ཨ་རྒྱ་དགའ་ལྡན་པོ།1

མི་སྐྱ་རྟ་མགྲིན་རྒྱལ།(རྨ་ལྷོ) 琼迈文学网 2026-01-12

  ཁོང་འདས་ནས་ལོ་བཅུ་འགོར་ལ་ཉེ་ཡང་ངས་ཁོང་གི་བྱ་བྱེད་དག་མཚམས་མཚམས་སུ་ཡིད་ལ་དྲན་ཡོང་།

  ནངས་མོ་ཡར་ལངས་མ་ཐག་ཁ་ཏོན་དཔེ་ཆ་སྣ་རིང་ཚི་དྲག་ཆགས་པ་ཞིག་པང་ལ་འཕྲེད་དུ་བཟུང་ནས་མདོ་གདུགས་སྒྲོལ་གསུམ་སོགས་ཁ་ཏོན་བྱེད། ཁ་ཏོན་བཏོན་ཚར་ན་གཟོད་ནངས་ཇ་འཐུང་། དགུང་གྲངས་དགུ་བཅུའི་སྐབས་ཤིག་ནས་ཚ་བོ་རེ་རེའི་མིང་ནས་བཟུང་སྟེ། སྨོན་ལམ་འདེབས་ཤིང་། རེ་རེ་བཞིན་ལྷ་ལ་སྐྱབས་འཇུག་ཞུ། ཐེངས་ཤིག་ང་རང་ཁོང་གི་གམ་དུ་ཉལ་བས་ནངས་མོ་སྨོན་ལམ་འདེབས་པ་ཅུང་ཙམ་ཐོས། ངའི་ཕུ་བོ་དགེ་རྒན་ཞིག་བྱེད་ཐུབ་པར་སྨོན་ལམ་འདེབས། ང་རང་ཅི་ལྟར་སྨོན་ལམ་བཏབས་པ་གསལ་བོ་ཞིག་གོ་མ་སོང་། ཁོང་གི་སྨོན་ལམ་གྱི་ནང་དུ་ངེད་མིང་སྲིང་དག་ཚུད་ཡོད་པས་རྗེས་ཀྱི་དོན་དག་མང་པོ་ཞིག་ཁོང་གི་སྨོན་ལམ་གྱི་སྟོབས་ཀྱིས་འགྲུབ་གྱིན་པ་ཞིག་ཏུ་ཚོར། དེ་ཡང་ཡིན་ངེས་ཏེ། ཁོང་ཆུང་དུས་གྲྭ་བ་རེད། རྗེས་སུ་སྐྱ་སར་བབས་ནས་འཁོར་བ་བཟུང་ན་ཡང་། དད་པ་དག་སྣང་འགྱུར་མ་མྱོང་བར་དུས་ཀྱི་འགྱུར་ལྡོག་མང་པོ་བརྒྱུད་དེ་ཡོང་བ་རེད། །

  ཁོང་ཁ་བརྡ་མང་པོ་བཤད་རྒྱུ་ཡོད་པ་ཞིག་མིན། ཆུང་དུས་ཨ་རྒྱ་ལྷ་སར་སོང་བའི་ལོ་རྒྱུས་ཤིག་ཤོད་ཅེས་དྲིས་ཚེ། ཁོང་ཐོག་མར་ལྷ་སར་འགྲོ་དུས་རྟ་ཞོན་གཡག་དེད་དེ་ཟླ་ལམ་ཞིག་གིས་སོང་ཞིང་། རིན་པོ་ཆེར་མཇལ་མྱོང་ཟེར། ཕལ་ཆེར་དེ་ཙམ་ལས་མང་པོ་ཞིག་བཤད་རྒྱུ་མེད་པ་འདྲ། ད་ལྟ་ངས་ཀྱང་གསལ་བོ་ཞིག་དྲན་ཐུབ་མི་འདུག ཁོང་ཐོག་མར་ལྷ་སར་འགྲོ་དུས་བླ་མ་ཞིག་དང་མཉམ་དུ་སོང་མྱོང་ཚུལ་བཤད། བླ་མ་དེའི་མཚན་ངས་ད་ལྟ་དྲན་གྱི་མི་འདུག རྗེས་སུ་གཏེར་རྒན་རིན་པོ་ཆེ་དང་མཉམ་དུ་རླངས་འཁོར་ཁ་འདྲུད་ཅིག་གི་ནང་དུ་ལྷ་སར་ཐེངས་གཅིག་སོང་འདུག དེ་དུས་ང་ད་དུང་སྐྱེས་མི་འདུག ངའི་ཁྱིམ་མི་གང་བོ་སོང་ཡོད་ས་རེད། ཉིས་སྟོང་བདུན་ལོར་སྤྲུལ་བསྟན་འཛིན་སྙན་གྲགས་མཆོག་ལྷ་སར་ཕེབས་དུས་ངེད་ཚང་གི་ཁྱིམ་མི་གང་བོ་མེ་འཁོར་ལ་བསྡད་དེ་ལྷ་སར་སོང་། སྐབས་དེར་ཁོང་ལོ་བརྒྱད་ཅུ་ཁ་གྲངས་ཤིག་ཡིན་ན་ཡང་རླངས་འཁོར་ལ་གནོད་རྒྱུ་མེད། བདེ་ཐང་ཐང་ངང་ལྷ་སར་ཐེངས་གཅིག་མཆོད་མཇལ་བྱས་ཏེ་ཡོང་། ཁོང་མི་ཚེ་འདིར་ཐེངས་གསུམ་ལ་ལྷ་སར་ཕེབས་མྱོང་ཞིང་། དུས་སྐབས་མི་འདྲ་བ་གསུམ་བརྒྱུད་ནས་ལྷ་སར་ཕེབས་པ་རེད།།

  གློ་རྒྱག་ལ་ཡིད་ལ་དྲན་ཡོང་བ་ཞིག་ནི། ཉི་མ་དྲོ་དུས་བོད་ལྭ་ཐར་བཅད་དེ་ཉི་མར་ལྡེ་བཞིན་ཤིག་འཐུ་བ་དང་དུད་ཁུག་ལག་པའི་ནང་ཕུར་ཕུར་འགའ་བྱས་ཏེ། རྭ་ཙེའི་ནང་དུ་བ་ཐེངས་འགར་འཐེན་པ་དང་། དུ་བ་འཐེན་ཚར་ན་ཕུད་ཅེས་རྭ་ཙའི་ནང་གི་དུད་ཐ་གཞོག་གཅིག་ལ་གཡུག་འགྲོ། དེ་ནས་རྭ་ཙེ་ཐང་ལ་ལན་འགར་རྒྱག་ཅིང་ལྕགས་སྐུད་ཕྲ་མོ་ཞིག་གིས་རྭ་ཙེའི་ནང་གི་དུད་ཐ་བསལ། ཡང་མཚམས་མཚམས་ལ་ཕྲེང་བ་གཡུག་ནས་མོ་འདེབས་ཤིང་། ཁྱིམ་གྱི་དོན་དག་ཙག་ཙིག་ལ་ཡང་མོ་འདེབས། ཁྱིམ་མཚེའི་ཨ་མ་ལོ་ལོན་ཞིག་ཡོད་པ་ནམ་རྒྱུན་ཁོང་གི་སར་མོ་འདེབས་དུ་ཡོང་། གསེར་རྟ་བླ་རུང་སྒར་ལ་སློབ་གཉེར་དུ་སོང་བའི་ཚ་བོ་དེ་ཡུལ་ལ་ནམ་ཡོང་གི་འདུག་ཅེས་མོ་འདེབས། གཞན་ཡང་ལོ་ན་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཨ་པ་ཞིག་ཀྱང་ནམ་རྒྱུན་མོ་འདེབས་དུ་ཡོང་། ཁོ་ཡང་རང་གི་བུ་ཡི་ཆེད་དུ་མོ་འདེབས་དུ་ཡོང་གིན་པ་འདྲ། མོ་འདེབས་མཁན་དེ་གཉིས་ཡོང་ཐེངས་ཆེས་མང་བའི་གྲས་སུ་གཏོགས་པས་ཐག་རིང་ན་ཡོང་གིན་པ་མཐོང་དུས་ཕལ་ཆེར་ཨ་མྱེ་ཡོད་སར་མོ་འདེབས་དུ་ཡོང་གིན་ཡོད་སྙམ་པ་ཞིག་དྲན་ཡོང་།།

