་་་་་་ཁྱོད་་་་་་་
འདུ་འཛོམས་ཀྱི་སྤྲོ་དགའ་རེ་རེ་ལས་གྱེས་བྲལ་གྱི་ན་བུན་ཆུམ་ཆུམ་འཐིབས་དུས། དབུགས་རྒྱུན་རྔུབ་ཁག་པའི་ཚོར་འདུ་ཡི་སྨུག་པས་ཡིད་དབང་སྦྲིད་ཐོམ་དུ་གྱུར་ཅིང་། བློས་མི་ཐོངས་པའི་སྣང་བ་མི་གཟད་དྲག་ཏུ་འབབ་པའི་རྦབ་ཆུའོ། ཆུ་མགོ་གངས་དང་ཆུ་རྔ་རྒྱ་མཚོར་འདྲེས་པའི་བཞུར་རྒྱུན་གྱི་ཟེགས་མ་ལང་ཚོའི་ཕང་བར་ཟིམ་ཟིམ་ཐོར་ཚེ། སྙི་ཞིང་གཉོམ་ལ་ནེམ་ཤིག་ཤིག་གི་ནེའུ་གསེང་དེར་འཇིངས་ལ་ཉེ་བའི་ཁྱོད་རང་། ཆོག་ཤེས་དང་ཉེ་བར་བཅར་ཏེ་བདག་འཛིན་གྱི་མིག་ཀོང་ལས་དལ་གྱིས་ཡལ། ཆུ་རླུང་བསིལ་མོ་ཕྱོགས་བཞིར་ལྡང་དུས། ཁོ་མོས་རྟག་བརྟན་ཏུ་འདོད་པའི་བརྩེ་བའམ། སེམས་པ་གང་ལ་སྒྲོམ་གཞི་གསར་བ་ཞིག་བསླངས།
བརྩེ་བའི་འདབ་མས་དྲན་གདུང་གི་རི་བོ་རལ་བ་ནི་འབྱུང་བཞི་ནད་ཀྱི་ཟུག་རྔུ་སྟེ། འཆི་མེད་ཚེ་ཡི་དངོས་གྲུབ་མ་རྙེད་ན། གཟེར་ཟུག་དེ་འཇོམས་ཐབས་མེད། ལག་ཆུང་གི་སོར་མོས་མཐེབ་གཞོང་སྒུལ་གྱིན། བརྗོད་འདོད་ནག་ཆུང་ཡི་གེའི་གཟུགས་སུ་བཀོད། ལུས་རྟེན་མི་གཅིག་པའི་ཁྱོད་དང་ཁོ་མོ་འཇིག་རྟེན་གྱི་གྲུ་ཟུར་ན་མངོན་ཆུང་གིས་འཚོ་དུས། ཕོ་མོའི་འདོད་རྩེ་ཡི་སླད་དུ་མིན་ལ། ན་ཆུང་དགའ་བའི་དགའ་སྟོན་གྱི་དཔལ་དུ་ཡང་མིན་པར། དུས་ཀྱི་འགྱུར་བག་དང་འཚོ་བའི་གཡོ་སྐྱོམ་ལ་བརྟེན་ནས། འཁོར་བའི་མཚོ་མོར་མཉམ་ཞུགས་ཀྱི་སྐལ་བ་ལྡན། ཐ་དད་ཕུང་བོ་ལུས་དང་གྲིབ་མའི་ཟླ་ལ་གནས་པ་འཇིག་རྟེན་བྱེད་པོས་མ་ཡིན་ཀྱང་། ཞེ་སྣང་ཨ་ལོང་ཆ་འགྲིག་ནི་འདོད་ལྷའི་འཕྲུལ་ཏུ་བཏབ་པ་ལགས། འཁོར་བའི་ལམ་ཕྲན་དུ་ལས་ཀྱིས་བསྐོས་པར་གྱུར་ན། བགོ་སྐལ་འདི་སུས་ཀྱང་ལྡོག་ཏུ་ཡོད་མ་ནུས། ཤ་ཁྲག་ཕུང་བོས་གྲུབ་པའི་བརྩེ་དུང་གི་སྙིང་བཅུད། ས་འཛིན་རི་བོའི་ཡང་སྟེང་དུ་འཕོས་དུས། སྙིང་གསོན་པོའི་རྒྱུ་ལམ་ལ་ས་བོན་བཞིན་བསྐྱེད་ཅིང་། ཁེར་འབྱར་གྱི་བརྩེ་དུང་ལ་གོང་བུ་སྣ་མང་སྐྱེ་བའི་བདེན་ཁ་གསལ།
