སྨར་རོལ་ལྕགས་རྩེའི་བྲག་བརྐོས་རི་མོ།

ཧོར་བུ་ཀར་བསམ། ཐི་གུ།(མགོ་ལོག) 琼迈文学网 2026-04-26

རྩོམ་པ་པོ། ཧོར་བུ་ཀར་བསམ་དང་ཐི་གུ

  དང་པོ་བྲག་བརྐོས་རི་མོ་དང་འབྲེལ་བའི་ལོ་རྒྱུས་ཉུང་ཙམ་ཞིག་བརྗོད་ན། འགྲོ་བ་མིའི་ཐོག་མའི་མེས་པོ་ཚོས། མཐའ་ཡས་བའི་ཁོར་ཡུག་ཆེན་པོ་དེའི་འགྱུར་ལྡོག་ལ་རྒོལ་ལན་དང་མཚར་ཉམས་ཀྱིས་སྐྱེལ་མ་གནང་སྐབས། ཉིན་རེའི་འཚོ་བའི་ཁྲོད་ནས་མཐོང་ཐོས་སུ་གྱུར་བའི་སྲོག་ཆགས་རྒྱུས་ཡོད་མེད་གཉིས་ཀའི་གཟུགས་རིས་བྲག་དང་ཕུག་པ།ན་འདམ་དང་ཕ་བོང་སོགས་ཀྱི་ངོས་སུ་བཙག་དོད་(红赭手摹)དང་། བཙག་བྲིས།(红赭彩绘)གཙག་དོད།(击刻)བརྡར་དོད།(磨刻)བརྐོས་དོད་(凿刻)བཅས་རིགས་མང་བོའི་ཐབས་ལམ་ལ་བརྟེན་ཏེ་བྲིས་ཡོད། དེ་ནི་ང་ཚོས་དཔྱད་ངོར་མིའི་རིགས་ཀྱི་ཆེས་སྔ་བའི་བརྡ་སྤྲོད་ཀྱི་ཡི་གེ་ཡིན་པ་མ་ཟད།ཉིན་དེའི་མཐོང་ཐོས་མཚོན་བྱེད་དུ་གྱུར་བས་ཆེས་སྔ་བའི་ཉིན་ཐོའང་ཡིན་པ་རེད། ལོ་ངོ་ཁྲི་སྟོང་དུ་མའི་ཡར་སྔོན་མདོ་དབུས་མཐོ་སྒང་འདི་ན་ཡང་། སྤྲ་མིའི་རིགས་འཕོ་འགྱུར་བྱུང་མྱོང་ཡོད།དེ་ལ་དཔའ་བོ་གཙུག་ལེགས་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་། །”[①]ཞེས་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཕྱིའི་རྣམ་པ་གསལ་བོར་བསྟན་ཡོད།གཞན་མདོ་ཁམས་སྒང་དྲུག་ཅེས་པ་ནི་དཔའ་བོ་གཙུག་ལེགས་ཕྲེང་བའི་དུས་ཙམ་ལ་བྱུང་བ་ཞིག་ཡིན་པ་འདྲ།ཉང་ཉི་མ་འོད་ཟེར་གྱི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཅེས་པར།“སྨད་ཁམས་གསུམ་ནགས་ཀྱི་ལྗོངས་ཞིང་དང་འདྲ་བ་ན།གླང་པོ་ཆེ་དང་འདབ་ཆགས་ལ་སོགས་པ་ལས།འགྲོ་བ་མི་བྱ་བ་གཅིག་ཀྱང་མེད།”[②]ཅེས་འཁོད་པ་མ་ཟད།བཙན་པོ་སྐུ་ཕྲེང་བཞི་བ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་《འཛམ་གླིང་རྒྱས་བཤད》་དུ“འང་སྟོད་མངའ་རིས་སྐོར་གསུམ་བར་དབུས་གཙང་རུ་བཞི།སྨད་མདོ་ཁམས་སྒང་གསུམ་”[③]ཞེས་མདོ་ཁམས་སྒང་གསུམ་དུ་འདོད་པ་ནི་དོན་དངོས་དང་མཐུན་སྙམ། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་“སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། །བར་གྱི་དབུས་གཙང་རུ་བཞི་ཡུལ་བ་འདྲ། །སྨད་དུ་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོ་གྱུར་བའི་ནང་། །”[④]ཞེས་མདོ་ཁམས་དེ་ལ་སྒང་དྲུག་དང་ཁམས་གསུམ་གང་བདེར་བྲིས་ཡོད།ད་ལྟའི་མངའ་རིས་ཞེས་པའི་མིང་བརྡ་དེ་བོད་ཆེན་པོའི་རྒྱལ་ཁབ་སིལ་བུར་འཐོར་རྗེས་བྱུང་བ་བཞིན།སྨད་ཀྱི་མདོ་ཁམས་སྒང་དྲུག་ཅེས་པ་ཡང་བསྟན་པ་ཕྱི་དར་སྐབས་ལ་བྱུང་བའི་མིང་བརྡ་ཞིག་ཏུ་འདོད།

