ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་དེབ་《ཁ་བའི་འདབ་མ་གཅིག་གི་འུར་ཟིང》གི་མཇུག་གི་ཞུ་མཆིད།

འདི་ནས་ཡར་བརྩིས་པའི་ལོ་བཅོ་ལྔའི་གོང་རོལ་ཏེ་སྤྱི་ལོ2010ལོར《ལམ་གྱི་ཉི་འོད》ཅེས་པའི་སྒྲུང་ཐུང་ཞིག་འཆར་སྣང་དུ་ཤར། ལོ་དེ་ནས་བཟུང་ངས་རྟོག་བཏགས་ཀྱི་ལྷ་སའི་གཞོན་ནུ་ཕུན་རྣམ་དང་ལྷ་མཛེས་ཟེར་བ་གཉིས་ངོ་ཤེས་པར་གྱུར། དེ་ནས་ལོ་དྲུག་གི་རྗེས་ཏེ་སྤྱི་ལོ2016ལོར《གཉིད་དུ་ཡུར་བའི་ཆུ》ཟེར་བའི་སྒྲུང་གཏམ་ཞིག་ངའི་འཆར་ཡན་ལས་སད་ཅིང་སྒྲུང་གཏམ་ནང་གི་གཞོན་ནུ་འདི་གཉིས་ལ་གོམས་འདྲིས་ཀྱང་ཟབ་ཏུ་ཕྱིན། 2024ལོའི་དགུན་ཟླ་ར་བའི་ནང་ང་མདོ་སྨད་རྔ་བ་རྫོང་མཁར་དུ་ཟླ་གཅིག་ལ་ལྷོད་དུ་གནས་བའི་གོ་སྐབས་ཤིག་ཐོབ་པའི་རིང《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཟེར་བའི་སྒྲུང་ཐུང་འདི་སྒྲུང་གཏམ་འདིའི་ཁ་བྱང་ནང་བཞིན་ཟང་ཟིང་ལང་ལོང་གིས་ངའི་རྩིས་འཁོར་དུ་བབས་བྱུང་།
ད་ལྟ། ང་པེ་ཅིན་གྱི་ལས་ཤག་ཏུ་འཁྱིལ་ཆུ་ཆུང་ཆུང་ཞིག་གི་ཚུལ་གྱིས་གསོན་ཤུགས་དང་རེ་ལྟོས་ཅི་ཡང་མེད་པར་ཁུ་སིམ་མེར་བསྡད་ཡོད། རྔ་བ་རྫོང་མཁར་གྱི་སའེ་ནཱའི་གཡོན་ངོགས་ཟེར་བའི་ཁའོ་ཧྥེ་ཁང་དུ་སྒྲུང་གཏམ་འདིའི་ཆེས་མཇུག་མཐའི་ཡི་གེ་དེར་རྫོགས་ཤད་བཀོད་རྗེས། ཚ་དྲོད་ཡལ་ཚར་བའི་ཁའོ་ཧྥེ་ཁམ་གང་འཐུངས་པའི་ངང་ཚུལ་དེ། སྐབས་འདིར་ངའི་ཡིད་དུ་འཁོར་ཡོང་། དེ་ནི་ས་སྲོད་ཀྱི་དུས་ཚོད་ཅིག་ཡིན། ངས་ཁའོ་ཧྥེ་ཁང་གི་ཞེང་ཁ་ཆེ་བའི་སྒེའུ་ཁུང་བརྒྱུད་ནས་རྔ་ཆུའི་ཕ་རོལ་གྱི་རི་མགོ་ཁ་བས་གཡོགས་ཡོད་པ་མཐོང་ཞིང་། སྟོང་ལྷང་ལྷང་གི་ཁ་ཤུལ་གྱི་རི་ལྡེབས་སུ་མཐོ་ས་ནས་དམའ་སར་ལྷུང་ཚར་བའི་ཁ་བའི་འདབ་མའི་ཚོགས་ལ་འཕྱོ་འགུལ་ཅི་ཡང་མེད་ཅིང་དེ་ལ་འུར་ཟིང་འཇགས་རྗེས་ཀྱི་ལྷོད་ཉམས་ཤིག་གིས་ཁེངས་འདུག་པ་མཐོང་།