  ཁོང་འགྲོ་དུས་ལག་པ་གཉིས་རྒྱབ་ལག་བྱས་ཏེ་འགྲོ། ལོ་ལོན་དག་འགྲོ་སྐབས་འཚང་ནས་དབུགས་ཧལ་ཧལ་གཏོང་བ་དེ་འདྲ་ཞིག་ཕལ་ཆེར་མེད། གོམ་ཁ་མགྱོགས་པས་ལོ་ལོན་དག་རྐང་རྒྱུགས་ཤིག་བྱེད་དགོས་ཚེ་ཨང་དང་འཆོར་མི་སྲིད། སྒྲ་སྡུད་འཕྲུལ་ཆས་གོ་ཐུམ་རྒྱབ་པ་ཆེ་རྒྱུ་ཆུང་རྒྱུ་མེད་པ་ཞིག་ཡོད། ཕྱི་དྲོ་ཐོན་ན་གནམ་གཤིས་གནས་ཚུལ་ལ་ཉན། ཁོང་གི་ཉི་མ་རེ་རེའི་དོན་དག་གལ་ཆེ་ཤོས་ཤིག་ཀྱང་ཡིན། སྒྲ་སྡུད་ལས་ཕྱི་ཉིན་གནམ་གཤིས་གནས་ཚུལ་ཡག་པོ་མེད་ཚུལ་བསྒྲགས་ཚེ། སྒྲ་སྡུད་འཕྲུལ་ཆས་ཀྱི་སྒོ་ཡང་ཅུང་ཙམ་གྱིས་རྒྱབ་འགྲོ། ཆར་འབབ་པ་དང་རླུང་གཡུག་པར་དགའ་བོ་མེད། དབྱར་ཀར་འབྲུག་གྲགས། གློག་འཁྱུག་ནས་ཆར་ཤ་ཐོན་ཚེ། གནམ་རྒན་མ་རེ་ནག་འགེབ་རྒྱུ་མ། ཡང་འབབ་རྒྱུ་རེད་ཅེས་སྡུགས་དམོད་བྱེད། ཡིན་ནའང་ལག་ནས་ཕྲེང་བ་བཏང་བའི་སྐབས་ཤིག་ཧ་ལམ་མཐོང་རྒྱུ་མེད། ཟ་མ་ཟ་དུས་མཚམས་གང་ཞིག་ན་ཡོད་ན་ཕྲེང་ཐག་ལ་མདུད་པ་ཞིག་རྒྱབ་ནས་ལག་མགོར་དཀྲིས་རྗེས་ཟ་མ་ཟ། མ་ཎི་དུང་ཕྱུར་ཞིག་བཏོན་ཡོད་ཤག་ཡིན། སྐབས་དེའི་ལོ་ལོན་ཕལ་ཆེར་དེ་འདྲ་ཞིག་ཡིན་པ་འདྲ། །

  ལུག་འཚོ་བར་སུན་སྣང་ཞིག་མེད་པ་འདྲ་པ་སྟེ། ལུག་འཚོ་བ་ནི་གོམས་གཤིས་ཤིག་དང་འདྲ། ལུག་འཚོ་ཞོར་ཨོང་བ་སྐམ་པོ་ཞིག་ལ་མེ་བསྒོས་ནས་འགྲམ་དུ་འཇོག ཡང་སྐབས་རེ་མེ་བསྒོས་པའི་ཨོང་བ་དེ་བླངས་ནས་དུ་བ་འཐེན། ཡང་སྐབས་རེར་ལག་པ་ཡ་གཅིག་ཐོད་པར་བཞག་ནས་ཐག་རིང་ལ་བལྟ། ཐག་རིང་གི་རི་བོ་དང་ལུག་ཁྱུ་ལ་རྒྱང་བལྟ་བྱེད། དེ་ནི་ཁོང་གི་འཚོ་བའི་ཁྲོད་ཀྱི་ལོངས་སྤྱོད་བྱེད་སྟངས་ཤིག་ཡིན། ཁོང་མཉམ་ལས་སྐབས་ཀྱང་ལུག་རྫི་ཡིན་པས་མཁར་ཟངས་ཤིག་དགའ་རྟགས་སུ་བླངས་ཡོད། དེ་འདྲའི་མཁར་ཟངས་ཤིག་ཧ་ལམ་མཐོང་དཀོན། སྟེང་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དོད་པ་ཞིག་ཡིན། ངེད་ཚང་གི་ཕྱུར་ཁུ་བསྐོལ་བྱེད་དུ་མཁར་ཟངས་དེ་འཁྱེར་ཡོང་ལ། སྐབས་རེར་ཟོག་ཆུ་ལྡུད་བྱེད་དུ་ཡང་བྱས་མྱོང་། རྗེས་སུ་རྩེ་འདུས་རིའི་རྩེའི་ལབ་ཙེ་གཞི་སྟོད་ལ་ཕྱིན། །

  ཁོང་ཀ་ར་ཟ་རྒྱུར་ཡང་དགའ། ཀ་ར་ཟས་རྗེས་ཀར་ཤོག་རླུང་གིས་ཁུར་ནས་འགྲོ། དེ་དུས་ཀ་ར་ཟ་རྒྱུ་དཀོན་པས་ཁོང་གཅིག་པུའི་རྩམ་པའི་སྟེང་ཀ་ར་ཕྱེ་མ་འདེབས། ཆུང་དུས་རྩམ་པ་དེ་ཙམ་ཞིམ་སྣང་མེད་ན་ཡང་། ཀ་ར་བཏབས་པའི་རྩམ་པའི་དྲོ་བ་དེ་ཞིམ་པོ་ཞིག་ཡིན། རྩམ་པའི་སྟེང་ཀ་ར་ལ་འདེབས་རྒྱུ་དེ་དགའ་རྟགས་ཤིག་ཀྱང་ཡིན། ཉིན་རེའི་བེའུ་རྫི་ཡག་པོ་ཐུབ་ཚེ་ཀ་ར་ཕྱེ་མ་རྩམ་པའི་སྟེང་བཏབས་ནས་སྟེར། །

