གཅན་གཟན་དོམ་གྱི་ཤེས་བྱ་ཟ་ཟི་ཙམ་བཤད་པ་བཞུགས།
བོད་ཀྱི་ཡུལ་འདིར་ཆེས་སྔ་མོ་ནས་གཅན་གཟན་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་། འདབ་ཆགས་བྱ་རིགས་སྣ་ཚོགས་སྐད་སྙན་ཀྱ་ཀྱུར་སྒྲོག་པ་དང་། འབའ་འབུ་སྲོག་ཆགས་སྣ་ཚོགས་བགྲང་གིས་མི་ལངས་པར་ཡོད། དེ་ལས་གཅན་གཟན་དང་རི་དྭགས་རྣམས་ནགས་ཤིང་མཐུག་ས་དང་། རི་ལུང་སྟོངས་པ་དག་ཏུ་གནས།
གཅན་གཟན་དང་རི་དྭགས་ཀྱི་ཁྱད་པར་ནི། ཤ་རིགས་གཟན་དུ་བྱེད་པ་ལ་གཅན་གཟན་དང་། རྩྭ་རིགས་གཟན་དུ་བྱེད་པ་ལ་རི་དྭགས་ཀྱང་གསུངས་ལ། ཡང་ཡིག་ཆ་འགའ་རེར། ཆུ་ལྕེས་འབྱོག་པ་ལ་གཅན་གཟན་དང་། ཆུ་མཆུས་འཐུང་བ་ལ་རི་དྭགས་དང་། ཡང་ན། སྡེར་མོ་ཅན་ལ་གཅན་གཟན་དང་། རྨིག་པ་ཅན་ལ་རི་དྭགས་ཀྱི་ཐ་སྙད་བྱེད། བོད་པ་རྣམས་ཀྱིས་རྟ་གཡག་དྲེལ་དང་རྔ་མོང་ཁྱི་སོགས་བདག་ཏུ་བཟུང་པ་རྣམས་ལ་སྒོ་ཟོག་སེམས་ཅན་དང་། སྟག་གཟུག་དོམ་དང་ཤ་གླ་རྒོ་སོགས་བདག་ཏུ་མ་བཟུང་པ་རྣམས་ལ་གཅན་གཟན་དང་རི་དྭགས་སུ་འབོད་དོ།།དེ་ལས་གཅན་གཟན་རི་དྭགས་ཀྱི་ཚོགས་ལ། སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། སེང་གེ་དང་། སྤྱང་ཀི་དང་། ཝ་དང་། གསའ་དང་། གཡི་དང་། འཕར་བ་དང་། གྲུམ་པ་དང་། སྲེ་མོང་དང་། ཨོག་དཀར་དང་། འབྲོང་དང་། གཙོད་དང་།གཉན་དང་། རྐྱང་དང་། རྒོ་བ་དང་། ཤ་བ་དང་། གནའ་བ་སོགས་ཡོད་དོ། །
དེ་དག་ལས་གཅན་གཟན་དོམ་ནི། 《ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས》ཞེས་པར། དཔའ་ཞྀང་རྩལ་དབྱུང་བ་ནྀ་། སྟག་དང་གུང་དང་དོམ་དང་དྲེད་དང་འདྲ་བར་། བྱ་དགོས་སོ། །ཞེས་དང་། བོན་གྱི་ཡི་གེ《སྲིད་པ་རྒྱུད་ཀྱི་ཁ་བྱང》དུ། ཡང་ཁྲི་སྲོང་སྡེ་བཙན་ཞལ་ན་རེ། བན་བོན་ཤགས་ཁ་བཀྱེ་བ་ལ། བདེན་རྫུན་རྫུ་འཕྲུལ་གང་ཆེ་ལྟོས། བན་བོན་ལན་གཅིག་རྩལ་འགྲན་ཟེར། དེར་རྫུ་འཕྲུལ་རྩལ་རྣམས་འགྲན་པ་ལ། ཞེས་དང་། བླང་གཙུག་ཏོར་རིན་ཆེན་གྱིས། ཤ་རྐྱང་གཙོས་སྒོ་གཡུང་དུ་བཏུལ། ཁྱུང་བོ་སྟག་སྒྲ་དོན་ཙུག་གིས་སྟག་གཟིག་དོམ་དྲེད་སྒོ་ཁྱི་རུ་བསྐོར་རོ། །ཞེས་བྱུང་། གཞན་ཡང་བོན་གྱི་ཡི་གེ《མདོ་དྲི་མེད་གཟི་བརྗིད》 དུ། ནགས་ཚལ་གྱི་ཕྱོགས་མཚམས་ནས། གཅན་གཟན་གྱི་རིགས་མང་པོ་བྱུང་ངོ་། །ཤ་ཟན་སྟག་མོ་བྱུང་ངོ་། །གཟིག་ཆེན་ཐིག་ལེ་བྱུང་ངོ་། །ཝ་ཆེན་གུང་རྒོད་བྱུང་ངོ་། །གངས་དབྱི་དཀར་པོ་བྱུང་ངོ་། །གསའ་རྒོད་རྔམ་པ་བྱུང་ངོ་། །ཕར་རྐྱང་མང་པོ་བྱུང་ངོ་། །དོམ་དྲེད་མང་པོ་བྱུང་ངོ་། །ལྕེ་སྤྱང་མང་པོ་བྱུང་ངོ་། །གདུག་པའི་ཝ་མོ་བྱུང་ངོ་། །འཇུག་རྐྱེན་བྱི་ལ་བྱུང་ངོ་། །གཅན་གཟན་འཁྲོ་བ་བྱུང་ངོ་། །སྲམ་ཆེན་