མི་ཚེའི་རིམ་པ་འདིར་སླེབ་དུས། ངས་རང་ཉིད་ཀྱང་རང་གི་སྒྲུང་གཏམ་ཞིག་ཏུ་གྱུར་འདུག་པ་ཚོར། ཐོག་མའི་ན་ཆུང་གི་ལོ་ཚོད་དུ་ཆགས་སྡང་དང་དཀར་ནག་གི་ས་མཚམས་ལ་རྟགས་གསལ་བོ་འགོད་རྒྱུར་དགའ་ཞིང་། རང་སྣང་མཐོ་ཞིང་རང་གཤིས་གསལ་ལ། འུར་ཉམས་ཆེ་བའི་ན་ཆུང་དེ་འཚོ་གནས་ཀྱི་གཙུབ་བརྡར་གང་མང་བརྒྱུད་རྗེས། ད་ནི་ཁ་བའི་འདབ་མ་ཞིག་འུར་ཟིང་ཆེན་པོས་མཐོ་ས་ནས་དམའ་སར་ལྷུང་རྗེས་ཀྱི་ལྷོད་འཇགས་ཀྱིས་ཁེངས་ཡོད་ཅིང་། དེ་བས་ཀྱང་འཁྱིལ་ཆུ་ཆུང་ཆུང་ཞིག་གི་ཚུལ་གྱིས་རང་ལ་དབང་བའི་བར་སྟོང་ཆུང་ཆུང་ཞིག་ཏུ་གསོན་ཤུགས་ཤོར་བ་ལྟར་ཁུ་སིམ་མེར་འཁྱིལ་ཡོད། ངས་རང་གི་ད་ལྟའི་མི་ཚེའི་གནས་སྟངས་འདིར་གནད་ལ་འཁེལ་བའི་སྤྱི་བསྡོམས་ཁ་གསལ་ཞིག་བརྒྱག་མི་ཐུབ། འདི་ནི་ངའི་ཀློག་མཁན་གྱིས་ངས་བྲིས་པའི་སྒྲུང་གཏམ་ལ་གོ་བ་གཅིག་གྱུར་ཞིག་ལེན་མི་ཐུབ་པ་དང་མཚུངས་སྟེ། སྒྲུང་གཏམ་ལྟ་བུའི་ངའི་མི་ཚེ་དང་ད་ལྟའི་གནས་སྟངས་འདི་ལ་ང་རང་ཉིད་ཀྱིས་ཀྱང་ཅི་ཞིག་བཤད་དགོས་པ་མི་ཤེས་པར་འདུག
གང་ལྟར་ཀྱང་། ད་ལྟ་ང་རང་ཁ་དན་ནམ་དམ་བཅའ་ཞིག་ལེགས་འགྲུབ་བྱུང་བའི་སྤྲོ་སྣང་གི་དབང་དུ་གྱུར་ཡོད། ལོ་གང་མང་གི་སྔོན་དུ་ངས་ལོ་དུ་མ་རེའི་ནང་དུ་ལྷ་སའི་སྐོར་གྱི་སྒྲུང་གཏམ་རེ་འབྲི་བ་དང་། སྒྲུང་གཏམ་གསུམ་གྱི་ནང་ནས་རང་གིས་ངོ་ཤེས་ཤིང་གོམས་འདྲིས་སུ་གྱུར་པའི་མི་སྣ་གཙོ་བོ་སྟེ། ཕུན་རྣམ་དང་ལྷ་མཛེས་གཉིས་ཀྱི་མི་ཚེའི་འགྱུར་ལྡོག་ཆ་ཚང་ཞིག་འབྲི་བར་ཁས་ལེན་བྱས་པ་ཡིན། ང་ལ་མཚོན་ན་ཁས་ལེན་དམ་བཅའ་འདི་ནི་ཅི་འདྲའི་གཙིགས་ཆེ་བ་ཞིག་ཡིན་ཨང་། འདི་ནི་ངས་སྒྲུང་གཏམ་གསུམ་ལེགས་འགྲུབ་ཡོང་བར་འབད་འབུངས་བྱེད་པ་ཁོ་ནའི་དོན་སྙིང་ཙམ་མ་ཡིན་པར། རང་གིས་ན་ཆུང་གི་དུས་ནས་རྒྱུན་འཁྱོངས་བྱས་པའི་དགའ་ཕྱོགས་དང་དེ་ལས་རྙེད་པའི་རིན་ཐང་ཞིག་ལོ་ཟླའི་ཟང་ཟིང་གི་ཀློང་ནས་བོར་སྟོར་བྱས་མེད་པའི་སེམས་གསོ་ཞིག་ཡིན། དེ་བས་ཀྱང་གླེང་རི་བ་ནི། རྩིས་འཁོར་དུ་བཤིབས་ཤིང་བསྒྲིགས་ན་གཟུགས་ཀྱི་ཆ་ནས་མིག་ལ་མཛེས་ཤིང་། ངག་ནས་གདངས་སུ་གྱེར་ན་གསུང་གི་ཆ་ནས་རྣ་བར་སྙན་པ། ཚིག་ལ་གོ་བ་བླངས་ན་ཐུགས་ཀྱི་ཆ་ནས་སེམས་ལ་འབབ་པའི་བོད་སྐད་ཡིག་གི་སྐུ་གསུང་ཐུགས་གསུམ་འདི་ལ། དུས་དང་རྣམ་པ་ཀུན་དུ་ང་རང་དམ་པོར་འཐམ། མིག་ལ་བསྐྱིལ། ཡིད་ལ་ཉར་ཏེ། མི་ཚེའི་གོ་རིམ་རེ་རེ་ཕར་སྐྱེལ་བའི་ལས་ཀ་འདིར། རང་གི་མི་ཚེའི་ཐོབ་ཐང་དང་འཚོ་གནས་ཀྱི་འགྱུར་ལྡོག་གང་གིས་ཀྱང་འགྱུར་བ་གཏོང་མ་ཐུབ་པར། སྔར་བཞིན་ལག་ལེན་ལས་རྒྱུན་འཁྱོངས་བྱས་ཡོད་པ་དེ་ཡིན། རྒྱུན་འཁྱོངས་འདི་འདྲ་ཡོད་པས། ངས་རང་གི་ཚེ་སྲོག་གི་གྲུ་ཆུང་དུས་འགྱུར་གྱི་རླབས་ཕྲེང་བར་ནས་ཁ་ཕྱོགས་མི་འབོར་བར་ཡིད་ཆེས་སྐྱེས་ཤིང་། ང་ཉིན་རེའི་ཞོགས་པར་ས་མཐའ་ཞིག་ནས་གཉིད་ལས་སད་དུས་ཀྱང་རང་ཉིད་དུས་ནམ་ཡང་ཕ་ས་གོར་མོ་དེ་དང་ཁ་གྱེས་མེད་པར། དེར་དམ་པོར་གླན་ཡོད་པའི་གདེང་ཚོད་ཅིག་སྐྱེས། དེ་ནི་ང་ལ་མཚོན་ན་ཅི་འདྲའི་སྣང་བ་བསོད་མོ་ཞིག་རེད་ཨང་།
སྤྱིར་མཚམས་འདི་ནས་ངས་རྩོམ་རིག་གི་སྐོར་དང་ལྷག་པར་དུ་སྒྲུང་གཏམ་གྱི་སྐོར་ནས་སྐད་ཆ་ཁ་ཤས་བཤད་དགོས་ཀྱང་། དོན་གལ་ལ་བབས་ན་ངས་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས། ཞིབ་ཏུ་བསམས་ན། རྩོམ་པ་པོ་ཞིག་གིས་རང་གི་བརྩམས་ཆོས་ལ་བརྟེན་ནས་སེམས་རིས་སྟོན་རྒྱུ་བསྐྱུར་ནས་ལྡོག་སྟེ་གཞན་ཅི་ཞིག་བཤད་པར་རྩོམ་པ་ནི་