  གང་ལྟར་ལོ་ངོ་དུང་ཕྱུར་དུ་མའི་ཡར་སྔོན་དུ་མདོ་དབུས་མཐོ་སྒང་འདི་རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་པ་གསལ།ས་གཤིས་རིམ་འགྱུར་ཁྲོད་རྒྱ་མཚོའི་ནང་ནས་སྐམ་ས་རིམ་གྱིས་འཕགས་པ་དེར།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ།“མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། །ཀོང་གི་ཆུ་བརླགས་ཞེས་བྱའི་ཟོམས་བྱེ་བས། །རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །”[⑤]ཅེས་འཁོད་པ་ཡིས་འཛམ་གླིང་ལོ་རྒྱུས་སྨྲ་བའི་ཁྲོད་ངོ་གནོང་མི་དགོས་པར་བྱས་ཡོད།སྤྱིར་འགྲོ་བ་མིའི་འཕོ་འགྱུར་ལ་མཚོན་ན།མ་རྒྱུད་ཚོ་བ་ལས་ཕ་རྒྱུད་ཚོ་བའམ་རུས་རྒྱུད་ཚོ་བ་རུ་གྱུར།དེའང་ཚོ་ཆུང་ལས་རིམ་བཞིན་དཔོན་དང་འབངས་ཀྱི་ལམ་ལུགས་ཆགས་རྗེས།རིམ་གྱིས་རི་དྭགས་རྒོད་པོ་གཡུང་དྭགས་ལ་བསྒྱུར། དེ་ལ་དམངས་ཁྲོད་དུ་རྒོ་རི་དྭགས་གཡང་དཀར་ལུག་ལ་འཚོས། གླ་ཕོ་མོ་ཚེ་ཚེ་ར་ལ་བསྒྱུར།མགྱོགས་ཁ་དཀར་རྐྱང་ལ་ཁ་ལོ་བཏུལ།འབྲོང་རྒོད་པོ་ལྡོང་རོ་ནོར་ལ་ཕབ།སྤྱ ང་གཏུམ་པོའི་སྐེ་ལ་ཞགས་ཐག་བསྡམས། སྦྲ་གྲུ་བཞིའི་ཀླད་ལ་ཁ་ཚུབ་བཏོད།སྤང་བདེ་མོའི་ལྷས་ལ་རྡང་ཐག་བསྐྱངས།འབྲི་ཐུལ་མའི་འོ་མ་ཟོམ་ལ་བཞོས།གཡག་རོག་པོའི་རྒྱབ་ལ་ཁལ་སྒ་བསྟད། ཕྱུགས་དཀར་ནག་ཁྲ་གསུམ་གཡུང་དུ་འཚོས། འབྲོག་སྦྲ་ཕུར་ཅན་གྱི་གཞིས་ཀ་བྱུང་ཟེར་བ་བཞིན་ང་ཚོ་མིའི་རིགས་ཀྱི་སྐྱེ་འཕེལ་དང་འཚོ་ཚིས་ཀྱི་སྤྱི་འགྲོས་ཤིག་རིམ་ཅན་བསྟར་ལ་བརྒྱུད་པའི་ཆོས་ཉིད་དང་མཐུན་པར་མདོ་ཁམས་མགོ་ལོག་པདྨ་འབུམ་གྱི་སྨར་རོལ་ལྕགས་རྩེའི་བྲག་བརྐོས་རི་མོས་ཀྱང་ཡུལ་འདིའི་བསྐལ་བ་ཡ་ཐོག་གི་འགྲོ་མིའི་སྣང་བརྙན་ཞིག་ཕྲག་ལ་ཁུར་ནས་ད་བར་འབྱུང་བཞིའི་འཇིག་པ་དང་དུས་ཀྱི་འཕོ་གྱུར་ལ་གདོང་གཏད་དེ་ལོ་རྒྱུས་ཀྱི་དྲན་པ་གསལ་པའི་བྲག་ལྡེབས་སྒྱུ་རྩལ་འདི་ལ་རྒྱུས་ལོན་དང་རྟོགས་ཞིབ་རིན་ཐང་ཆེས་ཆེར་མངའ་བར་འདོད་ནས་ཐེངས་གསུམ་ལ་ཞིབ་དཔྱད་དུ་ཕྱིན་པའི་ཡུལ་ངོས་ཟིན་ཐོ་ཞིག་འོག་ཏུ་སྤྲོས་ཡོད།

  སྨར་རོལ་ལྕགས་རྩེའི་བྲག་བརྐོས་རི་མོ་ནི་པདྨ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་༢༠(KM)མཚམས་ཀྱི་གནས་རི་གྲགས་ཅན་སྟག་གཡག་ལའི་གཡག་གི་བྲག་ངོས་སུ་ཡོད། སྟག་གཡག་ལ་འདི་གནས་རི་གྲགས་ཅན་ཡིན་པའི་རྒྱུ་མཚན་ནི་མདོ་ཁམས་ཀྱི་ཡུལ་ལྷ་ཆེན་པོ་གཡུང་དྲུང་ལྕགས་རྩེའི་སྒོ་སྲུང་ཡིན་པས་རེད། གཞུང་ལམ་མ་ལས་པའི་སྔོན་དུ་ཡུལ་མི་རྣམས་ཀྱིས་སྟག་གཡག་འཕྲང་ལ་སྟག་གཡག་ལ་ཟེར་གྱིན་ཡོད། ད་སྐབས་གཞུང་ལམ་འཛུགས་སྐྲུན་གྱིས་སྟག་གཡག་ལའི་ས་རྟགས་མང་པོ་བསྣོགས་ཟིན། འོན་ཏེ་དགའ་འོས་པ་ཞིག་ལ་གཡག་གི་བྲག་བརྐོས་རི་མོ་ཡིས་རྡོ་འཛི་སྨར་གསུམ་གྱི་བསྐལ་བ་ཡ་ཐོག་གི་མེས་པོའི་འཆར་སྣང་དང་འཚོ་བ། ལོ་རྒྱུས་སོགས་མཚོན་པས་སྟག་གཡག་ལའི་སྙན་གྲགས་ཀྱིས་རྒྱལ་ཕྱི་ནང་གི་ཞིབ་འཇུག་ལ་དགའ་བའི་མི་མང་པོའི་ཡིད་དབང་ཕྲོག་བཞིན་ཡོད། གནས་འདི་ནི་ལོ་རྒྱུས་ལྟར་ན་གཉན་མཁར་བ་གསུམ་ལས་སྟོད་གཉན་རྩེའི་ཟོར་ལོ་སྤུན་བདུན་གྱི་འབྲོག་ས་ཡིན། ད་སྐབས་སྟག་གཡག་ལའི་གཡས་གཡོན་གོང་འགབ་ཏུ་ཧོར་སྐོར་འཚོ་བ་གནས་སྡོད་བྱས་ཡོད། ༢༠༢༥ལོའི་ཟླ་༡༢ཚེས་༡༤ཉིན་སྟག་གཡག་ལའི་བྲག་བརྐོས་རི་མོའི་གནས་བབ་ལ་རྒྱུས་ལོན་དང་བརྟག་དཔྱད་དུ་སོང་། གནས་དེར་དངོས་སུ་འབྱོར་དུས་གཡག་ངོས་ཀྱི་བྲག་བརྐོས་རི་མོ་ཡོད་སའི་བྲག་རི་དེ་སྨར་ཆུའི་གྲམ་ཐང་དང་འདབས་འབྲེལ་ནས་ཡོད། བྲག་རྡོ་གང་མང་ཞིག་གི་ངོས་སུ་རི་མོ་གསལ་ལ་མི་གསལ་བ་སྣ་ཚོགས་ཡོད་མོད།ངེད་གཉིས་དང་ཐོག་དེར་ཚན་ཞིབ་ཀྱི་བརྟག་ཆས་སོགས་གང་ཡང་མེད་པས་རི་མོ་ཡོད་པའི་བྲག་རྡོ་དུ་ཡོད་འཚོལ་ཞིབ་བྱེད་པ་ལས་རི་མོའི་ཁ་གྲངས་དང་། རི་མོ་ཡོད་སའི་བྲག་ངོས་ཀྱི་ཆེ་ཆུང་། རི་མོའི་རིགས་དབྱེ། རི་མོའི་ནང་དོན། བྲག་བརྐོས་རི་མོའི་ལོ་ཚད་སོགས་ཞིབ་ཆ་དོད་མ་ཐུབ། བྲག་བརྐོས་རི་མོའི་འཁྲིས་ཀྱི་ཉིན་ལེབ་ཀྱི་བྲག་ངོས་དང་སྨར་ཆུ་ཐག་ཤུལ་གྱི་གྲམ་རྡོ་ཆེན་པོའི་ངོས་ལའང་རི་མོ་ཡོད་མེད་དུས་ཚོད་གསུམ་ཙམ་ལ་འཚོལ་ཞིབ་བྱས་ཀྱང་གཞན་མ་རྙེད། དེར་བལྟས་ན་བྲག་བརྐོས་རི་མོ་ཡོད་ས་ནི་གཡག་ངོས་ཀྱི་བྲག་རི་དེ་གཅིག་པུ་ཡིན་པ་འདྲ། སྐབས་དེར་གྲིབ་ཆེན་གྱིས་ཁོར་ཡུག་ཀུན་བསྒྲིབས་ཟིན་པས་ཁོམ་སྐབས་ཤིག་ལ་ཡང་བསྐྱར་འབད་རྒྱུ་གྲོས་འཆམ་ནས་རང་གནས་སུ་ཕྱིན།