  སློབ་ཆུང་སྐབས་འབྲོག་ཁུལ་གྱི་སློབ་མ་དག་བཅའ་སྡོད་སློབ་གྲྭར་ཞུགས་ཡོད་པས་ཟླ་གཅིག་གཉིས་རེ་ཡུལ་ལ་ལོག་ཐུབ་མེད། སློབ་གྲྭ་གྲོལ་ནས་ཡུལ་ལ་ཐོན་ཐེངས་རེ་གཅེས་པོ་ཐོན་སོང་ངམ་ཞེས་འགྲམ་པར་འོ་རེ་བྱེད། ཁོང་ལ་ཅ་ལག་ཆུང་ཆུང་མང་པོ་སྡུད་གསོག་བྱེད་སའི་རས་ཁུག་ཆུང་ཆུང་ཏ་ལེན་འདྲ་བ་ཞིག་ཡོད། དེའི་ནང་དུ་འཇབ་ཙེ་དང་རྡོ་ཀ་ར་ཁབ་སྐུད་པ་ཚུད་ཆད་ཡོད། སྒོར་མོ་ཡང་ཡོད། ཕྱིར་སློབ་གྲྭར་འགྲོ་དུས་དེ་ལས་སྒོར་མོ་ལྔ་ནས་བཅུ་བར་སྟེར། སྒོར་མོ་ལྔ་ནས་བཅུ་བར་ཐོབ་ཚེ་ཕྱིར་སློབ་གྲྭར་ཐོན་ན་སྟབས་ཐུག་དང་ཁ་ཚ་ཉིན་འགའ་ལ་ཆད་རྒྱུ་མེད། ཁ་ཚ་辣子片ལེབ་ལེབ་ཐང་ཟན་བླ་མའི་འདྲ་པར་ཅན་ཞིག་ཡོད། དེ་ཅུང་རྡོག་བར་བཞག་ནས་ཟས་ན་ཞིམ། སྒོར་མོ་ཅུང་ཡོད་དུས་སློབ་གྲོགས་གཞན་ཞིག་ཚོང་རྒྱག་ཏུ་མངགས་ན་ཟུར་གཅིག་གླ་ཆ་སྟེར་དགོས། སྐབས་རེ་རང་ཉིད་ཀྱང་ཟུར་གང་ཐོབ་ཆེད་ཚོང་རྒྱག་པར་མང་དུ་འགྲོ་མྱོང་།།

  ཁོང་ལ་ས་ཡི་ལས་པའི་ཉལ་ཁྲི་ཆུང་ཆུང་ཞིག་ཡོད། ནང་དུ་རྩྭ་དྲོན་མོ་བཏང་ཡོད་ཅིང་། འགྲམ་ཕྱོགས་ས་ཡིས་གཡོས་ནས་མིག་ལ་བདེ་བ་ཞིག་ཡོད། མ་ཎིའི་ལག་འཁོར་ཚི་དྲག་ཆགས་པ་ཞིག་ཀྱང་ཡོད། མཚན་མོ་གོ་ཁར་བསྡད་དེ་ཁ་བརྡ་བྱེད་ཞོར་མ་ཎི་ལག་འཁོར་བསྐོར། ཟད་ཟིན་པའི་དོང་ཙེ་དག་ལག་འཁོར་གྱི་ཕྱག་རྡོའི་ནང་བཏགས་ཡོད། དགོང་མོ་ཁྱིམ་མི་གང་བོས་མཉམ་དུ་མདོ་གདུགས་སྒྲོལ་གསུམ་སོགས་མཚན་འདོན་བྱེད། རྗེས་སུ་ཁང་བ་གསར་བ་ཞིག་ལས་པས་ཁོང་ཁང་བའི་བར་ཁྱམས་ཀྱི་ཤེལ་ཁང་དུ་ཉལ་བར་དགའ། མཚན་མོ་ནམ་མཁའི་སྐར་མ་མཐོང་ཐུབ་པས་སྐྱིད་ཟེར། ཤེལ་ཁང་དུ་ཉལ་ནས་ནམ་མཁའི་སྐར་མར་བལྟས་བསྡད་ན་སྐྱིད་ཀྱང་སྐྱིད།།