ཆེས་ཉེན་ཁ་ཆེ་བ་ཞིག་ཏུ་སྣང་བས། ངས་སྒྲུང་གཏམ་བསྡུས་དེབ་འདིའི་ནང་གི་སྒྲུང་གཏམ་རེ་རེ་ནི་ངའི་སེམས་གཏམ་མམ་ཡང་ན་རང་གིས་བཤད་འདོད་པ་རེ་རེ་ཡིན་ཟེར་རྒྱུ་ལས་ཅང་མེད་པ་འདྲ། སྔོན་ཆད་ཅིག་ལ་རྩོམ་རིག་ནི་འཚོ་བ་དངོས་ཀྱི་མེ་ལོང་ཡིན་ཟེར་བ་ཞིག་གོ་མྱོང་། གལ་ཏེ་གཏམ་འདི་བདེན་ན། ངས་རང་གིས་བྲིས་པའི་སྒྲུང་གཏམ་འདི་དག་ད་ལྟའི་དུས་ཀྱི་བོད་པའི་འཚོ་བའི་རང་གཟུགས་ཤར་བའི་མེ་ལོང་ཞིག་ཏུ་འགྱུར་ན་ཅི་མ་རུང་སྙམ་པའི་ཧམ་པ་ཆུང་ཆུང་ཞིག་ཡོད་ཅིང་། ད་དུང་ང་སྒེར་ལ་མཚོན་ན་ཡང་རང་གི་མི་ཚེའི་འགྲོ་སྟངས་འཆར་བའི་མེ་ལོང་ཞིག་ཏུ་འགྱུར་བའི་འདོད་འདུན་ཡང་ཡོད་དེ། ང་ཚོས་མེ་ལོང་ནང་ནས་རང་གཟུགས་མཐོང་ཐུབ་པ་དང་། སོ་སོའི་སྐྱིད་སྡུག་གི་རྣམ་འགྱུར་མཐོང་ཐུབ་པའི་སྨོན་འདུན་ཡོད། དེ་ལྟར་མཐོང་རྗེས། སྤྱི་བའི་གནས་སྟངས་ཤིག་དང་སྒེར་པའི་བདམས་ཀ་ཞིག་གི་བར་གྱི་འགལ་འབྲེལ་དང་། འཚོ་བའི་སྐྱིད་སྡུག་དང་ཚེ་སྲོག་གི་རིན་ཐང་བར་གྱི་བསམས་གཞིག་ལ་ངེས་རྟོགས་རོབ་ཙམ་ཡོང་བའི་སྨོན་འདུན་ཡང་མི་ཆུང་བ་ཞིག་ཡོད།
ད་ལྟའི་དུས་སུ། ང་འཁྱིལ་ཆུ་ཆུང་ཆུང་ཞིག་གི་ཚུལ་དུ་རང་གི་བར་སྟོང་ཆུང་ཆུང་ཞིག་ནས་གསོན་ཤུགས་ཤོར་བའི་ཉམས་ཀྱིས་བསྡད་ནས་ཡུན་རིང་འགོར། དེ་བས་ཀྱང་རི་ལྡེབས་སུ་བབས་པའི་ཁ་བའི་འདབ་མ་ཞིག་དང་མཚུངས་པར་འཇགས་ཉམས་ཀྱིས་བསྡད་ནས་ཡུན་རིང་འགོར། ངས་རང་གི་རྒུད་ཉམས་འདི་ལ་ཁ་གཡོར་ས་འོས་མོ་ཞིག་བཙལ་ཡོད་དེ། དེ་ནི་ལྷོད་ལ་བབས་པའི་རྟགས་ཡིན་ཞེས་བཤད་མྱོང་། ཡིན་ན་ཡང་། འདི་ནི་བདེན་པ་མིན་ཏེ། ངས་ནམ་ཡང་རང་ཉིད་རང་གི་སྒྲུང་གཏམ་བཞིན་གཉིད་དུ་ཡུར་བའི་ཆུ་ལྟར་སད་པར་གྱུར་བར་སྙིང་ཕུར་རྡེབ་བཞིན་ཡོད་ཅིང་། རང་ཉིད་ཁ་བའི་འདབ་མ་