ཐེངས་གཉིས་པར་སྨར་རོལ་ལྕགས་རྩེའི་སྟག་གཡག་ལའི་བྲག་བརྐོས་རི་མོར་རྟོགས་ཞིབ་བྱེད་དུས་ནི་༢༠༢༥ལོའི་ཟླ༡༢ཚེས༡༤ཉིན་མོ་ཡིན། སྐབས་དེར་རྟོགས་ཞིབ་བྱས་པའི་མཇུག་འབྲས་གཤམ་གསལ་ལྟར།

གཅིག འབྲོང་བརྒྱད་ཅན་གྱི་བྲག་རྡོ།

  འབྲོང་བརྒྱད་ཅན་གྱི་བྲག་རྡོ་རུ་རི་མོ་སྣ་ཁ་བཅོ་ལྔ་ཡོད།དེའི་བྲག་ངོས་ཀྱི་སྲིད་ལ་སྨི༡.༧༣(M)དང་ཞེང་ལ་ལི་སྨི༨༠(cm)ཡོད། དེའི་བརྗོད་བྱ་གཙོ་བོ་འབྲོང་གིས་བཟུང་ཡོད་པས་འབྲོང་བརྒྱད་དང་ཤྭ་བ་གཉིས། རི་མོ་མི་གསལ་བ་གཅིག་དང་ངོས་ཡེ་ནས་མི་ཟིན་པའི་རི་མོ་གསུམ། དེ་ནི་མི་ལོ་སྟོང་ཕྲག་རིང་མོའི་ནང་དུ་དབྱར་ཆར་ ཆུ་དང་དགུན་ཙག་རླུང་གིས་གཙེས་པས་རི་མོའི་ཤུལ་ཙམ་ལས་མེད་སྟབས་རགས་པ་ངོས་འཛིན་དང་ཞིབ་པ་རིགས་དབྱེ་སོགས་ཀྱི་ནུས་པ་ཁོ་གཉིས་ལ་ཡོད་རེ་སྐན།འབྲོང་གི་རི་མོ་ལས་ཆེས་ཆེ་བའི་ཟེ་ཁ་ནས་རྨིག་པའི་བར་ལ་ལི་སྨི་༡༣(cm)དང་། མཆུ་ནས་རྔ་མའི་བར་ལ་ལི་སྨི༢༢(cm)ཡོད།

གཉིས། འབྲོང་གཅིག་ཅན་གྱི་བྲག་རྡོ་སྔ་མ།
  འབྲོང་གཅིག་ཅན་གྱི་བྲག་རྡོའི་རི་མོ་ཡོད་སའི་ངོས་ཀྱི་སྲིད་ལ་སྨི༡.༢༣(M)དང་ཞེང་ལ་ལི་སྨི་༦༠(cm)ཡོད།བརྗོད་བྱ་གཙོ་བོ་འབྲོང་གཅིག་དང་ངོས་མི་ཟིན་པའི་རི་མོ་གཅིག་གིས་གྲུབ།

གསུམ། སར་ཐིམ་པའི་བྲག་རྡོ།
  བྲག་རྡོ་དེར་ངོས་འཛིན་མི་ཐུབ་པའི་རི་མོ་སྣ་ཚོགས་དང་མག་མོག་ཙམ་དུ་གསལ་བའི་རི་མོ་དྲུག་ཡོད། གཙག་ཤུལ་ཧ་ཅང་མང་ཡང་ད་ལམ་སར་ཐིམ་དང་འཐིམ་གྱིན་ཡོད་པས་བརྗོད་བྱ་གང་ཡིན་སྟོན་མི་ནུས།

བཞི། ཤྭ་བ་བཞི་ཅན་གྱི་བྲག་རྡོ།

  ཤྭ་བ་བཞི་ཅན་གྱི་བྲག་རྡོ་འདི་ལ་ངོས་གཉིས་ཡོད། ཡར་ངོས་ཀྱི་བྲག་རྡོའི་སྲིད་ལ་ལི་སྨི༨༤(cm)དང་ཞེང་ལ་ལི་སྨི༦༥(cm)ཡོད།ཡར་ངོས་སུ་ཤྭ་བའི་རི་མོ་གཅིག་ཡོད།བྲག་རྡོ་མར་ངོས་ཀྱི་སྲིད་ལ་སྨི༡.༨༠(M)དང་ཞེང་ལ་ལི་སྨི༦༠(cm)ཡོད། དེ་རུ་ཤྭ་བ་གསུམ་གྱི་རི་མོ་གསལ། བྲག་རྡོ་ཡར་ངོས་དང་མར་ངོས་སུ་ཅི་ཡིན་མི་གསལ་བའི་རི་མོ་བཅུ་བཞི་ཡོད། ཤྭ་བའི་རི་མོ་ལས་ཆེས་ཆེ་བའི་མཆུ་ནས་རྔ་རྩེའི་བར་གྱི་རིང་ཚད་ནི་ལི་སྨི༣༣(cm)རེད།ཟེ་ཁ་ནས་རྨིག་པའི་བར་ལ་ལི་སྨི༢༢(cm)ཡོད།

ལྔ། ཤྭ་བ་གཅིག་ཅན་གྱི་བྲག་རྡོ།
  ཤྭ་བ་གཅིག་ཅན་གྱི་བྲག་རྡོ་རུ་ཤྭ་བ་གཅིག་དང་ངོས་འཛིན་མི་ཐུབ་པའི་རི་མོ་གསུམ་ཡོད།དེའི་སྲིད་ལ་སྨི༡.༧༠(M)ཡོད། ཞེང་ལ་ལི་སྨི་༦༠(cm)ཡོད། ད་དུང་གཙག་ཤུལ་ཅུང་ཙམ་རེ་ཡང་མངོན་འདུག