གོང་དངུལ་བྱུང་ངོ་། །པྲེ་མོང་འོལ་ལྕམ་བྱུང་ངོ་། །ཞེས་སོགས་གཅན་གཟན་དོམ་གྱི་ཐ་སྙད་མང་དུ་འབྱུང་ལ། འདི་དག་ནི་ད་ལྟ་མཐོང་དུ་ཡོད་པའི་བོད་ཡིག་གི་དཔེ་དག་ལས་གཅན་གཟན་དོམ་གྱི་ཐ་སྙད་བྱུང་སྔ་ཤོས་སུ་རང་གིས་འདོད། གཞན་ཡང་འདུལ་དཔེ་འགའ་རེར། དགེ་སློང་གཞན་ཞིག་ལ་རྔོན་པ་ཞིག་དད་པར་གྱུར་ནས། རྔོན་པ་དེས་དོམ་ལྤགས་ཤིག་རྙེད་པ་དགེ་སློང་དེ་ལ་ཕུལ་བ་དང་དེས་མ་བླངས་སོ། །ཞེས་དང་། བླངས་ནས་དྲི་གཙང་ཁང་གི་སྒོ་འམ། རྐང་པའི་འོག་ཏུ་གདིང་བར་བྱ་སྟེ། དོམ་ལྤགས་ཐམས་ཅད་ནི་མིག་ལ་ཕན་ནོ། །ཞེས་བྱུང་།
འགའ་རེས་དྲེད་དང་དོམ་གཉིས་གཅན་གཟན་རིགས་གཅིག་ལ་གོ་བར་སྨྲ་ཡང་། གོང་གི་ཏུན་ཧོང་ཡིག་རྙིང་དུའང་དོམ་དང་དྲེད་དང་ཞེས་ཁ་ཁར་བྱུང་ཞིང་། 《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས》སུའང་། གཅན་གཟན་གཏུམ་པོ་དོམ་ལ་སྟེ། །རི་དྭགས་ཟ་བ་དྲེད་ཀྱི་མིང་། །ཞེས་ཐ་སྙད་སོ་སོར་བྱེད་པས། འདི་གཉིས་གཅན་གཟན་གཅིག་ཏུ་བཤད་པ་ནི་རང་བཟོ་གཟུ་ལུམ་གྱི་གཏམ་ཁོ་ནར་སེམས། ཤར་པའམ་ཟུང་ཆུ་པ་རྣམས་ཀྱིས། དྲེད་མོང་སོག་དཀར་མཐོང་ན་ཚགས་ཆུ་འཚོག །དྲེད་མོང་དམར་ངོ་མཐོང་ན་རྨ་དཀྲིས་འཚོག །ཅེས་གཅན་གཟན་དོམ་ལ་དྲེད་མོང་སོག་དཀར་ཞེས་འབོད་པ་ཚོར་ཡང་། དེ་ཙམ་གྱིས་གཉིས་པོ་གཅན་གཟན་གཅིག་ཏུ་འདོད་པར་མི་བྱའོ།།མི་རིགས་སོ་སོས་སྲོག་ཆགས་ལ་རིགས་དགར་ཚུལ་ཡང་མི་འདྲ་སྟེ། དཔེར་ན།བོད་པ་རྣམས་ཀྱིས་ལུག་དང་། ར་མ་དང་། རྒོ་བ་དང་། གཙོད་དང་། གནའ་བ་དང་། གཉན་ཞེས་ཐ་སྙད་སོ་སོར་བྱེད་ལ། དོན་ལའང་སེམས་ཅན་སོ་སོར་སྣང་ཡང་། རྒྱ་ཡིག་ཏུ་ལུག་ལ་དབྱང་(羊)དང་། ར་མ་ལ་ཧྲན་དབྱང(山羊)དང་། གཙོད་ལ་ལིན་དབྱང་(羚羊)དང་། གནའ་བ་ལ་ཡན་དབྱང་(岩羊)དང་། རྒོ་བ་ལ་ཧོང་དབྱང་(黄羊)དང་། གཉན་ལ་ཕན་དབྱང་(盘羊)ཞེས་ཀུན་ལ་དབྱང་(羊)སྟེ་ལུག་གི་ཐ་སྙད་བྱེད་ཀྱང་། དེ་ཙམ་གྱིས་འདི་དག་སེམས་ཅན་གཅིག་ཏུ་འདོད་མི་རུང་བ་ལྟ་བུའོ། །
དོམ་གྱི་མིང་གི་རྣམ་གྲངས་ལ། གཅན་གཟན་གཏུམ་པོ་དང་། སྡིག་པའི་ལྟོ་ཅན་དང་། ཕུག་ཉལ་དང་། མིག་སྨན་ལུས་ཅན་དང་། རབ་དཀར་སྙིང་བཅས་ཡོད་པར་གསུངས་ལ། རབ་དཀར་སྙིང་ཞེས་གསུངས་དོན་ནི་ཁ་དཔེར། བྱ་དཀར་དཀར་མཇུག་མ་ནག །དོམ་ནག་ནག་བྲང་ཁ་དཀར། །ཞེས་དོམ་ནག་ནག་གི་བྲང་ཁ་དཀར་པོ་ཡིན་པ་ལ་བྱེད། དོམ་ལ་དོམ་ནག་དང་། དོམ་ཁྲ་དང་། བྱི་ལ་དོམ་མམ་ཝོབ་དང་། དོམ་ཝན་ཞོང་སོགས་ཡོད་པ་གཞན་དག་བཤད་དོ། །