རྐང་གཅིག་བཞིན་རང་གཤིས་གསལ་བོས་འུར་འུར་ཟིང་ཟིང་གིས་ཚེ་སྲོག་གི་མཁའ་དབྱིངས་སུ་འཕྱོ་བར་ཡང་རེ་ལྟོས་ཀྱིས་ཁེངས་ནས་ཡོད། དེ་ནི་མི་ཞིག་གི་ཚེ་སྲོག་གི་མཛེས་པ་ནི་འགུལ་ཉམས་ཀྱི་རྣམ་པའི་ནང་དུ་ཡོད་པ་དང་། འཚོ་བའི་ལམ་ཀ་ཡང་སོ་སོར་དམིགས་བསལ་གྱིས་ཡོད་པའི་སྒེར་གཤིས་ཤིག་གིས་གཏོད་དགོས་པའི་བདེན་པ་མཐོང་བས་ཡིན། དེར་བརྟེན། ད་ལྟའི་ཆར་འཚོ་གནས་ཀྱིས་ཉམ་ཉེས་སུ་བཏང་ནས་སེམས་ཁོང་དུ་ཆུད་མཁན་དང་། ཐོག་མའི་ཕུགས་འདུན་བོར་ནས་གནས་སྐབས་སུ་མི་ཚེའི་ཁ་ཕྱོགས་ཤོར་བའི་ཀློག་མཁན་ལ་ཡང་། ངས་རང་གི་བརྩམས་ཆོས་ཀྱིས་འདི་ལྟ་བུའི་བློ་བསྐྱེད་ཅིག་བསྟབ་འདོད་ལ། ཁོང་རྣམ་པ་དུས་ནམ་ཡང་དུས་འགྱུར་གྱི་རླབས་ཕྲེང་བར་ནས་གསོན་སྟོབས་ཀྱིས་ཁེངས་ཤིང་དཔའ་སྤོབས་ཀྱིས་བརྟས་པ། འཚོ་བའི་དཀའ་སྡུག་གི་ཀློང་ནས་ཚེ་སྲོག་གི་མཛེས་སྡུག་དང་མི་ཚེའི་རིན་ཐང་ཚོར་ཐུབ་མཁན་འབའ་ཞིག་ཏུ་འགྱུར་བ་དང་། ཁོང་རྣམ་པའི་མི་ཚེའི་འགྲུལ་བཞུད་ཀྱི་བཤུལ་ལམ་དུ་ཉི་འོད་ཀྱིས་ཁེངས་པའི་སྨོན་འདུན་ཡོད།
མཇུག་ཏུ། གལ་ཏེ་ང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གང་རུང་གི་སྲང་ལམ་ནས་ཁྱེད་དང་མཇལ་བ་དང་། ཁྱེད་ཀྱིས་ཀྱང་ང་ལ་ཕྱག་འཇུ་གནང་ན། ང་ཚོས་གོང་དུ་བཤད་པའི་ཚོར་བ་དེ་དག་ཁ་བརྡ་བྱས་ཆོག
ལྷ་བྱམས་རྒྱལ་གྱིས་པེ་ཅིང་ནས་བྲིས།
༢༠༢༦ལོ་སྤྱི་ཟླ་༢པའི་ཚེས་༢༨ཉིན།
ཞོར་དུ་ཞུ་རྒྱུར་དེབ་འདི་མངགས་ཉོ་གནང་འདོད་མཁན་དག་གིས་གཤམ་གྱི་བཤེར་རིས་དང་དཔེ་ཁང་བརྒྱུད་ནས་ཉོས་ཆོག་ལ། ད་དུང་གཞན་ས་གནས་སོ་སོའི་དཔེ་ཁང་དུ་ཡང་མི་འགྱངས་པར་སླེབས་སྲིད་ཅིང་། དེ་གར་མངགས་ཉོ་གནང་བར་ཞུ།

རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