དྲུག འདབ་ཆགས་གཉིས་ཅན་གྱི་བྲག་རྡོ།

  འདབ་ཆགས་གཉིས་ཅན་གྱི་བྲག་རྡོའི་ངོས་སུ་ཤྭ་བ་གཉིས་དང་།འཕུར་བཞིན་པའི་འདབ་ཆགས་གཉིས།འབྲོང་གཅིག རི་ཕག་འདྲ་བའི་རི་མོ་གཅིག གང་ཡིན་གསལ་ཐག་ཆོད་དཀའ་བའི་རི་མོ་བཅུ་གཅིག་ཡོད། དེའི་སྲིད་ལ་སྨི༡.༤༠(M)དང་། ཞེང་ལ་ལི་སྨི༨༤(cm)ཡོད།

བདུན། རྙོག་དྲ་ཅན་གྱི་བྲག་རྡོ།

  རྙོག་དྲ་ཅན་གྱི་བྲག་རྡོ་འདི་ལ་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྟོད་སྨད་གཉིས་སུ་དབྱེ་ཆོག བྲག་རྡོའི་སྟོད་ཀྱི་སྲིད་ལ་སྨི༢.༢༠(M)དང་ཞེང་ལ་སྨི༡.༤༠(M)ཡོད། སྨད་ཀྱི་སྲིད་ལ་སྨི༡.༣༥(M)དང་ཞེང་ལ་སྨི༢.༧༠(M)ཡོད། དེའི་བརྗོད་བྱའི་ནང་དོན་རིགས་དབྱེ་དང་མིང་འདོགས་དགོས་ན་རྙོག་དྲ་ཆེ་མོད། འཕུར་བཞིན་པའི་འདབ་ཆགས་གཅིག་དང་འབྲོང་དྲུག གཅན་གཟན་ཁ་སྤྲོད་ཀྱི་རི་མོ་གཅིག གླང་ཆེན་འདྲ་བ་གཅིག་དང་ངོས་འཛིན་མི་ཐུབ་པའི་རི་མོ་ཉེར་བཞི་ཡོད།

བརྒྱད། འབྲོང་གཉིས་ཅན་གྱི་བྲག་རྡོ་སྔ་མ།

  འབྲོང་གཉིས་ཅན་གྱི་བྲག་རྡོ་སྔ་མ་རུ་གསལ་བོ་མིན་པའི་རི་མོ་བཅུ་དང་འབྲོང་གཉིས་ཡོད།དེའི་སྲིད་ལ་སྨི༢.༦༠(M)དང་ཞེང་ལ་སྨི༡.༨༦(M)ཡོད།

དགུ། འབྲོང་གཅིག་ཅན་གྱི་བྲག་རྡོ་ཕྱི་མ།

  འབྲོང་གཅིག་ཅན་གྱི་བྲག་རྡོ་ཕྱི་མའི་སྲིད་ལ་སྨི༡.༠༣(M) ཞེང་ལ་ལི་སྨི༦༠(cm)ཡོད། དེ་རུ་འབྲོང་གཅིག་ལས་རི་མོ་གཞན་ཅི་ཡང་མེད། འབྲོང་དེའི་གཙག་ལུགས་ནི་བྲག་རྡོ་གཞན་གྱི་འབྲོང་གི་གཙག་ལུགས་དང་ཅུང་མི་འདྲ། དེའི་ངོས་ཀྱི་འབྲོང་གི་གཙག་དོད་རི་མོ་ནི་བལྟས་ཚོད་དུ་རྩུད་པ་འཇོ་ལོ་ཅན་ཞིག་ཡིན་པ་འདྲ།འབྲོང་གི་རྭ་རྩེ་ནས་རྨིག་པའི་བར་ལ་ལི་སྨི༡.༨(cm)དང་ཐོད་པ་ནས་རྔ་མའི་བར་ལ་ལི་སྨི༢༠(cm)ཡོད།

བཅུ། འབྲོང་དྲུག་ཅན་གྱི་བྲག་རྡོ།

 འབྲོང་དྲུག་ཅན་གྱི་བྲག་རྡོ་རུ་འཕུར་བཞིན་པའི་འདབ་ཆགས་གཅིག་དང་འབྲོང་དྲུག རི་མོ་མི་གསལ་བ་བཅུ་བདུན་ཡོད། དེའི་སྲིད་ལ་སྨི༢.༥༤(M)དང་།ཞེང་ལ་སྨི༢.༣༨(M)ཡོད།

བཅུ་གཅིག འབྲོང་གཉིས་ཅན་གྱི་བྲག་རྡོ་བར་མ།

  འབྲོང་གཉིས་ཅན་གྱི་བྲག་རྡོ་བར་མའི་སྲིད་ལ་ལི་སྨི༩༢(cm)དང་ཞེང་ལ་ལི་སྨི༨༠(cm)ཡོད། དེ་རུ་འབྲོང་གཉིས་དང་གང་ཡིན་གསལ་བོ་མིན་པའི་རི་མོ་གཅིག་ཡོད།

བཅུ་གཉིས། ངོས་འཛིན་དཀའ་བའི་རི་མོ་ལྔ་ཅན་གྱི་བྲག་རྡོ།

  ངོས་འཛིན་དཀའ་བའི་རི་མོ་ལྔ་ཅན་གྱི་བྲག་རྡོའི་སྲིད་ལ་སྨི༡.༣༠(M)དང་། ཞེང་ལ་ལི་སྨི༥༥(cm)ཡོད། དེའི་ངོས་སུ་རི་མོ་ལྔ་ཡོད་ཀྱང་ཅི་ཡིན་མི་གསལ།

བཅུ་གསུམ།  རི་དྭགས་གཅིག་ཅན་གྱི་བྲག་རྡོ།

  རི་དྭགས་གཅིག་ཅན་གྱི་བྲག་རྡོའི་ངོས་ཀྱི་རི་དྭགས་དེའི་ཟེ་ཁ་ནས་ལག་རྨིག་བར་ལ་ལི་སྨི༡༡(cm)དང་། རྣ་རྩེ་ནས་རྔ་མའི་བར་ལ་ལི་སྨི༡༠(cm)ཡོད། བལྟས་ཚོད་ཀྱིས་གླ་བ་ཞིག་ཡིན་པ་འདྲ།

བཅུ་བཞི།  རི་མོ་བཞི་ཅན་གྱི་བྲག་རྡོ།

  རི་མོ་བཞི་ཅན་གྱི་བྲག་རྡོའི་སྲིད་ལ་སྨི༡.༣༤(M)དང་། ཞེང་ལ་ལི་སྨི༣༣(cm)ཡོད། དེའི་ངོས་སུ་འབྲོང་གཉིས་དང་། ངོས་མི་ཟིན་པའི་རི་མོ་བཞི་ཡོད།

བཅོ་ལྔ།  ཤྭ་བ་གཉིས་ཅན་གྱི་བྲག་རྡོ།

  ཤྭ་བ་གཉིས་ཅན་གྱི་བྲག་རྡོའི་སྲིད་ལ་ལི་སྨི༥༥(cm)དང་། ཞེང་ལ་ལི་སྨི༤༨(cm)ཡོད། དེ་རུ་འབྲོང་གཅིག་དང་།ཤྭ་བ་གཉིས་ཀྱི་རི་མོ་ཡོད། ཤྭ་བའི་རྣ་རྩེ་ནས་ལག་རྨིག་བར་ལི་སྨི༡༣(cm)དང་། མཆུ་ནས་རྔ་མའི་བར་ལ་ལི་སྨི༡༥(cm)ཡོད།

བཅུ་དྲུག འབྲོང་གཉིས་ཅན་གྱི་བྲག་རྡོ་ཐ་མ།

  འབྲོང་གཉིས་ཅན་གྱི་བྲག་རྡོ་ཐ་མའི་སྲིད་ལ་ལི་སྨི༩༤(cm)དང་། ཞེང་ལ་ལི་སྨི༤༨(cm)ཡོད། དེའི་ངོས་སུ་འབྲོང་གཉིས་ཀྱི་རི་མོ་ཡོད།

བཅུ་བདུན། འབྲོང་གཉིས་དང་ཤྭ་བ་གཉིས་ཅན་གྱི་བྲག་རྡོ།

  འབྲོང་གཉིས་དང་ཤྭ་བ་གཉིས་ཅན་གྱི་བྲག་རྡོའི་སྲིད་ལ་སྨི་༡.༦༠(M)དང་།ཞེང་ལ་ལི་སྨི༦༥(cm)ཡོད། དེ་རུ་འབྲོང་རྒོད་གཉིས་དང་ཤྭ་བ་གཉིས། ངོས་མི་ཟིན་པའི་རི་མོ་གཉིས་ཀྱིས་གྲུབ།

བཅོ་བརྒྱད། གཙག་ཤུལ་ཅན་གྱི་བྲག་རྡོ་སྔ་ཕྱི།

  གཙག་ཤུལ་ཅན་གྱི་བྲག་རྡོ་སྔ་ཕྱིའི་ངོས་སུ་ཧ་ལམ་རི་མོ་བཅོ་བརྒྱད་ཙམ་ཡོད་ན་ཡང་ངོས་འཛིན་ཐུབ་པ་གཅིག་ཀྱང་མེད།

  གོང་གི་རྒྱུ་ཆ་དེ་དག་ལ་གཞིགས་ཏེ་སྨར་འཛི་རྡོ་གསུམ་གྱི་ས་བབ་དང་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོའི་ལོ་ཚད་སོགས་བསྡུར་བ་ཙམ་བྱས་ན་གནའ་མྱིའི་ཁ་དཔེར་ཀ་ཆེན་ན་བཀྲ་རྐྱང་གི་ས། ཙ་ཙིག་ཙོག་ལེ་རྒོ་ཡི་ས་ཟེར་བ་ལྟར། སྔོན་སྨར་རོལ་གྱི་མཐའ་སྔོན་རྫ་དང་། སྨར་གྱི་ཐོས་ཀིའི་རི། སྨར་ཐའི་ཞོ་ཆེན་ཁ། རྡོ་རོལ་གྱི་ལམ་ཆེན་དང་ལམ་ཆུང་། གཡག་མཁར། རྡོའི་མཚོ་ལུང་ཞེས་པའི་ནང་གི་འབྲོང་མགོ་ལུང་པ་སོགས་སུ་འབྲོང་རྭ་དང་འབྲོང་མགོ། འབྲོང་རུས་མང་པོ་མཐོང་རྒྱུ་ཡོད་ཚུལ་གནའ་མྱིའི་ངག་ན་གསལ་ཞིང་། སྨར་གྱི་རྟ་སྒ་དང་འབྲི་ངམ་ཁ་གསིང་། ན་རིང་གསིང་། སྨར་དང་འབྲིང་སོགས་ཀྱི་ཁ་ན་འབྲོང་གཤར་ལམ་དང་འབྲོང་བེའུ་བསྐུང་ལུང་ཡིན་ཟེར་སའང་མང་པོ་ཡོད་པ་མ་ཟད། འབྲོང་དཀར་མཐོང་བའི་གཏམ་རྒྱུད་དང་འབྲོང་རྔོན་པའི་ལོ་རྒྱུས་སོགས་ཡོད། ད་དུང་སྨར་རོལ་ལྕགས་རི་ཐང་གི་ཤར་དཔལ་འབྱོར་དར་རྒྱས་དགོན་པའི་འདུ་ཁང་གི་གྱང་རའི་འབྲོང་ཀོ་དང་། ཐེངས་འདིའི་གླེང་གཞི་གཙོ་བོ་སྨར་རོལ་ལྕགས་རྩེའི་གཡག་གི་བྲག་ངོས་སུ། གཙག་དོད་ཀྱི་རི་མོ་བརྒྱ་དང་ཞེ་གཉིས་ཙམ་མཐོང་དུ་ཡོད་པ་ལས། མང་ཤོས་མི་གསལ་བའི་རི་མོ་ཡིན། ངོས་འཛིན་དཀའ་བའི་རི་མོ་གྱ་བདུན་ཡོད། གཞན་རི་ཕག་འདྲ་བའི་རི་མོ་གཅིག གླང་ཆེན་འདྲ་བའི་རི་མོ་གཅིག གཅན་གཟན་ཁ་སྤྲོད་ཀྱི་རི་མོ་གཅིག འཕུར་བཞིན་པའི་འདབ་ཆགས་བཞི། གླ་བ་འདྲ་བའི་རི་མོ་གཅིག ཤྭ་བ་བཅུ་གསུམ། འབྲོང་སོ་གསུམ་ཙམ་གསལ་བས་རི་མོའི་བརྗོད་བྱ་གཙོ་བོ་འབྲོང་གིས་བཟུང་བ་ན། སྔོན་སྨར་རྡོ་ཁེ་གསུམ་གྱི་འབབ་ཡུལ་ན་རྐྱང་འབྲོང་མང་པོ་འཚོ་སྡོད་བྱས་ཡོད་པ་ཤེས་ཐུབ། སྨར་རོལ་གྱི་འགྲོ་བ་མིའི་མེས་པོ་དག་བྲག་དང་ཕུག་པར་གནས་བཅས་ཏེ་འབྲོང་ཤ་ཟོས་ནས་མི་ལོ་ངེས་ཅན་ཞིག་སོང་མཐར། ད་ལྟའི་མི་རུ་གྱུར་བ་ཐག་གིས་ཆོད། འདིར་བྲིས་པའི་བྲག་རིས་ལ་སྔ་ཕྱི་གཉིས་ཡོད་པ་ལ་གཞིགས་ན། མི་ལོ་ཆིག་ཁྲིའི་གཡས་གཡོན་སྨར་རོལ་ཁོག་ཏུ་ད་ལྟའི་མིའི་མི་རབས་སྔ་བ་དག་འཚོ་སྡོད་བྱས་པ་གསལ། དུས་བཞིའི་འགྱུར་ལྡོག་དང་གནམ་གཤིས་ཀྱི་དབང་གིས་བྲག་བརྐོས་རི་མོའི་གྲངས་ལ་ཁ་ཚོད་གཅོད་དཀའ། ཐེངས་གསུམ་ལ་ཉམས་ཞིབ་ཏུ་སོང་རྗེས་བྲག་རིས་བརྒྱ་དང་ཞེ་གཉིས་རྙེད།