དེ་ལས་དོམ་ནག་ནི་དཔེར་ན། དོམ་ནག་སྨྱོན་པ་ཐུག་ན་ལམ་མི་གཟུར། །ཤཱཀྱ་ཐུབ་པ་ཐུག་ན་ཞྭ་མི་འཕུད། །ཅེས་པ་ལྟར་རང་བཞིན་གཏུམ་ལ་རྒོད་ཁར་ལུས་བོངས་ཆེ་བ་དང་། མཇུག་མ་ཐུང་ལ་སུག་མཐིལ་ཡངས་པ་དང་། སྡེར་མོ་ལྕགས་ཀྱུ་ལྟར་གུག་ལ་བྲང་ཁར་ཟླ་ཚེས་ལྟ་བུའི་དཀར་ཐིག་ཡོད་པ་དང་། གཅིག་པུར་འདུག་པ་ལ་དགའ་ཞིང་ཤིང་སྡོང་ལ་འཛེགས་ཐུབ་པར་མ་ཟད། ཆུ་ལའང་རྐྱལ་ནུས་པ་དང་། སྐབས་རེར་ཀེར་བུར་ལངས་ནས་འགྲོ་ཐུབ་ལ། མིག་དབང་ཞན་ཞིང་རྫི་ཤིན་ཏུ་རྣོ་བར་ཡོད། ཁ་ཟས་སུ་རྩི་ཤིང་སྣ་ཚོགས་དང་། སྐྱོ་འབྲས་སྣ་ཚོགས་དང་། ཤིང་འབྲས་སྣ་ཚོགས་བཟའ་བར་དགའ་ལ། རི་དྭགས་མ་ཟད་ཉ་དང་འབུ་རིགས་སོགས་ཀྱང་བཟུང་ནས་ཟ་བར་བྱེད། བོད་ཡིག་གི་དཔེ་རྣམས་སུ་བྱུང་བའི་གཅན་གཟན་གཏུམ་པོ་དོམ་ཞེས་པ་དེའང་ཕལ་ཆེར་དོམ་ནག་ལ་གོ་དགོས་པར་རང་གིས་སེམས།
དོམ་ནག་ཕོ་ཡི་གཟུགས་ཀྱི་རིང་ཚད་ལ་ལི་སྨི་120-189དང་། དོམ་ནག་མོ་ཡི་གཟུགས་ཀྱི་རིང་ཚད་ལ་ལི་སྨི་110-150ཡོད་ཅིང་། མཇུག་མའི་རིང་ཚད་ལ་ལི་སྨི་12མན་ཡོད། དོམ་ནག་ཕོ་ཡི་ལུས་ལྗིད་ལ་རྒྱ་མ་120-400བར་དང་། དོམ་ནག་མོ་ཡི་ལུས་ལྗིད་ལ་རྒྱ་མ་80-280བར་ཡོད་པ་དང་། མེ་གླིང་གི་དོམ་ནག་ལ་ལར་ལུས་ལྗིད་རྒྱ་མ་800ལས་བརྒལ་བའང་ཡོད་པར་བཤད། དབྱར་གྱི་དུས་སུ་དོམ་ནག་མོ་རྣམས་ལ་རྫི་ལངས་ཏེ་ཕྲུ་གུ་འཁོར་བར་འགྱུར་ཞིང་། ཕྲུ་གུ་འཁོར་ཡུན་ཟླ་བ་བདུན་དང་། འཁོར་ཐེངས་གཅིག་ལ་ཕྲུ་གུ་2-3བར་ཡོད་པ་དང་། ཕྲུ་གུ་མཚེ་མ་འཁོར་མཁན་མང་བར་བཤད། བཙས་མ་ཐག་པའི་དོམ་ཕྲུག་གི་ལུས་ལྗིད་ལ་ཁེ་225-330བར་ལས་མེད་ཅིང་། ལུས་ཡོངས་དམར་འབྱར་ཡིན། དོམ་མའི་ནུ་འོ་འཚོ་བཅུད་ཆེ་བས་དོམ་ཕྲུག་ལག་ཆགས་ཚད་ཤིན་ཏུ་མགྱོགས། དོམ་ཕྲུག་རྣམས་དོམ་མ་དང་མཉམ་དུ་ལོ་ངོ་གཅིག་དང་ཕྱེད་ཀ་ཙམ་ལ་སྡོད་པར་བྱེད། དེ་ནས་དོམ་མ་དང་ཁ་བྲལ་ནས་ཁེར་བུར་འཚོ། དོམ་མ་རྣམས་སླར་ཡང་རྫི་ལངས་པའི་འགོ་ཚུགས་པར་འགྱུར་ཞིང་། ལོ་2-3བར་དུ་ཕྲུ་གུ་ཐེངས་གཅིག་འཁོར་བར་བཤད།
དགུན་གྱི་གྲང་ངར་དང་གཟན་འཚོལ་དཀའ་བ་སོགས་ལ་དམིགས་ཏེ། དྲེད་མོང་སོགས་དང་འདྲ་བར། བྲག་ཁུང་དང་། ས་དོང་དང་། སྦས་ཡུར་སོགས་སུ་ཚང་བཅས་ནས་ཉལ་བར་བྱེད་ཅིང་། མེ་གླིང་གི་དོམ་ནག་རྣམས་ལོ་རེར་ཟླ་བ་བདུན་རེ་ཚང་དུ་ཉལ། དོམ་ཕྲུག་རྣམས་ལོ་2-4བར་ལག་ཆགས་པར་འགྱུར་ལ། དོམ་ནག་ཕོ་རྣམས་ལོ་10-12མ་ཐོན་གྱི་བར་དུ་གཟུགས་གཞི་འཚར། རྒྱུན་ལྡན་གྱི་ཁོར་ཡུག་ཏུ་མེ་གླིང་གི་དོམ་ནག་རྣམས་ཆ་སྙོམས་སུ་ལོ་25ཐུབ་ཅིང་། ཚེ་ཆེས་ཐུབ་ནའང་ལོ་32ཡར་མར་ཡིན་པར་བཤད།