ཁུ་བྱུག་གི་གསུང་སྐད་ཐོས་པ་མིན་ཚེ། མཛེས་སྡུག་གི་དབྱར་གཞུང་ལ་ཞེ་འདང་ཆགས་དོན་མེད་ལ། དགའ་སྐྱིད་དབྱངས་ཀྱི་རོལ་མོ་ཡང་འཁྲོལ་དོན་མེད། ལོ་ཟླའི་ཉིན་ཞག་རེ་རེ། དུས་ཀྱི་སྐར་མདའི་དབང་དུ་ཚུད་དེ། འགྲོས་སྙོམས་པོས་བཞུར་སྐབས། དབྱར་གཞུང་ལ་འཁྲེང་བ་དག གནས་དེའི་བག་བྲོ་བའི་ཡུལ་ལྗོངས་ལ་སེམས་པ་གླན་ཏེ། སྣོད་བཅུད་ཁམས་ལ་ཐིམ། འདོད་ལྡན་སྐྱེ་བོ་དག དབྱར་གྱི་དུས་ཚིགས་འདིར་མོས་པར་ཅི་ཁག་སྟེ། རྩི་ཤིང་གི་ཡལ་གར་གནས་ཚང་བཅའ་བའི་བྱེའུ་ཟུང་། ཆགས་མདངས་ཆགས་མདངས་ཀྱིས་སྐྱེད་ཚལ་གྱི་དོ་རར་འཁྲི་ཤིང་བཞིན་གར་གྱིས་རྩེན། ཏག་ཏག་སྣང་བའི་རི་མོ་ས་ལ་བབས་པའི་སྐད་ཅིག་མར། འདོད་སྲེད་ཀྱི་ཡོ་ལང་རྒྱས་པའི་སྤྲིན་ཕུང་དེས་ཕུང་བོ་ཡོད་ཚད་བཏུམ་ཞིང་། ལུས་ཀྱི་སྤུ་ལོང་རེ་རེ་ཚ་བའི་རླབས་ཀྱིས་སྐྱོམ། ཚོར་བའི་རླབས་གན་འདའ་ནས་འཕྱུར་རམ་ཕུ་ནས་འཁྲིགས། རླབས་རྩེ་ན་སྐྱོད་ཀྱིན་པ་སུ་ཞིག་གི་རེག་བྱ་ལས་མཆེད་པའི་བདེ་བའམ། དུངས་པ་ཡིས་སྒུལ་བའི་འདོད་པ་ཡིན།
འོད་དཀར་ཅན་གྱི་འཕེལ་འགྲིབ་ནི་ཟླ་རེའི་འཁོར་ཕྱོགས་སུ་ངེས་ན་ཡང་། འདུ་བྲལ་གྱི་ཆུ་འཛིན་ཕྲེང་བས་སྐར་ཚོགས་འཛིན་པ་བཞིན། སྲོག་ཀྱང་ལེན་ངེས་པའི་འདོད་རྔམ་གྱི་འོབས་དོང་ལ་རེ་སྨོན་ཡང་ཡང་འཆང་ག་ལ་འོས། འོས་མིན་ཏེ་སེམས་པའི་གཏིང་རུམ་དུ་ཟུག་པའི་ཞེན་ཆགས་དེར་ཆོག་ཤེས་མེད་ལ། ཧམ་པའི་སྒྱེ་སྟོང་ལྷབ་ལྷུབ་གཡུག་ན། རང་དབང་མེད་པའི་ལུས་སེམས་ཀྱི་འདོད་པ་ཐ་དག་མཐུ་ནུས་ཅི་ལ་བརྟེན་ནས་གང་ལ་དབོར། འདོད་པའི་དཔལ་ལ་རོལ་བ་ཡོད་ཚད་ཞེ་མཐུན་ཡིན་པར་མ་སྣང་མོད། ཆགས་པའི་བདེ་བ་ལས་སེམས་ཀྱི་བདེ་བ་གཙོ་བོར་འཛིན་པའི་ལུགས་ལ་དགག་ལན་བཀྲི་ཐབས་མ་བྱུང་།