  སྤྱིར་འཛམ་བུ་གླིང་གི་མིའི་རིགས་ཀྱི་ལོ་རྒྱུས་ཁག་ན་འགྲོ་བ་མིའི་རབས་ལ། ༡ སྤྲ་མིའི་རབས། ༢ འཇོན་མིའི་རབས། ༣ འགྲེང་མིའི་རབས། ༤ བློ་ལྡན་མིའི་རབས། ༥ དེང་མིའི་རབས། ༦ དེང་རབས་མིའི་རབས་ཏེ་རྩ་བའི་རབས་དྲུག་ཙམ་ཕྱེས་ནས་བཤད་ཡོད། 《འཛམ་གླིང་ལོ་རྒྱུས་སྤྱི་བཤད》ཅེས་པར་“གདོད་མའི་མི་ཡི་བློ་ནི་བྱིས་པའི་བློ་ལྟར་རི་མོ་དུ་མ་སྟར་ལ་བརྒྱུས་པའི་ཕྲེང་བ་ལྟ་བུ་ཡིན། གདོད་མའི་མིས་ཐོག་མར་སེམས་ལ་གཟུགས་རིས་ཤིག་དྲན་པར་བྱས་ནས། གཟུགས་རིས་དེ་དག་སེམས་ངོར་འཆར་བའི་ཚེ། དེས་ཀུན་སློང་བསྐྱེད་ནས་བྱ་བ་བྱེད་པ་”[⑥]རེད་ཅེས་འཁོད། དེ་ནི་བྲག་དང་ཕུག་པར་སྲོག་ལྡན་གཞན་གྱི་གཟུགས་རིས་འབྲི་བའི་དུས་ལ་ཟེར། འགྲོ་བ་མིས་ས་ཞིང་རྨོ་འདེབས་ཀྱི་དུས་རབས་ལ། 《འཛམ་གླིང་ལོ་རྒྱུས་སྤྱི་བཤད་》དུ་“སྤྱི་ལོའི་སྔོན་གྱི་ལོ་(BG)༡༥༠༠༠ནས་༡༢༠༠༠ལོའི་བར་དུ་ས་དབུས་རྒྱ་མཚོའི་འགྲམ་རྒྱུད་དུ་ས་རྒོད་ཞིང་དུ་རྨོས་ནས་ལོ་ཏོག་ཐོག་མར་བཏབ་པར་འདོད། སྤྱི་ལོའི་སྔོན་གྱི་ལོ་(BG)༡༢༠༠༠ནས་༡༥༠༠༠ཡས་མས་སུ་འཛམ་གླིང་གི་ཡུལ་དྲོ་ཞིང་ཆར་ཆུ་འཛོམས་ས་ཐམས་ཅད་དུ། རྡོ་ཆས་གསར་མའི་དུས་རབས་ཀྱི་ཤོག་སྡེའི་སྤྱི་ཚོགས་བྱུང་”[⑦]ཞེས་པ་དང་། སྤྱི་ལོའི་སྔོན་གྱི་ལོ་ (BG)༧༠༠༠ནས་༦༠༠༠ཙམ་ལ་ནེ་རོ་གཙང་བོ་དང་(尼罗河)གཙང་ཆེན་གཉིས་ཏེ་ཨེའུ་ཕ་ར་ཐེ་གཙང་པོ་དང་ཏི་ཀོ་ལ་སི་གཙང་པོའི(幼发拉底河) (底格里斯河)འབབ་ཡུལ་དུ་ཚོ་བ་ཤེས་རིག་གི་ཚད་མཉམ་པ་མང་དུ་བྱུང་ཞིང་། དེ་དག་ནི་ཨེ་ཅིའི་གནའ་བོའི་ཤེས་རིག་དང་།སུའུ་མེར་ཤེས་རིག་དར་མགོ་བརྩམ་པ་རེད།ད་དུང་མིའི་རིགས་ཀྱི་ལོ་རྒྱུས་ཁག་ཏུ་སྤྱི་ལོའི་སྔོན་གྱི་ལོ་(BG)༢༥༠༠ཡས་མས་སུ་ཆུ་བོ་གངྒའི་འགྲམ་དུ་ཤེས་རིག་དར་བ་མ་ཟད།སྤྱི་ལོའི་སྔོན་གྱི་ལོ་(BG)༢༡༠༠ཡི་གཡས་གཡོན་དུ་རྨ་ཆུའི་འགྲམ་དུ་ཤེས་རིག་དར་མགོ་ཚུགས་ཞེས་གྲགས། 《འཛམ་གླིང་ལོ་རྒྱུས་སྤྱི་བཤད》དུ་“སྤྱི་ལོའི་སྔོན་གྱི་ལོ(BG)༦༠༠༠ནས་སྤྱི་ལོའི་སྔོན་གྱི་(BG)༣༠༠༠ལོའི་རིང་ལ།མིའི་རིགས་ཀྱི་སྡོད་གནས་གཏན་ཆགས་བྱུང་།འབྲོག་པས་ཡུལ་ངེས་མེད་དུ་རུ་སྤོ་བའི་འཚོ་ཐབས་སྤངས་ཏེ།ཡུལ་གནས་ངེས་ཅན་དུ་གཏན་སྡོད་བྱས་ནས་འཚོ་བ་རོལ་ཅེས་འཁོད།”[⑧]《དམངས་སྲོལ་རིག་པའི་སྤྱི་དོན་》དུ་“ཉེ་རབས་གནའ་རྫས་རྟོག་དཔྱོད་ལས་བོད་ཡུལ་དུ་རྡོ་ཆས་གསར་མའི་རིག་གནས་ཀྱི་གནའ་ཤུལ་ཁག་ཅིག་རྙེད་ཡོད། ཆབ་མདོའི་ཁ་རུབ་གནའ་ཤུལ་དང་། ཉིང་ཁྲིའི་གནའ་ཤུལ། ཆོས་གོང་གྲོང་ཚོའི་གནའ་ཤུལ་བཅས་ལས་ལོ་ངོ་༤༠༠༠ནས་༥༠༠༠སྔ་རོལ་དུ་བོད་ཡུལ་གྱི་རྡོ་ཆས་བཟོ་རྩལ་དང་། རྫའི་རྒྱུ་ཆ། ཡོ་བྱད་གྱི་བཟོ་དབྱིབས་ཤེས་རྟོགས་བྱུང་”[⑨]ཞེས་འཁོད་པ་མ་ཟད། 《མིའི་རིགས་ལོ་རྒྱུས་སྙིང་བསྡུས》སུ་“ལ་སི་ཁོ་དོང་ཕུག (拉斯科洞穴) ཏུ་ཧ་ལམ་ལོ་ངོ་༡༥༠༠༠ནས་༢༠༠༠༠གོང་རོལ་གྱི་ལྡེབས་རིས་ནང་དོན་མི་གསལ་བ་ཞིག་བྱུང་”[⑩]ཞེས་འཁོད་ཡོད། གཞན་བོད་ཁུལ་གྱི་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི་ཆུ་བཟང་གྲོང་ཚོའི་མིའི་ལག་རྗེས་ལ།ལོ་ཆིག་འབུམ་དྲུག་ཁྲི་དགུ་སྟོང་ནས་ཉིས་འབུམ་ཉིས་ཁྲི་དྲུག་སྟོང་བར་གྱི་ལོ་རྒྱུས་ཡོད་པ་དང་།བོད་ལྗོངས་དིང་རི་རྫོང་གི་ཉ་འབྲུག་འགྱུར་རྡོ་དེའི་ལོ་ཚད་ནི་དུང་ཕྱུར་གཉིས་ནས་དུང་ཕྱུར་གསུམ་གྱི་ཚད་ལ་ངོས་འཛིན་གནང་།གཞན་མདོ་སྨད་ཀན་ལྷོ་བསང་ཆུ་རྒན་གྱའི་བྲག་དཀར་ནས་རྙེད་པའི་ཏན་ཉི་སོ་བ་མིའི་འགྱུར་རྡོ་ལ་ལོ་ཆིག་འབུམ་ཉིས་ཁྲི་ནས་ཆིག་འབུམ་དྲུག་ཁྲིའི་བར་གྱི་ལོ་རྒྱུས་ཡོད། གོང་གི་བྲག་རིས་ཀྱི་ལོ་ཚད་རིག་དངོས་འདི་དག་དང་གཤིབ་བསྡུར་ཞིག་བྱས་པ་ཡིན་ན། སྨར་རོལ་ལྕགས་རྩེའི་བྲག་བརྐོས་རི་མོ་དེའི་སྔ་ཕྱི་གཉིས་ལའང་ལོ་ལྔ་སྟོང་ནས་ཆིག་ཁྲི་ཡས་མས་ཀྱི་ལོ་རྒྱུས་ལྡན་པར་འདོད། རྨ་ཆུའི་རྒྱུད་ཀྱི་རྒྱ་ནག་གི་ལོ་རྒྱུས་ལྟར་ན། 《ཀྲུང་གོ་སྤྱི་བཤད》ཅེས་པར“དེ་སྔ་ང་ཚོས་གོམས་འདྲིས་ལྟར་ལོ་ངོ་ལྔ་སྟོང་གི་ཤེས་རིག་ལོ་རྒྱུས་ཞེས་ཟེར་བ་དང་།དེ་ནི་མ་རྒྱུད་སྤྱི་ཚོགས་ལས་ཕ་རྒྱུད་རུས་རྒྱུད་སྤྱི་ཚོགས་ཀྱི་ཤོད་རྒྱུན་ནང་གི་གོང་མ་ཡའོ་དང་ཧྲུན་ཞུ་བ་ལས་འགོ་ཚུགས”[11]ཞེས་པ་ཡིས། གཙང་བོ་ཀུན་གྱི་མགོ་ཁུངས་སུ་གྱུར་བའི་བོད་ཡུལ་ལུང་པ་རུ། མིའི་རིགས་སྔ་མོ་ནས་གནས་སྡོད་བྱས་མྱོང་ཡོད་པ་མ་ཟད། མི་རིགས་གཞན་དག་དང་འདྲ་བར་ཤེས་རིག་ཀྱང་གང་ལ་གང་འཚམ་དར་ཡོད་པ་གདོན་མི་ཟ་བ་ཞིག་རེད། འཛམ་གླིང་ན་སྐད་གྲགས་ཆོད་པའི་མིའི་རིགས་ཀྱི་ཤེས་རིག་ཐོག་མར་གཙང་འགྲམ་ནས་བྱུང་བ་ཡིན་ཞེས་རྩོད་མེད་དུ་གླེང་བ་དེའང་། བོད་ཡུལ་གྱི་ཁ་འབབ་རྣམས་བཞི་དང་། རྨ་འབྲི་རྫ་གསུམ་གྱི་རྒྱུན་ལ་ངོས་འཛིན་གནང་བཞིན་འདུག འཛམ་གླིང་ན་སྙན་པ་འབར་བའི་བོད་ཀྱི་གཙང་ཆེན་རྨ་འབྲི་རྫ་གསུམ་གྱི་སྨད་རྒྱུད་དང་ཁ་འབབ་རྣམས་བཞིའི་འབབ་ཡུལ་ནས་འགྲོ་བ་མིའི་ཤེས་རིག་དར་རྒྱས་བྱུང་བ་དེས། གཙང་བོའི་མགོ་ཁུངས་སམ་སྟོད་རྒྱུད་ཀྱི་ཡར་ལུང་གཙང་བོ་དང་། རྨ་ཆུ། འབྲི་ཆུ། རྫ་ཆུ། ལྷོ་རྒྱལ་མོ་རྔུལ་ཆུ། ཤར་རྒྱལ་མོ་རྔུལ་ཆུ།མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཚྭ་མཚོ། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ། སྐྱ་རེངས་སྔོ་རེངས། ངང་ལ་རིང་མོ། གནའ་བོའི་ཞང་ཞུང་གི་ཡུལ་གྲུ་སྟེ་ཁ་འབབ་རྣམས་བཞིའི་འབབ་ཡུལ་སོགས་གངས་འདབས་དང་མཚོ་ཆེན་ཁག་གི་རྒྱུད་དུ། འགྲོ་བ་མིས་རྐང་རྗེས་དཔར་མྱོང་བ་མ་ཟད། གང་འཚམ་གྱི་ཤེས་རིག་དར་ཡོད་པ་དཔག་ཐུབ། འགོས་ལོ་གཞོན་ནུ་དཔལ་གྱིས་བོད་ཡུལ་འདི་གནའ་བོའི་རྒྱ་གར་དང་འདྲ་བར་བསྐལ་བ་ཆགས་པ་ནས་མི་ལ་སོགས་པ་བྱུང་བར་ལུང་རིགས་གང་གིས་ཀྱང་གནོད་པ་མེད་ཅེས་བཞེད་པ་བཞིན་ས་གཤིས་དང་སྟོད་སྨད་ཀྱི་གཙང་པོའི་འབབ་རྒྱུན་གང་ལ་བལྟས་ན། སྤྱིར་ད་སྐབས་འཛམ་བུ་གླིང་དུ་ཧྥེ་གླིང་ལྷོ་མའི་གནའ་བོའི་སྤྲ་མི་ནི་མིའི་རིགས་ཀྱི་ཡང་མེས་ལ་འདོད་ཀྱིན་ཡོད་ཀྱང་། ལོ་འདི་དག་གི་ནང་དུ་གསར་རྙེད་བྱུང་བའི་བོད་ཡུལ་གྱི་རིག་དངོས་ལ་གཞིགས་ན་འཛམ་གླིང་གི་མིའི་འབྱུང་ཁུངས་ད་རུང་འཚོལ་དགོས་པ་འདྲའོ། །

