ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། 《རྒྱུས་མེད་ནང་གི་རྒྱུས་ཡོད།》

ཉི་ཧོང་དུ་སྡོད་པའི་རིང་ཞིག་ལ། ཐེངས་ཤིག་ཉི་ཧོང་གི་གྲོགས་པོ་ཞིག་དང་ལྷན་དུ་ངས་བྲིས་པའི《དོང་ནང་དུ་མེ་ཏོག་གངས་ལྷ་བཞད་འདུག》ཅེས་པའི་སྒྲུང་གཏམ་གྱི་སྐོར་ལ་ཁ་བརྡ་ཕྲན་ཙམ་བྱས་མྱོང་།
ཁོང་ནི་ཉི་ཧོང་གི་རྩོམ་རིག་དཔྱད་བརྗོད་པ་རྒན་གྲས་ཤིག་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་རྩོམ་རིག་བརྩམས་ཆོས་ཉི་ཧོང་སྐད་དུ་བསྒྱུར་བར་ལོ་རེར་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་འདེམ་པའི་དཔྱད་འདེམ་པའི་གྲས་ཀྱང་ཡིན། ཐོག་མའི་ཁམས་བདེ་ཞུས་རྗེས། ངེད་གཉིས་ཀྱིས་རྩོམ་རིག་གི་སྐོར་ཁ་བརྡ་བྱས། མ་གཞིར་ཁོང་གིས་ངའི་ཉི་འགྱུར་མའི་སྒྲུང་གཏམ་སྐོར་ལ་གཞུང་ལུགས་ཀྱི་ཟབ་ཚད་དང་མཐོ་ཚད་ཅན་གྱི་གདེང་འཇོག་ཅིག་གནང་རྒྱུའི་རེ་བ་ཆུང་ཆུང་ཞིག་ངའི་སེམས་སུ་མངོན་ཆུང་གིས་བསྐུངས་ཡོད་ཀྱང་། ཁ་བརྡའི་ཡུན་རིང་དུ་བསྲིངས་པ་དང་བསྟུན་ནས། རེ་སྒུག་ཁྲོད་ཀྱི་སྐད་ཆ་དེ་རིགས་ཁོང་གི་ཞལ་ནས་འབྱོན་རྒྱུ་མ་བྱུང་། དེ་ལས་ལྡོག་སྟེ་ཁོང་གིས་ཀློག་པ་པོ་ཞིག་ངོས་ནས་ངའི་སྒྲུང་གཏམ་བཀླགས་པའི་ཚོར་སྣང་འབའ་ཞིག་གླེང་ཡོང་བ་དང་། རྩོམ་རིག་གི་གཞུང་ལུགས་དང་གྲུབ་འཐའ། འབྲི་ཐབས་སོགས་ཀྱི་གླེང་གཞི་ནི་ཚིག་ཟུར་ཙམ་ཡང་གླེང་མ་བྱུང་། ངས་ཁ་བརྡའི་ཁྲོད་ནས་ཁོང་ཚོར་ཤེས་སྙི་མོ་ཅན་དུ་གྱུར་འདུག་ཅིང་། རྩོམ་རིག་དཔྱད་བརྗོད་པར་རང་ཆས་སུ་མངའ་བའི་གཟུར་གནས་དང་། དཔྱོད་ཤེས་དེ་རིགས་མེད་པ་ཚོར། ཁོང་གིས་སེམས་འགུལ་དང་བཅས་ངའི་སྒྲུང་གཏམ《དོང་ནང་དུ་མེ་ཏོག་གངས་ལྷ་བཞད་འདུག》ཅེས་པར་བླ་ལྷག་གིས་དགའ་མོས་ཡོད་ཟེར་ཞིང་། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་དངངས་སྐྲག་དེ་རིགས་དུས་ཡུན་རིང་བོར་ཁོང་ལ་ཡང་ལུས་དང་གྲིབ་མ་བཞིན་ཡོད་པར་མ་ཟད། འཚོ་བའི་ནང་དུས་དང་རྣམ་པ་ཀུན་དུ་བདེ་འཇགས་མིན་པའི་འཚབ་སྣང་དང་རྨོངས་འཐོམ་གྱིས་ཁེངས་ཡོད་ཟེར། ཁོང་གིས་ཁའོ་ཧྥེ་ཁམ་གཅིག་ཧུབ་ཆུང་ངུས་འཐུང་པ་དང་རྫ་དཀར་གྱི་ཕོར་བ་དེ་ལག་ཟུང་གིས་བསྐྱོར་ནས་ཉི་ཧོང་གི་མིར་དམིགས་ཀྱིས་མངའ་བའི་གཟབ་ནན་དང་ལྷག་བསམ་གྱི་རྣམ་འགྱུར་ཅིག་མངོན་བཞིན་ང་ལ་འདི་སྐད་སྨྲས་བྱུང་སྟེ། ཁྱེད་ཀྱིས་སྒྲུང་གཏམ་བརྒྱུད་ནས་ང་ལ་མུན་ནག་ནང་དུ་མེ་ཏོག་རྐང་ལྷ་རྐང་གཅིག་ཡོད་ཅེས་གསུངས་པར་ཐུགས་རྗེ་ཆེ། བློས་བསླངས་འདི་ནི་ཁྱད་མཚར་ཅིང་ཡིད་དུ་འོང་སྟེ། ངའི་སེམས་ནང་དུ་དར་ཅིག་ལ་རེ་བ་འགོག་མེད་ཅིག་སྤྲད་སོང་ཟེར། ངས་ཁོང་ལ་ཁྱེད་རང་མདོ་དབུས་མཐོ་སྒང་དུ་ཕེབས་མྱོང་ངམ་ཞེས་བཀའ་འདྲི་གནང་། ཁོང་གིས་སོང་མ་མྱོང་ཡང་ཁྱེད་ཀྱི་སྒྲུང་གཏམ་བཀླགས་རྗེས། ད་ནི་འགྲོ་སྙིང་ཆེན་པོ་འདུག་ཅིང་། སྒྲུང་གཏམ་ནང་བྲིས་ཡོད་པའི་དོང་ནག་པོ་དེ་དག་ལ་བལྟ་རུ་འགྲོ་འདོད་འདུག་ཟེར། ཁོང་གིས་མུ་མཐུད་དུ་ཁའོ་ཧྥེ་ཁམ་གཅིག་འཐུང་བ་དང་། མཚར་སྣང་ཆེན་པོས་ཉི་ཧོང་དུ་ཁྱེད་ཀྱི་སྒྲུང་གཏམ་ནང་གི་རི་སུལ་གྱི་ནག་དོང་དེ་རིགས་མེད་པ་འདྲ་ཞིང་། དོང་ནང་དུ་འབྲུག་དགུན་ཉལ་བྱས་ཡོད་པའི་ངག་རྒྱུན་མཚར་པོ་དེ་རིགས་ཀྱང་མེད་པ་འདྲ། ང་ཁྱེད་ཀྱི་ཕ་ཡུལ་དུ་དོང་དེ་དག་ལ་བལྟ་རུ་འགྲོ་འདོད། འདི་སྐྱིད་པོ་ཞིག་ཡིན་སྲིད་ཨང་ཟེར།
ཉི་ཧོང་གི་གྲོགས་པོར་བདེ་མོ་བཞག་རྗེས། ང་གློག་འཁོར་དུ་བསྡད་ནས་རང་གི་སྡོད་ཤག་ཏུ་ལོག ལམ་བར་དུ། ངས་ཚིག་གཅིག་གི་ཕྱི་ནང་ལ་བསམ་བློ་ཡང་ཡང་བཏང་། དེ་ནི་རྒྱུས་མེད་ནང་གི་རྒྱུས་ཡོད་ཟེར་བ་དེ་ཡིན། ཉི་ཧོང་གི་གྲོགས་པོས་གསུངས་པ་ནང་བཞིན། ཁོང་ལ་མཚོན་ན་ངའི་སྒྲུང་གཏམ་ནང་བསྟན་ཡོད་པའི་འཚོ་བ་དང་དོན་དག་དེ་དག་ནི་ཅི་འདྲའི་རྒྱུས་མེད་ཅིག་ཡིན་ལ། ཁོང་གིས་ངའི་ཡིག་འབྲུ་རེ་རེའི་ཞིབ་འབྲི་བརྒྱུད་ནས་དོན་དངོས་ཀྱི་གནས་སྟངས་དང་ཡོངས་སུ་མཐུན་པའི་འཆར་ཡན་ཡང་བྱེད་དཀའ་ངེས། ཡིན་ན་ཡང་། གནད་འདི་ནི་ངེད་གཉིས་ཀྱི་ཁ་བརྡའི་ཁྲོད་ནས་འགངས་ཆེན་པོ་ཅི་ཡང་མ་ཡིན་པར། དེ་ལས་ལྡོག་སྟེ་སྒྲུང་གཏམ་གྱིས་སྤྲད་པའི་སེམས་འགུལ་དེ་དང་། བློ་འབྱེད་དེ། རེ་བ་དེ་གལ་ཆེ་ནས་ཆེ་རུ་འབུར་དུ་དོད་པ་དང་། ངེད་གཉིས་ཀྱི་བར་དུ་རྒྱུས་ཡོད་པའི་གླེང་གཞི་ཞིག་ཏུ་གྱུར་སོང་། ངེད་གཉིས་རྒྱུས་ཡོད་པའི་གླེང་གཞི་འདིའི་མཐའ་ནས་སྙིང་ཉེ་བར་གྱུར་ཅིང་། ཁ་བརྡ་བྱེད་པའི་ངང་ཚུལ་ཡང་རིམ་གྱིས་ལྷག་བསམ་ཟོལ་མེད་དང་མཉེས་གཤིན་འཇམ་པོས་ཁེངས་པར་གྱུར། གློག་འཁོར་ངའི་མནོ་བསམ་གྱི་ཀློང་ནས་བྲེལ་མགྱོགས་ཀྱིས་མདུན་དུ་བཞུད་གྱིན་འདུག གློག་འཁོར་ནང་གི་རྣམ་འགྱུར་འཁྱག་པོའི་མི་རྣམས་དང་། གློག་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་གྱི་ཉི་ཧོང་གི་རྒྱལ་ས་ཐའོ་ཁྱེའོ་ཡི་འཚང་ཁ་ཆེ་ཡང་གྲལ་འགྲིག་པའི་གྲོང་ཁྱེར་གྱི་སྲང་ལམ་དང་བཟོ་བཀོད། ངའི་ཉན་ལམ་དུ་འཚང་ཡོང་བའི་གློག་འཁོར་འབབ་ཚིགས་སུ་སླེབས་པར་སྔོན་བརྡ་རྒྱག་པའི་ཕྱི་སྐད། ངའི་ཁ་གཏད་ཀྱི་འདུག་སྟེགས་ཀྱི་ཤ་མདོག་ནག་པོའི་ཨ་ཧྥེ་རི་ཁའི་མི་རྒྱུད་ཀྱི་སྐྱེས་པ་བཅས་ཏེ། ང་རང་སྐབས་དེར་ཞུགས་པའི་འཇིག་རྟེན་དེ་ནི་རྒྱུས་མེད་པ་ཞིག་ཡིན་ལ། ཕར་བལྟས་ཚོད་ཀྱིས་ང་རང་གིས་ཡར་སྔོན་བརྒྱུད་མྱོང་བའི་མི་དང་བྱ་དངོས་དང་བསྡུར་ན་རྩ་བ་ནས་མི་འདྲ་བ་ཞིག་ཡིན་པས། དེ་ནི་རྒྱུས་མེད་པའི་རྒྱལ་ཁམས་ཤིག་རེད། ཡིན་ན་ཡང་ངས་ཞིབ་ཏུ་དོ་སྣང་བྱེད་དུས་རྒྱུས་མེད་པའི་ཕྱིའི་སྣང་ཚུལ་དག་གི་འོག་ཏུ་རྒྱུས་ཡོད་པའི་གནས་ཚུལ་མང་བོ་ཞིག་ཡོད་པ་མཐོང་། རྒྱུས་མེད་པའི་ཆ་ཤས་དེ་དག་ནི་དོན་དམ་དུ་གདོད་མའི་ཚོས་མདོག་གཅིག་ཡིན་པའི་རས་གཞི་ཐར་གཅིག་གི་ངོས་སུ་བྲིས་པའི་ཁ་དོག་སྣ་ལྔ་དང་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་རེ་རེ་ཡིན་པ་དང་། མི་མཚུངས་པའི་ཆ་ཇི་ལྟར་མང་རུང་། རྩ་བའི་རྣམ་པ་དང་མ་གཞིའི་ཁ་དོག་གཅིག་རེད་འདུག