  ཙན་ཏན་ནག་པོའི་ཕྲེང་བ། ཙན་ཏན་ཞེས་པ་རིན་པོ་ཆེ་ཞིག་ཡིན་སྣང་ཡོད། ཁོང་གི་མ་ཎི་བགྲངས་བའི་ཙན་ཏན་གྱི་ཕྲེང་བ་ནག་པོ་དེ་ཟད་ནས་ལེབ་ལེབ་ཞིག་ཏུ་གྱུར་ཡོད། མཐེབ་རྒན་གྱི་སེན་མོ་ཡང་ཟད་ནས་ཉག་ཅིག་ལྷུང་ཡོད། ཁོང་ཚེ་ལས་འདས་རྗེས་ཙན་ཏན་གྱི་ཕྲེང་བ་དེ་ཉར་ཚགས་བྱས་ཡོད། ཁོང་གི་ཕྲེང་བ་དེར་ང་ལ་བླ་མའི་ཕྱག་ཕྲེང་ཞེས་གལ་ཆེན་ཞིག་ཏུ་འཛིན་པ་དེ་འདྲ་ཞིག་གི་འདང་ཡོད། ཁོང་མི་སྐྱ་རྒན་པོ་ཕལ་བ་ཞིག་ཡིན་ན་ཡང་ད་ལྟ་ངའི་མི་ཚེའི་ནང་དད་པ་བྱེད་ས་འདྲ་ཞིག་ཏུ་ཆགས་ཀྱིན་འདུག ངའི་བག་ཆགས་ཁྲོད་དུ་ཁོང་ནི་སྨྲ་བ་ཉུང་ཞིང་། སེམས་ལ་དགོས་མི་དགོས་བཅོ་བརྒྱད་དྲན་ནས་སེམས་མ་བདེ་བསྡད་ཡོད་པ་དེ་འདྲ་ཞིག་མིན། ཡང་རིག་པ་རྒོད་ཁུལ་གྱིས་གཞན་ལ་བརྙད་བརྐོས་ནས་རང་འཚང་ཕྱི་ལ་འཕུད་མཁན་དེ་རིགས་ཀྱང་མིན། ལུས་སེམས་ལྷོད་པོ་ངང་འདོན་པ་རེ་གསུང་ནས་འདུག ཐ་ན་གཞན་གྱི་བླ་བཙག་པའི་སྐད་ཆ་ཞིག་བཤད་པ་ཡང་དྲན་རྒྱུ་མི་འདུག དེ་མིན་སུ་ཚང་གི་མནའ་མས་མ་ཉན་རབས། དེ་ཚང་གི་བྱིས་པ་ཚོའི་ངན་བྱས་རབས་ལུང་བ་གང་བཤད་རྒྱུ་ཡོད། ད་ལྟ་ད་དུང་དྲན་ན་མགོ་ན་བ་ཞིག་ཡོད། སྐབས་དེར་མང་ཞིག་གིས་ཕྲེང་བ་བཟུང་ནས་མཁའ་དབྱེན་རྫུན་གསུམ་འབུམ་རེ་བསོག་ཡོད་བསམ། སྐབས་དེའི་རྒན་མོ་ལོ་ལོན་ཚོའི་བླ་བཙག་པའི་སྐད་ཆ་དག་དྲན་ཡོང་དུས་ཁོ་ཚོའི་གྲས་སུ་ངའི་ཨ་མྱེ་ལྟ་བུའི་ཆོས་པ་ཞིག་མེད་སྙམ། དོན་ལ་ཡང་དེ་འདྲ་ཞིག་ཡིན། ད་ལྟ་ཡང་མང་པོའི་གྲས་སུ་བླ་བཙག གཞན་མནར་ཏེ་རང་སྤྲོ་ཐབས་བྱེད་པ་མཐོང་དུས་སུན་སྣང་བཟོད་མི་ཐུབ་པ་ཞིག་འདུག སྐབས་དེ་འདྲར་ང་ཡི་ཨ་མྱེ་ཁོང་ཉིན་ཁ་ཞིག་ཏུ་ཉི་མར་ལྡེ་བཞིན་ལྷོད་ལྷོད་ངང་བཞུགས་འདུག་པ་དྲན་ཡོང་། །