དཔྱད་གཞིའི་ཡིག་ཚང་།

འཛམ་གླིང་ལོ་རྒྱུས་སྤྱི་བཤད། ཝེ་འོལ་སིས་བརྩམས། འཇམ་དབྱངས་བཀྲ་ཤིས་ཀྱིས་བསྒྱུར། ༢༠༡༩ ལོའི་ཟླ་༡༡ པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར།
དམངས་སྲོལ་རིག་པའི་སྤྱི་དོན། གཅན་བཀྲ་བྷོ། ༢༠༢༠ ལོའི་ཟླ་༩པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར།
མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས། ཡུ་བལ་ནོ་ཨ་ཧཱ་ར་རཱིས་བརྩམས། མགོན་པོ་དོན་འགྲུབ་དང་ཚེ་རིང་སྒྲོལ་མས་བསྒྱུར། ༢༠༢༢ ལོའི་ཟླ་༣ པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བཀྲམ།
འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་། world history མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཀྲུང་གོ་སྤྱི་བཤད། སུའུ་ཧྲུའི་དབྱང་གིས་བརྩམས། ལྷག་པས་བསྒྱུར། ༢༠༡༡ ལོའི་ཟླ་༡ པོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
འཛམ་གླིང་ལོ་རྒྱུས། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་བོད་ཡིག་དཔར་མ།༢༠༡༩ ལོའི་ཟླ་༧ པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཀྲུང་གོའི་ལོ་རྒྱུས། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་བོད་ཡིག་དཔར་མ། ༢༠༡༩ ལོའི་ཟླ་༧ པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
འཛམ་གླིང་རྒྱས་བཤད། བཙན་པོ་སྐུ་ཕྲེང་བཞི་བ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༤ པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། བསོད་ནམས་སྐྱིད་ཀྱིས་མཆན་འགྲེལ་བྱས། སྤྱི་ལོ་ ༡༩༨༤ ལོའི་ཟླ་༢ པར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
འཛམ་གླིང་ལོ་རྒྱུས། ཤེས་བྱ་དྲིས་བརྒྱ་བ། སྤྱི་ལོ་ ༢༠༡༥ ལོའི་ཟླ་བཅུ་གཉིས་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར། ༡༩༨༨ ལོའི་ཟླ ༣ པར་དཔར་གཞི་དང་པོ་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལེགས་ཕྲེང་། མི་རིགས་དཔེ་སྐྲུན་ཁང་། ༢༠༢༣ལོ།

[①] དཔའ་བོ་གཙུག་ལེགས་ཕྲེང་། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༢༣ལོ། ཤོག་གྲངས་༨༡ལ་གསལ།
[②] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོ་ཟླ༢པར ཤོག་གྲངས་༡༣༣ལ་གསལ།
[③] བཙན་པོ་བསྟན་འཛིན་འཕྲིན་ལས། འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་གྲངས་༡༦༣ལ་གསལ།
[④] དཔའ་བོ་གཙུག་ལེགས་ཕྲེང་། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༢༣ལོ། ཤོག་གྲངས་༨༡ལ་གསལ།
[⑤] དཔའ་བོ་གཙུག་ལེགས་ཕྲེང་། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༢༣ལོ། ཤོག་གྲངས་༨༡ལ་གསལ།
[⑥] ཝེ་འོལ་སིས་བརྩམས། འཇམ་དབྱངས་བཀྲ་ཤིས་ཀྱིས་བསྒྱུར། འཛམ་གླིང་ལོ་རྒྱུས་སྤྱི་བཤད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༢༢ལོ་ཟླ༤ ཤོག་ངོས༥༡ལ་གསལ།
[⑦] ཝེ་འོལ་སིས་བརྩམས། འཇམ་དབྱངས་བཀྲ་ཤིས་ཀྱིས་བསྒྱུར། འཛམ་གླིང་ལོ་རྒྱུས་སྤྱི་བཤད།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༢༢ལོ་ཟླ༤ ཤོག་ངོས༥༦ལ་གསལ།
[⑧] ཝེ་འོལ་སིས་བརྩམས། འཇམ་དབྱངས་བཀྲ་ཤིས་ཀྱིས་བསྒྱུར། འཛམ་གླིང་ལོ་རྒྱུས་སྤྱི་བཤད།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༢༢ལོ་ཟླ༤ ཤོག་ངོས༧༢ལ་གསལ།
[⑨] གཅན་ཚ་བཀྲ་བྷོས་མཛད། དམངས་སྲོལ་རིག་པའི་སྤྱི་དོན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༢༠ལོའིཟླ༩ཤོག་ངོས༡༡༡ལ་གསལ།
[⑩] ཡུ་བལ་ནོ་ཨ་ཧཱ་ར་རཱིས་མཛད། མགོན་པོ་དོན་གྲུབ་དང་ཚེ་རིང་སྒྲོལ་མས་བསྒྱུར། མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༢༢ལོ་ཟླ ཤོག་ངོས༧༦ལ་གསལ།
[11] སུའུ་ཧྲུའུ་དབྱང་གིས་བརྩམས། ལྷག་པས་བསྒྱུར། ཀྲུང་གོ་སྤྱི་བཤད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོའི་ཟླ་༡དཔར་ཐེངས་དང་པོ། ཤོག་ངོས༡༡༣

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྨར་རོལ་ལྕགས་རྩེའི་བྲག་བརྐོས་རི་མོ།

2026-04-26 ཧོར་བུ་ཀར་བསམ། ཐི་གུ།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།