མེ་གླིང་ལས་གཞན། ཡ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེར་དོམ་ནག་ཡོད་ཅིང་། དཔེར་ན། ཀྲུང་གོ་དང་། རྒྱ་གར་དང་། དབྱི་རག་དང་། ལྗར་པན་དང་། ལྷོ་ཁོ་རེ་ཡ་དང་། འབྲུག་ཡུལ་དང་། ཁམ་ཕུ་ཁྲེ་དང་། འབར་མ་དང་། བྷང་ག་ལ་དང་། ཕ་ཁི་སི་ཐན་དང་། ཨུ་རུ་སི་དང་། ཐེ་ལན་དང་། ཝེ་ཐེ་ནམ་སོགས་སུ་ཡོད། རང་རྒྱལ་གྱི་ཧེ་ལུང་ཅང་དང་། ཅི་ལིན་དང་། ལིའོ་ཉིང་དང་། ཧྲའན་ཞིས་དང་། ཀན་སུའུ་དང་། མཚོ་སྔོན་དང་། བོད་ལྗོངས་དང་། སི་ཁྲོན་དང་། ཡུན་ནན་དང་། ཀུའེ་ཀྲོའུ་དང་། ཀོང་ཞིས་དང་། ཧུའུ་པེ་དང་། ཧུའུ་ནན་དང་། ཀོང་ཏུང་དང་། ཨན་ཧུའ་དང་། ཀྲེ་ཅང་དང་། ཅང་ཞིས་དང་། ཕུའུ་ཅན་དང་། ཐའེ་ཝན་དང་། ནང་སོག་བཅས་སུ་ཡོད་དོ། །
བོད་ཡིག་གི་དཔེ་དག་ཏུ་དོམ་ཁྲ་ཞེས་ཐད་ཀར་བྲིས་པ་མཐོང་དཀོན་ཡང་། ཁམས་མི་ཉག་པ་རྣམས་ཀྱིས་སྔ་མོ་ནས་ཡུལ་ཕྱོགས་དེར་དོམ་ཁྲ་ཡོད་པར་བཤད་ཅིང་། ཁོ་ཚོས་དོམ་ཁྲ་ལ“ཝོབ་ཁྲ་ལི”ཞེས་འབོད་ཚུལ་གྲོགས་ཆོས་དཔལ་བཟང་པོའི་ངག་ནས་ཚོར། རྒྱ་ཡིག་ཏུ་ཧན་རྒྱལ་རབས་ཀྱི་མཁས་པ་ཏུང་ཧྥང་ཧྲུའོ་ཡི《ངོ་མཚར་བའི་གཞུང》ཞེས་པར། ལྷོ་ཕྱོགས་སུ་གཅན་གཟན་ཞིག་ཡོད་དེ། རྭ་དང་རྐང་པའི་དབྱིབས་དང་ཆེ་ཆུང་ཆུ་གླང་དང་འདྲ། སྤུ་མདོག་ནག་ཀྱུག་ཀྱུག་བྱེད། གཟན་དུ་ལྕགས་དང་ཆུ་འཐུང་བར་བྱེད་ལ། རྟུག་པ་མཚོན་ཆར་བཀོལ་ཆོག་ཅིང་རྣོ་དབལ་ཆེ། མིང་ལ་ལྕགས་གཟན་དུ་བྱའོ། ། (东方朔《神异经·中荒经》:“南方有兽焉,角足大小形状如水牛,皮毛黑如漆,食铁饮水,其粪可为兵器,其利如刚,名曰啮铁。”)ཞེས་བྱུང་། རྒྱའི་གནའ་གཞུང《འར་ཡ》རུ། གཅན་གཟན་མའོ་སྟེ།གཟིག་དཀར་པོའང་བྱ། (《尔雅》:“貘,白豹。” )ཞེས་བྱུང་ལ། ཅིན་རྒྱལ་རབས་སྐབས་ཀྱི་མཁས་པ་ཀའོ་ཕུའུ་ཡིས《འར་ཡའི་འབྲུ་འགྲེལ》ཞེས་པའི་དཔེ་རུ། ལྷོ་ཕྱོགས་སུ་གཅན་གཟན་ཞིག་གནས་ཏེ། མིང་ལ་ལྕགས་གཟན་དུ་བྱ་ཞིང་། དྲེད་དང་འདྲ། མགོ་བོ་ཆུང་ལ། རྐང་པ་ཐུང་། སྤུ་ཁ་སེ་སེ་དང་། ཟངས་ལྕགས་དང་སྙུག་རྐང་ལྕེས་འབྱོག་ཅིང་གཟན་དུ་བྱེད།(《郭璞〈尔雅注〉》:“南方有兽,名曰啮铁,似熊、小头、痹脚、黑白驳、能舐食铜铁及竹骨。”)ཅེས་བྱུང་། ཀོན་ཞིས་ཧྭ་ཡི《འར་ཡའི་མཆན་འགྲེལ》ཞེས་པར། གཅན་མའོ་ལ་གཟིག་དཀར་པོའང་བྱ་ཞིང་། ཡང་ན་དོམ་ཁྲའང་དེ་ཡིན། (《管锡华 译注〈尔雅〉》:“貘又称白豹,或即大熊猫。”)ཞེས་བྱུང་། གཞན་ཡང་རྒྱ་ནག་གི་གནའ་གཞུང《སྙན་ངག་གི་གཞུང》(《诗经》)དང་།《ཧྲན་ཧའེ་ཅིན》(《山海经》)ཞེས་པ་དང་། ལི་ཧྲི་ཀྲེན་གྱི《སྔོ་སྨན་རྩ་འགྲེལ》(李时珍(1518年7月3日-1593年)《本草纲目》)སོགས་གནའ་གཞུང་ཆེས་ཤིན་ཏུ་མང་པོར་དོམ་ཁྲ་བྱུང་ཞེས་གཞན་དག་སྨྲའོ།།
