ཀྱི་སེམས་ཁྲལ་ཞིག་གིས་ཆོག་པར་སྙམ་ཡང་། ང་ཚོར་ད་དུང་སེམས་ཁྲལ་མང་ཨང་། སྙན་ངག་དང་རྩོམ་རིག་ཙམ་གྱིས་མི་ཐེག་པའི་སེམས་ཁྲལ་མང་ཨང་།

  ཉེར་ལྔ་ལོར། བུ་མོ་གནས་བཤད་པ་ཆུང་ཆུང་ཞིག་གིས་བརྙན་ལས་འཕྲོས་པའི༼བདེ་སྐྱིད་སྒྲོལ་མ།དགོན་འདབས་ཀྱི་བྱིའུ་ཆུང་འཇོལ་མོ།༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་མྱོང་། “བོད་པ་ཡིན་པས་བསོད་ནམས་ཆེ་ཞེས་པའི་ཡིད་རྟོན་དེ་ཁོ་ན་ཡང་།ལོ་ན་བཅུ་གཉིས་ཙམ་གྱིས་ཐེག་པའི་དབུ་རྒྱན་ཞིག་མིན་རུང་།ཁྱོད་ཀྱིས་རང་གི་ཚོད་ཀྱིས།དབུ་རྒྱན་དེར་བཀྲག་མདངས་གཞན་ཞིག་བསྣན་ཞིང་།རྒྱ་སྐད་ཀྱི་སྨྲ་ལྕེ་དམར་བོས་ཡིད་རྟོན་དེར་གཤོག་པ་བསྩལ་ཏེ།གནས་སྐོར་པ་མང་བོའི་སྐྱེད་ཚལ་དུ་སྤུར་གྱིན་པ་དེ་མཚར་ཨང་།” ཡིན་རྟོན་གྱིས་མི་ལོན་པའི་དུས་རབས་འདིར། རིག་གནས་ཀྱི་ཡིད་རྟོན་དེས་ས་བརྟོལ་ཞིང་གནམ་ཡང་བརྟོལ་ཐུབ་ན་སྙམ་ཡང་། དེ་ནི་སྔར་བཞིན་འདོད་ཚུལ་དང་སྨོན་འདུན་ཙམ་དུ་ལུས་ཏེ། ངའི་མཐའ་འཁོར་ན་བོད་ཡིག་དང་བོད་སྐད་ཀྱིས་ས་རྒྱ་མི་ཆོད་པའི་བསམ་ཚུལ་དང་འདོད་ཚུལ་དེ་སྔར་བཞིན་མཐུག། “ཁྱོད་ནི་ལྷ་ཀླུ་གཉན་གསུམ་གང་གིས་སྤྲུལ་བ་ཡིན་ནམ།ཁྱོད་ནི་ཡུལ་ལྷ་གཞི་བདག་གང་གིས་མངགས་པ་ཡིན་ནམ།དེ་མིན་ན། དགོན་འདབས་ཀྱི་ཟང་ཟིང་གི་ནགས་ཚལ་དུ།ཁྱོད་ལྟ་བུའི་སྙན་འཇེབས་ཀྱི་གྲེ་འགྱུར་ཞིག་ཇི་ལྟར་འཁོར་ཏེ།བདེ་སྐྱིད་སྒྲོལ་མ། ཁྱོད་ནི་དགོན་འདབས་ཀྱི་བྱིའུ་ཆུང་འཇོལ་མོ་ཞིག་ཨང་།” དེ་ཡང་དུས་རབས་འདིའི་བདེ་བ་ཞིག་སྟེ། ཟང་ཟིང་གི་ནགས་ཚལ་དུ། ཁྱོད་ལྟ་བུའི་བྱིའུ་ཆུང་འཇོལ་མོ་མང་དུ་འབྱུང་བར་སྨོན།

  ཉེར་ལྔ་ལོར། ཚོད་ཚོད་ལ་སེམས་ཀྱི་ཕྱི་ནང་བསེད་པར་བྱས་ཏེ། ༼ཁྱོད་ཀྱི་ཕྱི་ནང༽ཞེས་པའི་སྙན་ངག་ཅིག་ཀྱང་བྲིས་མྱོང་། “དམུ་ཐག་ལ་འཇུས་ཏེ་ས་ལ་བབས་པས།ཁྱེད་ལ་གནམ་གྱི་བུ་ཟེར་ཞིང་།ལོ་ངམ་གྱི་རལ་གྲིས་བཅད་པའི་དམུ་ཐག་གི་སྣེ་ནས།ཁྱེད་ཀྱིས་གནམ་ལ་ཡང་ཡང་བལྟས་ཡོད་སྲིད་མོད།འོན་ཀྱང་། མི་ཡུལ་ལུང་པ་ནི།སྔར་བཞིན་ཚུལ་འཆོས་དང་ཟང་ཟིང་གིས་ཁེངས་པ་ཞིག་སྟེ།ཁྱེད་ཀྱི་སྒམ་ཚུགས་དང་ཁེར་གཤིས་ལ།ནམ་ཞིག་སུ་ཞིག་གིས་སེན་ཏོན་ཡང་བྱ་སྲིད་པས།ཁྱེད་ཀྱི་དམུ་ཐག་དེ་གནམ་ལ་མཐུད་ཐབས་ཨེ་འདུག་གམ།” འདི་ནི་རང་ལ་བཏོན་པའི་དྲི་བ་ཞིག་ཡིན་ཏེ། དྲི་བ་དེའི་ལན་ནི་ལོ་ངོ་སོ་དྲུག་རིང་ལ་རྙེད་ཐབས་མ་བྱུང་། “ས་རྡུལ་ལ་འཐིམ་སྟེ་འཚར་ལོངས་བྱུང་བས།ཁྱོད་ལ་ཞིང་བའི་བུ་ཟེར་ཞིང་།ཆར་ལྷ་ཡི་སྤྱན་ཆབ་ཀྱིས་བཅོམ་པའི་སྨུག་ལོང་གི་ཁྲོད་ནས།ཁྱེད་ཀྱིས་སྡེ་གྲོང་ལ་ཡང་ཡང་བལྟས་ཡོད་སྲིད་མོད།འོན་ཀྱང་། མི་ཡུལ་ལུང་པ་ནི།སྔར་བཞིན་ཁ་དང་ངོ་ཡིས་ཁེངས་པ་ཞིག་སྟེ།ཁྱེད་ཀྱི་རྣམ་དཔྱོད་དང་ཧུར་བརྩོན་ལ།ནམ་ཞིག་སུ་ཞིག་གིས་ཁ་གཉེར་ཡང་བྱ་སྲིད་པས།ཁྱེད་ཀྱིས་སྨུག་ལོང་ནས་སྡེ་གྲོང་མཐོང་ཐབས་ཨེ་འདུག་གམ།”ཁ་གཉེར་སྣ་གཉེར་ནི་སྙན་ངག་དང་རྩོམ་རིག་གིས་ཆོད་པ་ཞིག་མ་རེད། ང་ཚོའི་རིགས་རྒྱུད་འདིར་སྔར་ནས་ཁ་གཉེར་སྣ་གཉེར་ལ་གོམས་ལོབས་ཚར་འདུག སྨུག་ལོང་གི་ཁྲོད་ནས་སྡེ་གྲོང་དེ་མཐོང་ཐབས་མ་བྱུང་ཡང་། ང་ནི་ཞིང་བའི་ཁྱིམ་རྒྱུད་ཅིག་ནས་སྐྱེས་པའི་ཨ་ཇོ་ལམ་པ་ཞིག་ཡིན། ང་ནི་རོང་བའི་ཞིང་བར་ནས་འཚར་ལོངས་བྱུང་བའི་ཅང་མེད་བུ་ལོ་ཞིག་ཡིན།

  ཉེར་ལྔ་ལོར། ལོ་དང་ན་ཚོད་ཀྱིས་སིམ་པ་ཡིན་ནམ། ལས་དང་དབང་ཐང་གིས་བཅོམ་པ་ཡིན་ནམ། གང་ལྟར། ཕ་ཡུལ་དྲན་པའི་ཚོར་བ་དེ་སྔར་ལས་དྲགས་ཤིང་། ཁྱིམ་མི་དྲན་པའི་གདུང་བ་དེ་སྔར་ལས་རྒོད་པས། ༼རང་ཡུལ་ལུང་པ༽ཞེས་པའི་གླུ་ཚིག་ཅིག་བྲིས་མྱོང་། དེ་ད་རུང་ཅང་ལ་བྱིན་མེད། སྒོར་ཡང་བཀྲམ་མེད། “དགུང་གི་ཟླ་བ་དངུལ་གྱི་མེ་ལོང་འདྲ།མེ་ལོང་ནང་ནས་རང་ཡུལ་མི་མཐོང་ཡང་།གཞན་ཡུལ་ཡུལ་ནས་སྐྱོ་དགོས་མི་འདུག་སྟེ། རང་ཁྱིམ་དྲོན་མོ་སྐེ་ཡི་གའུ་ཡིན།དྲིན་ཆེན་ཕ་མ་ནང་གི་གཟུངས་བཞུགས་ཡིན།ལྷ་ཡུལ་ཟེར་ན་རང་ཡུལ་ལུང་པ་རེད།ལྷ་ཚོགས་ཟེར་ན་ནང་མི་ཉེ་འཁོར་རེད།” ཉེ་ས་ནས་ཡར་དེད་ན་འདི་ཁ་དབྱངས་ཙམ་དང་སེམས་གསོ་ཙམ་དུ་སྣང་ཡང་། རིང་ས་ནས་ཞིབ་ཏུ་བསམ་ན། “འཚོ་བའི་ངོ་གདོང་ནི།