  ཁོང་ལོ་ན་ལོ་ན་རྒས་ཀྱིན་རྒས་ཀྱིན་བྱིས་པ་ལྟ་བུ་ཞིག་ཏུ་གྱུར། དུ་བ་འཐེན་དུས་ཀྱང་ཡར་བལྟ་མར་བལྟ་བྱེད་བཞིན་བྲེལ་འཚུབ་ངང་འཐེན། ཨ་རྒྱ་དལ་མོ་བྱོས། དལ་མོ་བྱས་ཏེ་འཐེན་ཞེས་བཤད་ན་ཡང་། རྔམ་འཐེན་བྱེད། ཕལ་ཆེར་བརྐུས་དོ་འཐེན་པ་ལྟ་བུ་ཞིག་བྱེད། གང་ནས་འདུག་ན་ཡང་མིག་གིས་གཞན་གྱི་རྣམ་འགྱུར་འཚོ་ཞིང་། རྣམ་རིག་ཇེ་གསལ་ཏུ་གྱུར། སྐབས་རེར་གཅིག་པུར་དགོན་པར་བསྐོར་བ་བྱེད་དུ་འགྲོ། ལོ་སར་རྗེས་ཀྱི་ཉིན་ཞིག་ལ་ཡང་ཁོང་གཅིག་པུ་དགོན་པའི་ནང་བུད་སོང་། ཕྱིར་ཡོང་དུས་མ་ཎི་ལག་འཁོར་ཆུང་ཆུང་ཞིག་དང་དཀར་ཡོལ་སྙིང་རྗེ་ཞིག་འཁྱེར་ནས་ཐོན། མ་གཞི་ཨ་ལགས་ཁ་སོ་ཚང་གི་ཇ་སྟོན་ལ་སོང་འདུག ཁོང་དད་པ་ཆེ་བ་དང་ལོ་ན་མཐོ་བས་ཨ་ལགས་ཁ་སོ་ཚང་གིས་མ་ཎི་ལག་འཁོར་ཞིག་གནང་ས་རེད། དེ་ལྟར་ཁོང་རང་ཉིད་ཁ་རོག་གེར་འགྲོ་རྒྱུ་མང་དུ་ཕྱིན། ཨོ་རེད། ལོ་ལོན་བྱིས་པ ། ལོ་ལོན་བྱིས་པ་ཟེར་བ་ཅི་མ་བདེན། །

  བརྙན་འཕྲིན་གྱི་སྒྲ་ཆེ་ནའང་མི་སྐྱོན། རྒྱ་སྐད་ཀྱི་གློག་བརྙན་ཡིན་ནའང་ཆོག འཕྲེང་བ་འདྲེན་ཞོར་བརྙན་འཕྲིན་ལ་བལྟས་ནས་འདུག བཤད་རྒྱུ་གཏམ་རྒྱུ་ཅི་ཡང་མེད། དེ་དུས་ང་ལ་གླུ་དབྱངས་གཏོང་བྱེད་ཀྱི་སྒྲ་སྒམ་གྲུ་བཞི་ཞིག་ཡོད། ཉི་མ་དྲོ་དུས་སྒོ་རའི་ནང་དུ་བདུད་བྷེའི་རྡུང་ལེན་སྐད་ཆེན་པོའི་མངགས་ན་ཡང་ཉན་ནས་འདུག་དཔེ། ཉིན་ཞིག་ཨ་ཁུ་འགའ་ཐོན་སོང་། སྐད་དེ་འདྲ་ཆེན་པོ་ཞིག་མངགས་ནས། ལོ་ལོན་མི་སུན་ནམ། རྣར་གཟན་ངེས་ཟེར། ཨ་རྒྱ་ཁོང་མཛུམ་ཙམ་བྱེད་ཞོར། སྐྱོན་མེད། ང་འདི་མོ་འདི་ལ་ཉན་རྒྱུར་དགའ་ཟེར། ཧ་ཧ། ངོ་མ་ཡ་མཚན་ཞིག་ཡིན། ལོ་ན་དེ་འདྲ་ཞིག་མཐོ་ན་ཡང་བྱ་དངོས་གསར་བ་མང་པོ་དེང་ལེན་བྱེད་ཐུབ།།

  གང་ཞིག་ནས་འཁྱེར་ཡོང་ངམ། ཨ་ཁུ་སྨྱོང་གནས་བ་ཞིག་གིས་གནང་ས་ཡིན། གསལ་བོ་ཞིག་དྲན་མ་སོང་། ལྷ་སྐུ་ཆུང་ཆུང་མཐེ་བོང་འདྲ་ཞིག་མཆོད་སྒམ་ནང་བཞག་ཡོད། ཁོང་དགོང་གྲངས་དགུ་བཅུའི་ནང་ཞིག་ཡིན། ངས་སྐུ་དེ་བླངས་ནས་ཁོང་གི་མདུན་ཅོག་སྟེང་ལ་བཞག ཁོང་གིས་ཉི་མ་རེ་རེ་རང་གི་མགོ་ལ་བཞག་ནས་དད་པ་དཔེ་མེད་བྱེད། དེ་ཡང་ཁོང་གི་དད་པའི་རྟེན་ཞིག་ཡིན། །