རྒྱ་ཡིག་གི་ལིའེ་ཐེ་(啮铁)བྱ་བ་བོད་སྐད་དུ་ལྕགས་ཟན་ཞེས་པ་སྟེ། ལྕགས་རིགས་གཟན་དུ་བྱེད་པའི་སེམས་ཅན་ཞིག་ལ་གོ་དགོས་པར་ཡོད་དེ། གཞན་གྱི་འགྲེལ་དུ། དོམ་ཁྲས་ཚྭ་བཟའ་རྒྱུ་མི་རྙེད་པའི་སྐབས་སུ། ཞིང་པ་དག་གི་ཁྱིམ་དུ་འོངས་ཏེ་ལྕགས་སླང་དུ་ལྷག་པའི་ཚྭ་དྲི་ལྕེས་འབྱོག་པར་བྱེད་ལ། ཞིང་པ་དག་གིས་ལྕགས་རིགས་གཟན་དུ་བྱེད་ཅེས་བསྒྲགས་པས། ལྕགས་གཟན་ཞེས་པའི་མིང་དེ་ལྟར་ཐོགས་པ་ཡིན། ཞེས་བཤད། འོན་ཏེ། ཡི་གེ་འདི་དག་ལ་དཔྱད་དགོས་པ་འགའ་ཡོད་དེ། ཏུང་ཧྥང་ཧྲུའོ་ཡི《ངོ་མཚར་བའི་གཞུང》ཞེས་པར་གཅན་གཟན་དེ་ལ་རྭ་ཅོ་ཡོད་པ་ཆུ་གླང་དང་འདྲ་ཞེས་བྱུང་བས། དེ་དོམ་ཁྲ་ཡིན་མིན་དོགས་པའི་གནས་ཏེ། དོམ་ཁྲ་ལ་རྭ་ཅོ་མེད་པའི་ཕྱིར་དང་། གནའ་རབས་སུ་དོམ་ཁྲའི་མིང་ལ། གཅན་གཟན་ལིའེ་ཐེ་(啮铁兽)དང་། མའོ(貘)དང་། པའེ་ཕའེ(白罴)དང་།ཕའེ་(貔)སོགས་བྱ་བར་གཞན་དག་བཞེད་མོད། འོན་ཏེ་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སུ་བརྩམས་པའི《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང་།》ཞེས་པར། མའོ(貘)ཞེས་པ་གས་ལྕགས་གཟན་དང་། ཕའེ(羆)ཞེས་མི་དྲེད་དང་། ཕའེ་(貔)ཞེས་པར་ཁྱི་དྲེད་ཅེས་བསྒྱུར་འདུག་པས། གོང་གི་ཡི་གེ་དག་ཏུ་བྱུང་བའི་གཅན་གཟན་དེ་ད་ལྟའི་དོམ་ཁྲ་ཡིན་པའི་ངེས་པ་ཅུང་ཟད་ཀྱང་མི་འདུག་པར་སེམས་སོ། །
གང་ལྟར་ད་ལྟ་རྒྱ་སྐད་དུ་ཏ་ཞུང་མའོ་(大熊猫)ཞེས་ཡོངས་གྲགས་སུ་འབོད་ཅིང་། མིང་གཞན་ལ། ཞུང་མའོ་(熊猫)དང་། མའོ་ཞུང་(猫熊)དང་། ཏ་མའོ་ཞུང་(大猫熊)སོགས་ཡོད་དེ། ཡིན་པ་ནི་མའོ་ཞུང་(猫熊)སྟེ། ཞི་ལ་དང་འདྲ་བའི་དོམ་ཞེས་པར་གོ་ཞིང་། ཕྱིས་སུ་ཡི་གེ་ལོག་སྟེ། ཞུང་མའོ(熊猫)རུ་གྱུར་ཅིང་། མིང་དེ་ཡོངས་ལ་གྲགས། བོད་ཡིག་ཏུ་དོམ་ཁྲ་ཞེས་པའི་མིང་འདི་ཐོག་མར་གང་ནས་བྱུང་བ་དཔྱད་པའི་གཞི་སྟེ། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》དུ། 大熊猫དོམ་ཁྲ། བྱི་ལ་དོམ། ཞེས་བྱུང་ལ། 《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང》དུ། ཞུང་(熊)ལ་དོམ་དང་། མ་ཞུང་(马熊)ལ་དྲེད་ཅེས་བསྒྱུར་ཅིང་། ཡང་དེར། ཏན་ཐའེ་ཞུང་(短腿熊)སྟེ། བོད་སྐད་དུ་ལུག་དྲེད་ཅེས་བསྒྱུར་འདུག་པ་རྐང་པ་ཐུང་བའི་དོམ ཞེས་པའི་དོན་དུ་སྣང་ལ། འདི་ད་ལྟའི་དོམ་ཁྲ་ཡིན་ནམ་སྙམ་སྟེ། དོམ་ཁྲ་འདི་རྐང་ལག་ཐུང་ཁར་སྤུ་མདོག་ཀྱང་དཀར་པོ་ཤས་ཆེ་བས་ལུག་དྲེད་དུ་བསྒྱུར་རམ་སྙམ་མོད། དེ་ནི་དཔྱད་གཞི་ཙམ་དུ་ཟད་དོ། །
སི་ཁྲོན་ཞིང་ཆེན་ཡ་ཨན་གྲོང་ཁྱེར་ཏེ། བོད་ཀྱི་ཡི་གེ་སྔ་མ་དག་ཏུ་གཡག་རྔ་ཞེས་བྱུང་བའི་གྲོང་ཁྱེར་གྱི་ཁོངས་སྔར་མའོ་ཕིང་(穆坪)ཞེས་པ་སྟེ། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་མུ་ཕྱི་རྒྱལ་པོའི་ས་ཡིན་པར་བཤད་ལ། དེང་སང་པའོ་ཞིན་རྫོང་(宝兴县)དུ་འབོད། 