འགྱུར་བག་རྒོད་པའི་དུས་བཞིའི་དྲོད་གྲང་ལ་གཏད་སོ་མེད་དེ། དབྱར་དགུན་སྟོན་དཔྱིད་ཀྱི་དྲོ་འཁྱག་བརྒྱུད། ཕྱི་ལ་འཁོར་བའི་འཆིང་ཞགས་དམ་པོས་བསྡམས། ནང་ལ་འཚོ་བའི་ལོངས་སྤྱོད་ཀྱི་གོད་ཆགས་འབྱུང་ངེས་མོད། འགྱུར་ལྡོག་གི་ལུགས་ལ་ཤེས་པ་ཉམས་པའི་ཁྱོད་དང་ཁོ་མོས་དབྱར་ཀྱི་བདེ་སྐྱིད་ལ་རེ་བ་ལྷག་མ་བཅོལ། དལ་འབབ་ཆུ་ལ་བརྩེ་བའི་ཞགས་པ་བཅིངས། ཉི་ཟླའི་འཆར་ནུབ་ལ་དུངས་པའི་གུར་ཁང་ཕིབས། མཚན་མོའི་མུན་པ་རུ་དྲན་པའི་གདུང་བ་སྐུངས་ཏེ་ལྷིང་འཇགས་དང་བབ་ཆགས་འཚོ་བ་ཞིག་སྐྱེལ་མུས་སུ་འདོད་ཀྱང་། རྔམ་ཚ་བའི་ཚོར་བ་གློག་ལྟར་འཁྱུག་ན། ཁོ་མོའི་རང་དབང་ལ་མི་ཡོང་བའི། རྟུལ་ཀྱང་མི་ནུས་པའི། སྣང་བའི་རྒོད་པོ་ལན་ཆགས་དེ། ཁྱོད་ཕྱོགས་སུ་ལན་མང་རྒྱུ་འགྲོ། བང་གིས་སྐྱོད་པའི་རྟ་ཁ་བསྐྱར་བསྐྱར་དཀྱུ་བ་ལ་དོན་སྙིང་ཆེར་མ་མཆིས་མོད། འབད་པའི་འབྲས་བུར་མྱུ་གུ་སྔོན་པོ་སྐྱེ་བ་ཡང་མ་ཡིན་ཏེ། གཟུགས་བརྙན་ཆ་ཡོད་ཅིག་ནག་ཡོར་ཡོར་འགུལ་ཚེ། འཛུམ་ཞལ་ཡལ་མེད་ཅིག་གསལ་ལམ་ལམ་འཆར་ན། གསུང་སྐད་རྒྱུས་ཡོད་ཅིག་སྙན་ཀྱུག་ཀྱུག་ཐོས་ཚེ། ལག་ཟུང་འཇམ་པོ་ཞིག་དྲོ་ཤིག་ཤིག་བསྲིང་ན། འཁྲུལ་སྣང་དེ། ཆགས་ཞེན་གང་། སྣང་བ་ཟ་ཟིའི་འདུ་འགོད་ལ་མེ་སྟག་བཞིན་མཆེད་ཡོང་། འོད་འཕྲོ་བའི་དྲན་གདུང་གི་ཟེར་མ་མོད་པོ་བང་རིམ་ནས་དྲག་ཏུ་འཕྱུར་དུས། ཡིད་འོང་ཚེ་ཡི་དྲན་ཤིང་ལ་བརྒྱུས་པའི་ཁོ་མོ་གསེར་ཞུན་བཞུ་བའི་རང་བྱུང་གི་མེ་ཏོག་ཏུ་གྱུར།
དྲན་གདུང་གི་སྨྱུག་ཁ་ནང་ལ་བསྐོར་ཐེངས་རེར། ཁོ་མོ་འདི་ལྟར་བརྩེ་བའི་མཚོ་མོར་བྱིངས་ལ། ཁྱོད་དང་འབྲེལ་བའི་ཁ་སང་གི་གཏམ་རྒྱུད་ལ་དབུ་ཁྱུད་བྲི་བར་མོས། །
༢༠༢༦ལོའི་ཟླ་༢པའི་ཚེས༦ཉིན་བྲིས།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