  རུ་དགུན་ས་བབས་ཡོད་དུས་ཤིག་ཡིན། ངེད་ཚང་གི་ལུག་ཁྱིམ་མཚེ་ཚང་གི་རྩྭ་ར་ནང་ཤོར་བས་ཨ་རྒྱ་དགའ་ལྡན་པོ་ལུག་ཁ་ཕྱིར་ལེན་པར་སོང་། ཁོང་ཐོན་རག་བར་ཁྱིམ་མཚེ་ཚང་གི་རྒན་མོ་ཞིག་ཐོན་ནས་ལུག་ཕྱིར་རྒྱབ་ཅིང་། ཨ་རྒྱ་དགའ་ལྡན་པོ་ཁོང་ལ་ངར་ངར་བྱས་ཏེ་ཚིག་རྩུབ་འགའ་བཤད་འདུག དེ་ལས་ཁོང་གི་རྗེས་སུ་ཡང་ཡང་གླེང་ཡོང་བ་ནི་ཁྱོད་ཚང་ལ་ཞི་ལུ་མང་བ་ནི་དབྱུག་པ་མང་བ་རེད་ཅེས་པ་དེ་རེད། འདི་འདྲའི་ཚིག་རྩུབ་ཅིག་ཕལ་ཆེར་མི་ཚེ་ཞིག་ལ་བརྗེད་ཐུབ་ས་མ་རེད། ངས་ཀྱང་བརྗེད་མེད། །

  ངས་ལན་གྲུ་ན་སློབ་ཆེན་འདོན་སྐབས་ཉིན་ཞིག་ཨ་པས་ང་ལ་ཁ་པར་ཐོན་སོང་། ཨ་རྒྱ་ཅུང་བདེ་ཡི་མི་འདུག སྨན་པས་ཁྲག་ཅིག་རྒྱབ་རྗེས་ཅུང་བདེ་ལ་བབས་སོང་། སློབ་གྲྭར་གནང་བ་ཞུས་ཏེ་ཡུལ་ལ་ཤོག་ཟེར། ངས་དེ་འདྲ་ཞིག་ན་ཡི་ཡོད་དམ་ཞེས་དྲིས་པ་ཡིན། སེམས་སུ་ཁོང་ལ་ན་རྒྱུ་ཞིག་མེད་སྙམ་པ་ཞིག་ཤར་ཡོང་། དེ་ནས་སློབ་གྲྭར་གནང་བ་ཞུས་ཏེ་ཡུལ་ལ་ལོག་པ་ཡིན། དགུན་ཁ་ཞིག་ཡིན། ཡུལ་ལ་ཐོན་དུས་ཅི་ཡང་ན་ཡི་མེད་པ་འདྲ་ཞིག་རེད། ཕྱི་ཉིན་ཇེ་སྡུག་ཏུ་སོང་པས་མཚན་རྒྱབ་ཏེ་ཕ་ཡུལ་ལ་སོང་། འགྲོ་ཁར་བྱང་ཆུང་ལམ་རིམ་ཆེན་མོ་དཔེ་ཁུག་ནང་བཟུང་ནས་སོང་། དཔེ་ཁྲིད་ཅིག་གི་སྐབས་ཡིན། མི་ཤི་དུས་ལམ་རིམ་ཆེན་མོ་ཚར་གཅིག་འདོན་ཐུབ་ན་བཟང་རབས་ཤིག་གསུང་བ་ཡིད་ན་འདུག ལམ་བར་ཏུ་ཟ་མ་ཡང་ཟ་མི་ཐུབ་པས་ཁ་ལྕེ་སྐམ་དུས་ལྕེ་ཐོག་ལ་འོ་མ་ཁེམ་བུས་བླུགས་ནས་ཁ་ལྕེ་སྦངས་ཐབས་བྱས། མཚན་མོ་དེར་ཕ་ཡུལ་ལ་ཐོན་སོང་། ཚོ་བའི་མི་འགའ་རེ་སྔོན་ལ་ཡོང་ནས་གྲ་སྒྲིག་བྱས་འདུག ཕྱི་ཉིན་གྲྭ་བ་འགའ་སླེབས་ནས་འདོན་པ་ཞིག་གསུང་སོང་། སྐབས་དེར་མལ་སའི་ནང་དུ་འགུལ་ཙམ་ཡང་མི་ཐུབ། གྲྭ་བ་ཚོའི་འདོན་པ་གསུང་སྐབས་གློ་རྒྱག་ལ་མལ་སའི་ནང་ནས་ཡར་དགྱེས་སོང་། ཐད་མོ་བྲང་ཁར་སྦྱར་ཏེ། གསོལ་བ་བཏབས་ནས་འདུག ང་དང་གཉེན་ཚན་ཕུ་བོ་ཞིག་གམ་དུ་ཡོད། ངེད་གཉིས་ཀྱིས་འགྲམ་ནས་བསྐྱོར་བསྡད། འདོན་པ་བཏོན་ཚར་རག་བར་ལག་ཟུང་ཐད་མོ་སྦྱར་ཏེ་གསོལ་བ་སྨོན་ལམ་བཏབས་ནས་འདུག སྐབས་དེར་ངས་མིག་ཆུ་ཤོང་སོང་། ད་ལྟ་ཕྱིར་འདང་ཞིག་རྒྱབ་ན་སྡུག་ནས་མིག་ཆུ་ཤོར་བ་ཡང་མིན་པ་འདྲ་སྟེ། མཚར་སྣང་འདྲ་བ། དད་པ་འདྲ་བ་ཞིག་གིས་མིག་ཆུ་ཤོར་སོང་། འདོན་པ་བཏོན་ཚར་རྗེས་ཕྱིར་མལ་སའི་ནང་ལོག་སོང་། དེའི་རྗེས་སུ་ཨ་ཁུ་བརྩོན་འགྲུས་སླེབས་སོང་། ཁོང་ཡོང་ནས་འདོན་པ་འགའ་བཏོན་སོང་། ཕལ་ཆེར་ཨ་མྱེ་འདས་པོ་ཁོང་གིས་ནམ་རྒྱུན་ཁ་ཏོན་བྱེད་པ་ཏག་འདོན་གྱིན་ཡོད་ས་རེད། ཅུང་ཙམ་གྱིས་མགོ་ཡར་བཀྱགས་ནས་གྱང་ངོས་སུ་བཀལ་བའི་ལྷ་དང་བླ་མའི་སྐུ་པར་མང་པོ་རེ་རེ་བཞིན་གཟིགས་སོང་། ངས་ཁོང་གི་མདུན་སར་བཞག་མྱོང་བའི་ལྷ་སྐུ་ཆུང་ཆུང་དེ་ཁོང་གི་མཐོང་སར་འཁྱེར་མོད། ཅུང་ཙམ་གྱིས་མགོ་མར་བཞག་སོང་། དེ་ལྟར་མར་མེ་གཟིམས་པ་བཞིན་གཟིམས་སོང་།།