1869ལོར་ཧྥ་རན་སིའི་མཚན་ལ་ཨར་མིང·ཏའེ་ཝེ་(阿尔芒·戴维)ཞེས་པའི་གནམ་བདག་ཆོས་པ་ཞིག་གནས་དེར་སླེབས། ཁོས་ས་དེ་ནས་དོམ་ཁྲ་མཐོང་བར་མ་ཟད། འཛམ་གླིང་གི་སྲོག་ཆགས་བཀོད་པའི་ཡིག་མང་པོར་བལྟས་ཀྱང་། སྲོགས་ཆགས་འདི་ལྟ་བུ་ཞིག་མཐོང་མ་མྱོང་ཚུལ་དང་། འདི་ནི་འཛམ་གླིང་ཡོམ་ཡོམ་དུ་སྒུལ་བའི་གསར་རྙེད་ཆེན་པོ་ཞིག་ཡིན་ཚུལ་ཁོ་རང་གི་ཉིན་ཐོར་བྲིས་ཤིང་། གནས་ཚུལ་དེ་ཕྱི་གླིང་གི་ཡུལ་གྲུ་དག་ཏུ་ཤུགས་ཆེར་ཁྱབ་པས། ཕྱིས་སུ་ཕྱི་རྒྱལ་པ་མང་པོ་ས་དེར་སླེབས་ནས་ཞིབ་འཇུག་དང་རྔོན་འཁྱེར་སོགས་བྱ་བ་བཟང་ངན་མང་པོ་བྱས་པར་བཤད་དོ།།
དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པར། མིང་ལ་ཧུའུ་ཅིན་ཁྲུའུ(胡锦矗)རུ་འབོད་པ་སོགས་ཀྱིས་གཞུང་གི་བཀའ་མངགས་ལྟར་རང་རྒྱལ་གྱི་དོམ་ཁྲའི་བས་མཐའི་རྟོག་ཞིབ་ཐེངས་དང་པོ་དེ་བྱས་ཤིང་། ཁོང་ཅག་གིས་མི་ལོ་བཞི་ལྷག་གི་འབད་འབུངས་ལ་བརྟེན་ཏེ།《སི་ཁྲོན་ཞིང་ཆེན་གྱི་སྲོག་ཆགས་རྩ་ཆེན་གྱི་ཐོན་ཁུངས་དཔྱད་རྟོག་སྙན་ཞུ》ཞེས་པ་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་གིས་གྲུབ་པ་བྲིས། དེ་ལྟར་ཚན་རིག་ཞིབ་འཇུག་པ་དག་གིས་དོམ་ཁྲ་སྲུང་སྐྱོང་གི་ཕྱག་ལས་བཟང་པོ་རབས་དང་རིམ་པ་དང་དུ་བླངས་ཤིང་། 2016ལོའི་ཟླ་12པར། རང་རྒྱལ་གྱིས《དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱ་སའི་ཇུས་གཞིར》ཆོག་མཆན་བཀོད། 2021ལོའི་ཟླ་10པའི་ཚེས་12ཉིན། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། སི་ཁྲོན་དང་། ཧྲན་ཞིས་དང་། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་ས་ལ་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ་ཁྲི་2.7ཡོད་པར་བཤད།
དོམ་ཁྲའི་གཟུགས་བོང་དོམ་ནག་དང་ཅུང་ཟད་འདྲ་ཞིང་། མགོ་བོ་ཆེ་ལ་གཟུགས་གཞི་ཚོ་བ་དང་། རྔ་མ་ཐུང་ལ་རྣ་བ་ཆུང་། ལུས་ཡོངས་དཀར་ཤས་ཆེ་ལ་ལ། སུག་བཞི་དང་། རྣ་བ་དང་། མིག་མཐའ་སོགས་ནག་པོ་ཡིན། སོག་མགོ་ནས་སྤུ་མདོག་ནག་པོ་ཅུང་ལེབ་པ་ཞིག་སྟོད་རྒྱབ་ནས་སོང་སྟེ་དཔུང་བ་ཚན་ཚུན་བར་སྦྲེལ་ཡོད། ཕར་བལྟས་ཚོད་ལ་ཤིན་ཏུ་སྙིང་རྗེ་མོ་འཇིགས་དངངས་མི་སྟེར་བ་ཞིག་ཡིན་པས། འཛམ་གླིང་གི་སྐྱེ་བོ་བགྲང་ལས་འདས་པའི་ཡིད་དབང་ཕྲོགས། ད་ལྟ་ཀྲུང་གོའི་རྒྱལ་ནོར་དང་། ཀྲུང་གོའི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པར་མ་ཟད། སྟོངས་ལ་ཉེ་བའི་རི་གནས་སྲོག་ཆགས་དང་རྩི་ཤིང་གི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་སུ་བཞག་པས་རིན་ཐང་ཧ་ཅང་ཆེ།
དོམ་ཁྲའི་གཟུགས་ཀྱི་རིང་ཚད་ལ་ལི་སྨི་120-180བར་དང་། མཇུག་མའི་རིང་ཚད་ལ་ལི་སྨི་10-20བར་དང་། ལུས་ལྗིད་ལ་རྒྱ་མ་140-450བར་ཡོད་པར་བཤད། དོམ་ནག་དང་འདྲ་བར་མིག་དབང་ཞན་ཞིང་རྫི་ཧ་ཅང་རྣོ་བར་ཡོད། གཟུགས་གཞི་ཚོ་ཞིང་ལྟིག་ནའང་ལྡེམ་མྱུར་ལྡན་པ་སྡོང་པོ་སོགས་ལ་བདེ་བླག་ངང་འགོ་བའི་རྩལ་དང་ལྡན། ཟས་སུ་སྙུག་རྩ་དང་སྙུག་ལོ་སོགས་བཟའ་བ་དང་། ཕོ་བ་ཤིན་ཏུ་ཆེ་བས་ཉི་མ་རེ་རེར་ཁ་ཟས་རྒྱ་མ་80ཡར་མར་རེ་བཟའ་བར་གཞན་དག་སྨྲ། གཞན་དོམ་ཁྲ་དོམ་ནག་དང་མི་འདྲ་བར་དགུན་ཁར་མི་ཉལ་བ་དང་། རྒྱུན་པར་ཁེར་བུར་གནས་པ་ལ་དགའ་ཞིང་། དཔྱིད་ཀར་སླེབས་པ་ན་དོམ་ཁྲ་མོ་རྣམས་རྫི་ལངས་ནས་ཕྲུ་གུ་འཁོར་འགོ་ཚུགས་ཤིང་། ཕྲུ་གུའི་མའི་ཁོག་ཏུ་ཟླ་བ3-5ཡི་བར་འདུག་ནས་བཙའ་བར་འགྱུར། བཙས་ཐེངས་་གཅིག་ལ་ཕྲུ་གུ་གཅིག་ནས་གཉིས་བར་བཙའ་ལ།སྐབས་རེར་བཙས་ཐེངས་གཅིག་ལ་ཕྲུ་གུ་གསུམ་རེ་བཙའ་བའང་ཡོད་པར་བཤད། ཉིན་བཞི་བཅུ་ལྷག་ནས་མིག་ཕྱེ་བར་འགྱུར་ལ། ལོ་གཅིག་ལོན་པ་ན་མ་དང་བྲལ་ཏེ་ཁེར་བུར་འཚོ། ཚེ་ཐག་ལོ་18-20བར་རམ། མིས་གསོས་ན་ཚེ་ཚད་ལོ་30རེ་ཐུབ་པར་བཤད།
རྒྱལ་ཡོངས་ཀྱི་དོམ་ཁྲའི་དཔྱད་ཞིབ་ཐེངས་བཞི་པའི་མཇུག་སྡོམ་ལྟར་ན། 2013ལོའི་ལོ་མཇུག་གི་བར་དུ། རི་གནས་དོམ་ཁྲ་1864ཡོད་ཅིང་། 2016ལོར་། འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་གྱིས་དོམ་ཁྲར་གནོད་འཚེ་ཐེབས་ཚད་དེ“སྟོངས་ལ་ཉེ་བ(濒危)”ནས་་“སྟོངས་སླ་བར(易危)”མར་ཕབ་པ་བསྒྲགས། དོམ་ཁྲ་འདི་རང་རེ་ཀྲུང་གོ་ལས་འཛམ་གླིང་གི་ཡུལ་གྲུ་གཞན་གང་དུའང་མེད་ལ། ཀྲུང་གོ་ལས་ཀྱང་སི་ཁྲོན་ཞིང་ཆེན་དང་། ཧྲན་ཞིས་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན་བཅས་ཀྱི་རི་ཁུལ་འགའ་རེར་མ་གཏོགས་མེད། སི་ཁྲོན་ཞིང་ཆེན་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་མེང་ཧྲན་རི་བོའི་བར་ཏེ། ཁྲེང་ཏུའུ་གྲོང་ཁྱེར་དང་།མེ་ཧྲན་གྲོང་ཁྱེར་དང་། རྔ་བ་ཁུལ་དང་། དཀར་མཛེས་ཁུལ་བཅས་ཀྱི་རྫོང་ཁག་འགའ་རེར་ཡོད་པར་བཤད་དོ། །
འགའ་ཞིག་གི་སྣང་ངོར་དོམ་ཁྲ་སྟེ། རྒྱ་སྐད་དུ་ཏ་ཞུང་མའོ་(大熊猫)དང་། བྱི་ལ་དོམ་མམ་ཝོབ་སྟེ། རྒྱ་སྐད་དུ་ཞའོ་ཞུང་མའོ(小熊猫)ཞེས་པ་གཉིས་གཅིག་སྲོག་ཆགས་གཅིག་གི་མིང་དུ་འཁྲུལ་བ་འདུག་མོད། བྱི་ལ་དོམ་ལ་བོད་པ་རྣམས་ཀྱིས་ཝོབ་ཅེས་འབོད་ཅིང་།ཤ་རིད་ལ་སྤུ་རིང་བ་དང་། གདོང་སྒོར་སྒོར། རྣ་བ་ཀྱོར་ཀྱོར། སྔ་མ་སྦོམ་ཞིང་རིང་པ། གཟུགས་ཞི་ལ་དང་འདྲ་བ་རིང་ཐུང་ལ་ལི་སྨི་50-60བར་ཡོད་ཅིང་། ལུས་ལྗིད་རྒྱ་མ་10-12བར་ལས་མེད་པས་དོམ་དང་བསྡུར་ན་ཤིན་ཏུ་ཆུང་། ཁ་མདོག་དམར་པོ་ཡིན་པས་རྒྱ་ཡིག་ཏུ་ཧུང་ཞུང་མའོ(红熊猫)སྟེ། དོམ་དམར་ཞེས་ཀྱང་འབོད། བྱི་ལ་ནི་ཞི་ལ་སྟེ། གཟུགས་ཞི་ལ་དང་འདྲ་བའི་དོམ་གྱི་རིགས་ཡིན་པས། བྱི་ལ་དོམ་ཞེས་མིང་དུ་བཏགས་པར་རང་ཉིད་སེམས་སོ། །