  མིག་མདུན་གྱི་ཟང་ཟིང་དེ་དག་ཙམ་གྱིས་ག་ལ་མཐུས་ཏེ།ད་རུང་སྙན་ངག་དང་རྒྱང་རིང་།རྒྱང་རིང་གི་ཁྱོད་དང་ཁྱོད་ཀྱི་ཡོད་ཚད།ཕ་ཡུལ་གྱི་རི་ལུང་ཐང་གསུམ་དང་ནང་མི་ཉེ་འཁོར།ཞིང་ཆུང་གྲུ་བཞི་དང་བཅས་པའང་ཅི་ལ་མིན་ཨང་། ”ཡིད་ཆེས་བྱོས་དང་། “ནམ་ཉི་མ་ཞིག་ལ།རྨི་ལམ་དང་དོན་དངོས་གཉིས་ཀྱང་ངར་ཤུགས་ཤིག་ནས་མཐུན་ཡོང་བས།དེ་དུས། ཁྱོད་ཀྱིས་ཤེས་པར་འགྱུར་ཏེ།རེ་སྒུག་དང་ཧུར་བརྩོན་གྱི་དུས་ཚོད་ཡོད་ཚད།ཚེ་སྲོག་ཁྲོད་ཀྱི་འགྱུར་མེད་ཀྱི་བརྩེ་བའི་རྒྱ་མཚོ་ཞིག་ལ་འགྱུར་སྲིད་ཨང་། ”

  ཉེར་ལྔ་ལོར། ལྗོངས་རྒྱུའི་ལྷུག་རྩོམ༼ཞི་ཨན་གྱི་རེག་ཟིག༽ཅེས་པ་ཁག་བཅུ་ཐམ་པ་ཅན་ཞིག་ཀྱང་ཡུལ་དངོས་ལྗོངས་རྒྱུ་དང་མཉམ་དུ་འབྲི་མགོ་བརྩམས་རུང་། ལོ་མཇུག་འདིར་ཞིབ་ཏུ་བལྟས་ན།དེ་ལས༼ ལོ་རྒྱུས་ཆུ་རྒྱུན་ཁྲོད་ལྷམ་མེར་བཀྲ་བའི་ཞི་ཨན།༽དང༼ མི་རྗེ་སྟོང་གི་གྲལ་མགོ་ན་བཞུགས་པའི་ཆིན་ཧྲིན་དཔུང་།༽ཞེས་པའི་ཁག་གཉིས་མ་གཏོགས་ཡིག་ངོར་ཕབ་ཐུབ་མེད་པས། གོང་དུ་བཤད་པ་ལྟར་འབྲི་འཕྲོ་ཅན་དེ་དག་གིས་ང་ལ་ཅི་ཞིག་ཟེར་གྱིན་ཡོད་དམ། ངས་ཀྱང་ལོ་མཇུག་འདིར་དེ་དག་ལ་ཅི་ཞིག་ཟེར་རམ།

  ཉེར་ལྔ་ལོར། རྩོམ་འབྲི་གཙོ་བྱས་པའི་གང་ཐད་ནས་ཅི་ཡང་མ་འཁྱོངས་པ་དང་ཅི་ཡང་མ་འཇོན་པ་ནི་སྡོམ་ཕྲན་འདིའི་རྨང་རྡོ་ཡིན་རུང་། སང་ལོར། ཡོད་ཚད་ བརྩེ་བའི་ཐོག་མ་ཞིག་དང་འདྲ་བར།ཇ་ལོ་བཞིན་འཇིག་རྟེན་གྱི་ཕོར་བ་རུ་སྦངས་དུས།

  མངར་ཁ་སྐྱུར་གསུམ་གྱི་བདག་ཉིད་ཅན་གང་ཡང་།དཀར་དམར་སེར་གསུམ་བཞིན་འོད་དུ་འཚེར་བར་སྨོན།

  མཇུག་མཐར། ཞོགས་པའི་ཉི་ཟེར་གྱི་ཟེགས་མ། ཉིན་གུང་གི་ཟས་སྣ་ཡི་ལོངས་སྤྱོད། དགོང་ཁའི་མཚམས་སྤྲིན་གྱི་མཛེས་སྡུག་ཐ་དག་ལས། གོམ་པ་ཐག་ཐག་གིས་ཞོགས་པའི་རུམ་ཁ་ནས་འཛུམ་པ་དང་། གོམ་སྟབས་ལྡེམ་ལྡེམ་གྱིས་ཉིན་གུང་གི་ཁོམ་ལོང་ནས་ཆས་ཡོང་བ། མིག་ཟུང་ཀེམ་ཀེམ་གྱིས་དགོང་ཁའི་ངལ་དུབ་ལས་འཕག་ཡོང་བའི་ཨ་ཇོ་ལམ་པ་ཁྱེད་ལ། “ཨ་ཇོ་ལམ་པ་ལགས།ཁྱེད་ཉིད་དེ་རིང་བདེའམ།”ཞེས་འཚམས་འདྲི་ཞིག་ཞུས།

                                      2025.12.31

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉེར་ལྔ་ལོའི་སྡོམ་ཕྲན།

2026-01-06 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།