  ངས་དཔེ་ཁུག་ལས་བྱང་ཆུབ་ལམ་རིམ་ཆེན་མོ་བླངས་ནས་ཁོང་གི་སྔས་མགོར་བཞག། ཨ་ཁུས་ངའི་ལག་གི་ལྷ་སྐུ་ཆུང་ཆུང་དེ་བླངས་ནས་སྤྱི་གཙུག་གི་ཐད་དུ་བཞག་སོང་། ཁང་བའི་ཤེལ་ཁང་ནང་དུ་འོད་མཚན་འདོན་པའི་སྒྲ་དང་ངུ་སྐད་ཅུང་ཙམ་གྲགས་ཡོང་། ངས་ཀྱང་འོད་མཚན་ཞིག་འདོན་བཞིན་ཁོང་ལ་བལྟས་བསྡད། ཡ་ཆུང་ཁོག་ལ་འཐུབས་ནས་ཡོང་རྒྱུ་ཞིག་འདུག སྐབས་དེར་ཨ་ཁུས་མིག་ཆུ་མ་གཏོང་། ཡ་མཚན་ཞིག་རེད། ཨ་ཁུ་ཞིག་ཀྱང་དེ་འདྲ་ཞིག་འགྲོ་དཀའ་བ་རེད་ཟེར། ཡང་སེམས་ཅུང་མར་བབས་སོང་། དངོས་གནས་སྡུག་དགོས་པ་ཞིག་ཀྱང་མི་འདུག ཁོང་མར་མེ་བཞིན་གཟིམས་པ་དེས་ངའི་སེམས་ཁ་ཅུང་མར་བབས་སོང་། །

མཆན།
1 ཨ་རྒྱ་ཞེས་པ་ང་ཚོའི་ཡུལ་ཕྱོགས་སུ་ཨ་ཕའི་ཨ་ཕ་ལ་འབོད་སྐབས་ཡོད།དགའ་ལྡན་པོ་ནི་ཚེ་ལས་འདས་རྗེས་ཀྱི་འབོད་མིང་ཞིག་ཡིན།

  རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་རྒྱ་དགའ་ལྡན་པོ།1

2026-01-12 མི་སྐྱ་རྟ་མགྲིན་རྒྱལ།(རྨ་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།