དེའང་ཇི་སྐད་དུ། མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་ལྟར། སེམས་ཅན་དུད་འགྲོ་ཞེས་ཅི་ཙམ་དམན་སར་བཅད་ཀྱང་གཏམ་སྨྲ་ཤེས་མིན་ཙམ་དང་། རིག་པ་གྲུང་མིན་ཙམ་ལས། ཚོར་བ་བདེ་སྡུག་ནི་རང་ཅག་དང་འདྲ་བར་ཁྱད་པར་ཅུང་ཟད་ཙམ་ཡང་མེད་ལ། འདོད་པ་བདེ་བ་དང་མི་འདོད་པ་སྡུག་བསྔལ་ནི་ཀུན་ལ་མཚུངས་ཆོས་སུ་གྲུབ་པ་མངོན་སུམ་ལགས་པས། མི་སུ་ཡིན་ཡང་སེམས་ཅན་འདི་དག་ལ་འཚེ་བ་སྤང་རྒྱུ་ནི་ཅི་བས་ཀྱང་གལ་ཆེ། གཞན་ཡང་དབུས་འགྲོ་པ་རྒད་པོ་རྐང་པ་རྨས་པ་ཞིག་དོམ་གྱིས་བསྐྱབས་ཚུལ་དང་། དོམ་བྱང་ཆུབ་སེམས་དཔའ་ཟེར་བ་སོགས་ཀྱི་གཏམ་ཡང་འདུག་ལ། ཨུ་རུ་སུའི་བཟའ་མི་གཉིས་དོམ་ཕྲུག་ཅིག་དང་ལོ་ངོ་ཉེར་གསུམ་རིང་མཉམ་དུ་འཚོ་བ་རོལ་བའི་གསར་འགྱུར་ཀྱང་མཐོང་། རྒྱལ་སྲས་ཐོགས་མེད་བཟང་པོའི་རྣམ་ཐར་དུ་སྤྱང་ཀི་དང་ལུག་གཉིས་རྩེད་མོ་རྩེ་བ་དང་། ཁྲ་དང་བྱེའུ་གཉིས་ཀྱང་རྩེད་མོ་རྩེ་བ་སོགས་ཀྱི་གཏམ་ངོ་མཚར་བ་སོགས་ཏེ། གང་ལྟར་འདྲིས་ན་གཅན་གཟན་གདུག་པ་ཅན་ཡིན་ཡང་སེམས་དང་ལྡན་པའི་ཚུལ་སོགས་ཀྱང་ངེས་པར་བྱས་ནས་སེམས་ཅན་འདི་དག་ལ་གནོད་པ་སྤང་ཞིང་སྲུང་བའི་ལས་འབད་པར་རིགས་སོ། །
སླར་སྨྲས་པ།
གཡར་བའི་ལུས་ཀྱང་གཅེས་པར་འོས་ནའང་། །
དོན་མེད་ལེ་ལོ་རྒྱ་ཡན་བཏང་བ་མཚང་། །
སྔོན་སྨོན་ལས་ཀྱིས་ཡུལ་འདིར་སྐྱེས་པའི་དོད། །
ཅུང་ཟད་གཞག་ཕྱིར་འབད་དེ་བྲིས་པའི་ཁུལ། །
གཞན་ལ་ངོམ་པའི་གཡོ་ཟོལ་གཏན་མིན་ཡང་། །
རྒྱན་འཇོག་ཇ་གཏམ་ཁོ་ནར་མ་གཡེངས་པར། །
གང་ཞིག་ཆད་པ་བསྐང་ཕྱིར་བྲིས་པ་འདི། །
གཟུར་གནས་མགུ་བའི་གཏམ་དུ་འགྱུར་ཡང་སྲིད། །
ཅེས་གཅན་གཟན་དོམ་གྱི་ཤེས་བྱ་ཟ་ཟི་ཐོ་རེ་ལོང་ངེ་བ་འདི་རུས་གླིང་པ་ཚུལ་ཁྲིམས་རྡོ་རྗེའམ། མིང་གཞན་ཛམ་ཐང་བ་ལྕགས་མདའ་རུ་འབོད་པའི་གྱི་བ་དེས་བྲིས་ཁུལ་ལགས་ཤིང་། སྲོག་ཆགས་ཀྱི་སྐོར་ལ་ལོ་མང་ཞིབ་འཇུག་བགྱིད་བཞིན་པའི་མཁས་པ་དག་གི་མདུན་སར་ངོམ་དུ་རི་བའི་ལེགས་བཤད་ཏིལ་འབྲུ་ཙམ་ཡང་མེད་པ་ཐག་གིས་ཆོད་ཀྱང་། འདིའི་སྐོར་ཕྲན་བུ་ཙམ་ཡང་གོ་ཐོས་མེད་པ་དག་ལ་ཐོག་མའི་འཇུག་སྒོ་ཙམ་མམ། ཤེས་བྱའི་ས་བོན་ཙམ་གྱི་དོད་པོ་ནི་ངེས་པར་འོང་སྙམ། གཞན་རྩོམ་ཡིག་འདི་ལ་གྲོགས་དམ་པ་ཆོས་དཔལ་བཟང་པོ་དང་། གྲོགས་དཔལ་རྒྱམ་དང་། གྲོགས་བཀྲ་ཤིས་རྒྱ་མཚོ་དང་། གྲོགས་ཐུབ་བསྟན་སོགས་ཀྱིས་ཡར་མར་ལ་འདྲི་རྨེད་དང་། རྒྱུ་ཆ་འཚོལ་རོགས་སོགས་ཀྱི་མཐུན་རྐྱེན་གང་མང་སྦྱར་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུའོ། །
གསལ་བཤད། འདིར་བཀོད་འདྲ་པར་རྣམས་དྲྭ་ཐོག་ནས་བླངས་སོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

