ཅི་ལ་ཡང་རེ་དོགས་མེད་པའི་ར་ལོ་ལྟ་བུ་བྱེད་ན་འདོད།
སེམས་རྒྱུད་འདི་ཤིན་ཏུ་འཇིགས་པ་ལ། ནམ་རྒྱུན་ཅི་ཞིག་གིས་གནོད་ཅིང་འཚེ་འོང་བར་དོགས་ནས་འདུག་དགོས་ཀྱིན་འདུག གཞན་གྱིས་ཉན་སྤྲོ་ཡོད་པའི་སྐད་ཆ་ཞིག་བཤད་ན། ལམ་སང་དགའ་བས་བརྟས་ཏེ་སྨྱོ་གྲབ་བྱེད་ལ། ཡང་ལྡོག་སྟེ་ཉན་སྤྲོ་མེད་པའི་སྐད་ཆ་དང་སེམས་ལ་གནོད་པའི་སྐད་ཆ་ཞིག་བཤད་པ་ཡིན་ན། འཕྲལ་གྱིས་རླུང་ལངས་ཤིང་ཕ་རོལ་ལ་འཁོན་ལན་ལོག་ཅི་ཐུབ་བརྩོན། གཟུགས་མེད་ཀྱི་སེམས་རྒྱུད་འདི་ལ་ཐབས་ཤེས་ཅི་ཞིག་གིས་བྱིང་རྒོད་ཀྱི་མེ་ཆུ་གཉིས་ལས་བརྒལ་ཐུབ་པ་བྱེད་དགོས། ནམ་རྒྱུན་རླུང་ལངས་ཆོག་ཆོག་དང་། སྡུག་བསྔལ་འོང་ཆོག་ཆོག འགད་ཆོག་ཆོག་དང་། ཚ་ཆོག་ཆོག གྲང་ཆོག་ཆོག་སྟེ། ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་ལྕོག་དང་འདྲ་བའི་སེམས་པ་འདི་ལ། མི་བཟོད་པའི་ལྷགས་པ་འགོག་པའི་གོ་ཆ་གང་ཞིག་སྐྲུན་ན་ལེགས། དགྲ་སྡང་གཉེན་ཆགས་ཀྱི་འཐབ་འཛིང་རེ་མོས་བྱེད་ཀྱིན་པའི་སེམས་པ་འདི་ལ། ཕན་གནོད་གཉིས་དང་འབྲལ་བའི་བཏང་སྙོམས་ཀྱི་བདེ་གནས་ཤིག་གང་དུ་འཚོལ་ནས་འགྲོ་དགོས་ཨང་།
སྐབས་རེར་སེམས་པ་འདི་རྒྱུ་མཚན་ཅི་ཡང་མེད་པར་སྨྲེང་བས་བཟི་དུས། ཉི་འོད་འཇམ་པོ་ཞིག་གི་ནང་དུ་ཡིད་གར་འོང་བའི་ཁ་བ་སབ་སིབ་འབབ་ཀྱང་རུང་། ནང་སེམས་ལ་བདེ་སྣང་གི་མཛེས་སྡུག་ལྷག་པོ་ཅི་ཡང་སྟེར་མི་ཐུབ། ཡང་སྐབས་རེར་སེམས་པ་འདི་བདེ་སྣང་ཕྲ་མོ་ཞིག་གིས་ཡོངས་སུ་ཁྱབ་ནས་ཡོད་དུས། ནམ་མཁར་སྤྲིན་ནག་གིས་སྒྲིབ་སྟེ་ཁངས་ཆར་ཅི་ཙམ་རྒོད་ཀྱང་རུང་། ནང་སེམས་ལ་སྐྱོ་སྣང་གི་བུ་ཡུག་ཅི་ཡང་མི་ལྡང་། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་ཅི་ཞིག་འཆར་ཡང་རུང་། ནང་སེམས་ལ་བདེ་སྡུག་གི་འགྱུར་བག་དེ་ཙམ་སྤྲོད་མི་ཐུབ་པའི་དུས་སུ། ངས་ད་གཟོད་བདེ་སྡུག་གི་ཚོར་འདུའི་མེ་ཆུ་དེ་ནི། ནང་སེམས་ལས་འབྱུང་བ་ཡིན་པའི་གནས་ལུགས་དེ་གསལ་པོར་ཤེས་བྱུང་།
སྐབས་ལན་རེར། ང་ནི་ཅི་ལ་ཡང་རེ་དོགས་མེད་པའི་ར་ལོ་ལྟ་བུ་ཞིག་བྱེད་ན་བསམ། འཚོ་གནས་ལ་རེ་དོགས་མེད་པ། འབྱུང་འགྱུར་ལ་རེ་དོགས་མེད་པ། མི་བཟང་ཞིག་བྱེད་པར་རེ་དོགས་མེད་པ། ངོ་ཚ་དང་ཁྲེལ་ཡོད་ཅན་ཞིག་རེད་པར་ཡང་རེ་དོགས་དང་འཛིན་པ་མེད་མཁན་ཞིག་ཡིན་ན་བསམ། མི་མང་པོ་ཞིག་གིས་ར་ལོ་ནི། འཚོ་བའི་ནང་གི་མི་ནག་ཉེས་ཅན་ཞིག་དང་། ནུས་པ་མེད་མཁན། ཕམ་ཁ་ཆེ་བའི་མི་ཞིག་ཡིན་པར་སེམས་བཞིན་ཡོད་མོད། དོན་དམ་པར་ར་ལོ་ནི་དེ་ལས་ལྡོག་སྟེ་བྱ་བ་ཡོད་ཚད་ལ་རེ་དོགས་དང་འཛིན་པ་ཆུང་ཞིང་ཡོད་ཚད་བློས་གཏོང་ཐུབ་པའི་མི་ཞིག་སྟེ། རེ་དོགས་ཀྱི་འཆིང་རྒྱ་ལས་གྲོལ་བའི་རྒྱལ་ཁ་ཐོབ་པའི་མི་ཞིག་ཡིན། ཁོས་འུ་ཅག་གིས་སྲོག་ལྟར་གཅེས་པའི་འཚོ་བ་དང་འཚོ་བའི་ནང་གི་མི་དག་རྩེད་ཆས་བཞིན་དུ་འདོར་ཐུབ། གང་ལ་ཡང་རེ་དོགས་མེད་ལ་འཛིན་པའང་མེད་པ་ད་གཟོད་ར་ལོའི་ཁྱད་ཆོས་སུ་གྱུར་འདུག ར་ལོ་ལ་འུ་ཅག་གི་གུ་དོག་གི་བསམ་བློ་ལས་ལྷག་པའི་རྒྱ་ཆེ་ལ་མཐོངས་ཡངས་པའི་བསམ་བློ་ཞིག་ཡོད།
འུ་ཅག་མང་ཆེ་བ་ནི། རང་གི་འཚོ་གནས་དང་ཁྱིམ་མི་བཟའ་ཟླ་སོགས་བློས་གཏོང་མི་ཐུབ་པའི་རེ་དོགས་མང་པོ་ཞིག་གི་འཆིང་རྒྱ་ལས་མ་གྲོལ་བར་གནས་ཡོད། རེ་དོགས་ཀྱི་འཆིང་རྒྱ་དེ་ཡིས་གནང་འོང་བ་ནི་སྡུག་བསྔལ་འབའ་ཞིག་ཡིན་ངེས། ར་ལོ་ལ་རེ་དོགས་དང་འཛིན་པ་མེད་པས། ཅི་ཞིག་དང་འབྲལ་འགྲོ་བའི་སྡུག་བསྔལ་མེད་ལ། གང་ཞིག་འཐོབ་འདོད་པའི་ཞེན་ཆགས་ཀྱང་མེད་པས། ར་ལོའི་ནང་སེམས་ནི། མཐའ་ཡངས་པའི་རྩྭ་ཐང་དང་འདྲ་བར་ཧ་ཅང་གུ་ཡངས་ཤིང་དྭངས་གཙང་ཡིན་པ་གནད་དེ་ལ་ཐུག་ཡོད། དེའི་ཕྱིར་ང་ར་ལོ་དང་འདྲ་བའི་མི་ཞིག་བྱེད་ན་འདོད། འཚོ་བའི་ཐོབ་ཤོར་ལ་འཇིགས་སྣང་ཅི་ཡང་མེད་མཁན་གྱི་མི་ཞིག་བྱེད་ན་འདོད།
གནས་བརྟན་ཐིག་ནཏ་ཧཱན་གྱིས་མཛད་པའི༼ ཁྲོ་བའི་མེ་དཔུང་འཇོམས་པའི་ཤེས་རབ།༽ ནང་དུ། ཁོང་ཁྲོ་ཆེ་བའི་མི་ལ། འགད་ཆོག་ཆོག་གི་འགད་རྫས་ཟེར་ནས་མིང་ཞིག་བཏགས་འདུག མི་དེ་དག་ནི་འགད་ལ་ཉེ་བའི་འགད་རྫས་ལྟ་བུ་ཡིན་པའི་སྟབས་ཀྱིས་ཁྱིམ་མི་རྣམས་ཁོར་གཡོལ་བར་བྱེད་པཅེས་གསུངས་འདུག རེ་དོགས་དང་འཛིན་པ་ཆེ་བའི་མི་ཡང་། ནམ་ཞར་ཐོབ་ཤོར་གྱི་རེ་དོགས་བར་ནས་འགད་ལ་ཉེ་བའི་དབུགས་ལྒང་ལྟ་བུ་ཞིག་ཡིན་ངེས། དབུགས་ལྒང་ལྟ་བུའི་མི་དེ་དག་གི་སྟེང་དུ་བདེ་སྐྱིད་ཀྱི་ཆར་ཆུ་མི་འགོས། མཛེས་སྡུག་མཐའ་དག་ནི་ནང་སེམས་ལས་འབྱུང་བ་ཡིན་པས། ང་ཚོར་ནང་སེམས་ཀྱི་མཛེས་སྡུག་ཐོབ་འདོད་ན་རེ་དོགས་དང་འཛིན་པ་མེད་པར་བརྩོན་དགོས། ར་ལོ་དང་འདྲ་བར་ཡོད་ཚད་ཐོབ་ཤོར་གྱི་འཛིན་པ་མེད་མཁན་ཞིག དེ་ལྟར་ཡིན་ན། སྙིང་ཉེ་གང་ཞིག་དང་བྲལ་རྗེས་ཀྱི་སེམས་གཅོང་སྐྱུར་མོ་དེ་དག་ཡོད་མི་སྲིད་ལ། གང་ཞིག་དང་ཐུག་འཕྲད་འདོད་པའི་རེ་བ་མངར་མོ་དེ་འདྲ་ཡང་ཡོད་མི་སྲིད་པས། ནང་སེམས་ནི་རེ་དོགས་ཀྱི་འཆིང་རྒྱ་ལས་གྲོལ་བའི་ནམ་མཁའ་ཞིག་དང་མཚུངས་པར་ཧ་ཅང་མཛེས་སྡུག་ལྡན་ནོ། །
༢༠༢༦.༡.༡༡ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