ངས་ཁ་གཏད་ཀྱི་ཨ་ཧྥེ་རི་ཁའི་མི་རྒྱུད་ཀྱི་སྐྱེས་པ་དེའི་རྣམ་འགྱུར་དུ་བབས་པའི་མཚར་སྣང་དང་། གུད་ཀྱི་ཉི་ཧོང་གི་སྐྱེས་པ་དེའི་གདོང་གི་ཐང་ཆད་པའི་ཉམས་མཐོང་བྱུང་ལ། རྒྱང་སྒྲོག་ལས་མཆེད་ཡོང་བའི་སྐད་སྒྲ་ཡི་འདེགས་འཇོག་དམ་ལྷོད་ཐོས་བྱུང་ཞིང་། དེ་མིན་ད་དུང་གློག་འཁོར་སྒེའུ་ཁུང་ཕྱི་རོལ་གྱི་ཁྲ་ཚོམ་གྱི་གློག་འོད་དང་རབ་རིབ་ཀྱི་འདུ་འགོད་སོགས་ཀྱང་ཉམས་སུ་མྱངས་སོང་། འདི་ཡོད་ཚད་ནི་མི་ཡུལ་གྱི་ཐུན་མོང་གི་རྣམ་པ་ཞིག་ཡིན་པ་དང་། ཅི་འདྲའི་རྒྱུས་ཡོད་པ་ཞིག་རེད་ཨང་། ང་ལ་མཚོན་ན་འགྲེལ་བརྗོད་དང་གསལ་བཤད་ཅི་ཡང་རྒྱག་མི་དགོས་པར་ལས་སླ་བོའི་སྒོ་ནས་དེ་དག་གི་ཕྱིའི་སྣང་ཚུལ་གྱི་འོག་ལ་བསྙབ་ཐུབ་ཅིང་། འཚོ་གནས་ཀྱི་གནས་སྟངས་འདྲ་འདྲ་ཞིག་དང་འཚོ་བའི་ཉམས་མྱོང་དང་སེམས་ཀྱི་ཚོར་ཤེས་ཐུན་མོང་ཅན་ཞིག་རང་བཞིན་གྱིས་ཚོར་ཡོང་།
ལོ་འདི་འགར། སྟབས་ལེགས་པ་ཞིག་ལ་ང་རང་ཡུལ་གྲུ་མང་པོ་ཞིག་ལ་ཕྱིན་ཏེ་མིའང་མང་པོ་ཞིག་ལ་འཕྲད་མྱོང་། ཐོག་མར་ཐུག་དུས་ང་ལ་རྟག་ཏུ་ཡུལ་གྲུ་དེ་དག་དང་མི་དག་ལ་རྒྱུས་མེད་པའི་ཚོར་བ་ཞིག་སྐྱེས་ཡོང་ཞིང་མཚར་སྣང་འགོག་མེད་ཅིག་སྐྱེས། དེ་དག་གི་རྣམ་པ་དང་། སྣང་ཚུལ། འགྲོ་སྟངས། མངོན་སྟངས། རྣམ་འགྱུར། བྱ་བྱེད་ཆ་ལུགས་སོགས་ཀྱིས་མཚམས་རེར་བློ་ཡུལ་ལས་འགོངས་པ་དང་། ཁས་ལེན་སྤྲོད་མི་འདོད་པ། དང་ལེན་བྱེད་མི་ཕོད་པ་སོགས་ཀྱི་མི་གོམས་མི་འདྲིས་པའི་ཚོར་བ་རེ་བསྐྱེད་ཡོང་། ང་ནི་རྣམ་ཀུན་རྣམ་པ་ཕྲ་མོར་ཞིབ་རྟོག་བྱེད་པར་བླ་ལྷག་གིས་སྤྲོ་བ་ལྡན་པའི་མི་ཞིག་ཡིན་ལ་དེ་ལ་བརྟེན་ནས་མཐའ་སྡོམ་འོས་འཚམ་རེ་ཡང་རྒྱག་པར་སྤྲོ།
ལོ་འདི་འགར། རྒྱུས་མེད་པའི་མི་དང་བྱ་དངོས་དེ་དག་ལ་འཕྲད་ཅིང་དེ་དག་གི་ལྟག་རྒྱབ་ཀྱི་རྒྱུས་ཡོད་པའི་ཆ་དེ་དག་ཚོར་ཡོང་དུས། ང་ལ་རང་གི་ངོས་ཟིན་དམིགས་བསལ་བ་ཞིག་ཆགས་སོང་། དེ་ཡང་ས་ཡི་གོ་ལ་རིལ་མོ་འདིའི་སྒང་དུ་འཚོ་ཞིང་གཞེས་ལ། སྟོང་བའི་ཁམས་ཆེན་པོ་འདིའི་ནང་གི་རིགས་གཅིག་གི་ཚེ་སྲོག་ཅིག་ཡིན་པའི་ཆ་ནས། ང་ཚོ་ཕན་ཚུན་བར་དུ་ཅིའི་ཕྱིར་རྒྱུས་མེད་པའི་ཚོར་བ་བྱུང་བ་རེད་དམ། འདི་གནད་འགག་ཅིག་ཡིན་ཡང་དོན་དམ་དུ་རྙོག་འཛིང་ཞིག་གཏན་ནས་མིན་ཏེ། ལན་ཡང་སྟབས་བདེ་བོར་བཏབ་ཆོག་པ་འདྲ། ཡིན་ངེས་པ་ནི། འགྲོ་བ་མིའི་རིགས་ཀྱིས་རང་ལ་ངོས་འཛིན་སྟངས་ཟུར་སྣེ་མི་འདྲ་བ་གཉིས་ཀྱིས་གྲུབ་ཡོད་པ་ལ་གཅིག་ནི་སྤྱི་ཚོགས་ཀྱི་ཆ་ནས་ངོས་འཛིན་པ་དང་ཅིག་ཤོས་ནི་རང་བྱུང་གི་ཆ་ནས་ངོས་འཛིན་པ་དེ་རེད། ཞིབ་ཏུ་བཀྲལ་ན། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་འོག་ནས་འགྲོ་བ་མིའི་རིགས་ལ་ཕྱིའི་བྱད་གཟུགས་མི་འདྲ་བ་རེ་མངོན་རྒྱུ་ཡོད་དེ། དཔེ་བཞག་ན་ཤ་མདོག གཟུགས་བྱད། སྐྲ་མདོག་སོགས་མི་གཅིག་པའི་མི་རིགས་སྣ་མང་ཡོད་ཅིང་། ང་ཚོའི་དབང་པོ་ལྔ་ཡི་ཚུགས་ཀ་དང་གཟུགས་པོའི་མཐོ་དམའ་དང་ཚོ་སྐམ་སོགས་ལ་ཡང་ཕྱིའི་རང་བྱུང་ཁོར་ཡུག་གིས་དེ་དང་མཐུན་པའི་གཏུབ་གཅོད་བྱས་པ་ནང་བཞིན་གྱི་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་རེད། དུས་མཚུངས་སུ། སྤྱི་ཚོགས་ཁོར་ཡུག་མི་འདྲ་བ་རེའི་འོག་ཏུ།མིའི་རིགས་ཀྱི་ཚོགས་པ་སོ་སོའི་བར་དུ་མཛེས་དཔྱོད་ཀྱི་ལྟ་སྟངས་དང་། རིན་ཐང་གི་ལྟ་བ། ཆ་ལུགས་བྱ་སྤྱོད། སྒེར་བའི་གཤིས་ཀ་སོགས་མི་འདྲ་བ་རེ་གྲུབ་རྒྱུ་ཡོད། རང་བྱུང་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་མི་འདྲ་བས་བསྐྱེད་པར་བྱས་པའི་མི་དང་མིའི་བར་གྱི་རྒྱུས་མེད་ཀྱི་ཚོར་བ་དེས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཕུན་ཚོགས་སྣ་མང་གི་ཁྱད་ཆོས་དེ་བསྐྲུན་པ་དང་། ང་ཚོས་ཕན་ཚུན་ལ་རྒྱུས་ལོན་བྱེད་འདོད་ཀྱི་མཚར་སྣང་བྱུང་ཞིང་།མི་དང་མིའི་བར་དུ་འགྲོ་འོང་བྱས་ནས་ངོ་ཤེས་བསྒྲིག་འདོད་ཀྱི་ཆེས་གདོད་མའི་སྒུལ་ཤུགས་དེ་བྱུང་བར་འདོད། དེ་ཡང་། ང་ཚོས་ཇི་ལྟར་རྒྱུས་མེད་ཀྱི་ཡོལ་རས་ཕར་བཤུས་ནས་རྒྱུས་ཡོད་ཀྱི་ངོ་གདོང་གསལ་ལེར་མངོན་པར་བྱས་པ་ཡིན་ནམ། ང་རང་གི་འདོད་ཚུལ་ལྟར་ན་དེ་ཡང་འགྲོ་བ་མིའི་རིགས་ཀྱི་ཁྱད་ཆོས་སུ་གྲུབ་པའི་རང་བྱུང་དང་སྤྱི་ཚོགས་གཉིས་ཀྱི་ཁྱད་ཆོས་ལྡན་པའི་ཆ་ནས་དྲིས་ལན་དེ་བཙལ་ཆོག་པར་སྙམ། བདེན་ཏེ། མིའི་རིགས་ནི་ཐོག་མར་རང་བྱུང་ཁམས་ཆེན་པོའི་ཐོན་དངོས་ཤིག་ཡིན་པ་དང་། རང་བྱུང་ཁམས་ནི་ཉམས་དང་དབྱིབས། མདོག་དང་རྒྱུ་སོགས་རྣམ་པ་སྣ་ཚོགས་པ་ཞིག་གིས་གྲུབ་ཡོད་པ་ནང་བཞིན། དེའི་བསྐྱེད་འབྲས་སུ་གྱུར་པའི་འགྲོ་བ་མིའི་རིགས་ཀྱང་དེ་དང་བསྟུན་ནས་ཤ་གཟུགས་དང་ཆ་ལུགས་སོགས་རྣམ་པ་སྣ་ཚོགས་པ་ཞིག་ཡིན་པ་ངེས་གཏན་རེད། ཡིན་ན་ཡང་། རང་བྱུང་ཁམས་ཆེན་མོའི་རྣམ་པ་སྣ་ཚོགས་པ་འདི་མཐར་གཏུགས་ན་དེའི་ཕྱིའི་སྣང་ཚུལ་ཙམ་ཡིན་ཏེ། སྣང་ཚུལ་འདི་ཡོད་རྒུའི་ནང་ནས་ཐུན་མོང་གི་ཁྱད་ཆོས་ཤིག་སྤྱི་བསྡོམས་བྱས་ཆོག དེ་གང་ཡིན་ཞེ་ན་དེ་ནི་རང་བྱུང་ཁམས་ཀྱི་གྲུབ་ཆ་ཡོད་ཚད་དེ་ལྟར་སྒྲིག་ལམ་ཡོད་པའི་ངང་གནས་ཤིང་། དེ་ལྟ་བུའི་སྒྲིག་ལམ་ལས་ང་ཚོས་བླ་ན་མེད་པའི་ཤེས་རབ་ཅིག་ཚོར་ཡོང་སྲིད། དེ་ལྟ་བུའི་ཤེས་རབ་ཀྱི་རིན་ཐང་ལ་ཡང་ཁ་ཕྱོགས་གཅིག་མ་གཏོགས་མེད་དེ། དེ་ནི་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱ་རྒྱུ་དེ་རེད། སྐད་ཆ་འདིར་གོ་བ་གསལ་པོ་ཞིག་ཡོང་ཆེད། ངས་འདི་ནས་ལྗོན་ཤིང་རྐང་གཅིག་དཔེར་བླངས་ནས་བཤད་ཡོང་། ནགས་ཚལ་ནང་གི་ལྗོན་ཤིང་ནི་དེ་ལྟར་མང་ཡང་དུས་ནམ་ཡང་ཕན་ཚུན་བར་དུ་བར་ཐག་ངེས་ཅན་ཞིག་བཞག་ནས་སྐྱེས་བཞིན་ཡོད་དེ། སོ་སོ་སྐྱེས་འཚར་འབྱུང་བར་བར་སྟོང་འདང་ངེས་ཤིག་བསྐྱུར་ནས། སྤྱིར་བཏང་ལྗོན་ཤིང་རེ་རེར་ལོ་འདབ་བཞད་ཅིང་ཡན་ལག་དང་ཉིང་ལག་བསྐྱེད་དེ་གཉོམ་ལག་རྒྱས་པ་ལ། ལྗོན་ཤིང་གཅིག་ལྗོན་ཤིང་གཅིག་གི་གེགས་སུ་མི་འགྲོ་བར་སྒྲིག་ལམ་འདིར་ལྷན་སྐྱེས་ཀྱིས་བརྩི་འཇོག་བྱེད་པའི་ངང་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོད། ཞིབ་ཕྲའི་ཆ་ནས་ལྗོན་ཤིང་གི་ལོ་མ་ཡང་དེ་ལས་མ་འདས་ཏེ། ཉི་འོད་ཀྱི་འཚོ་བཅུད་གང་ནུས་ཀྱིས་གཞིབ་ཆེད་དང་། ཡང་ན་གྲང་རེག་གི་གནོད་འཚེ་ལ་ཅི་ནུས་ཀྱིས་གཡོལ་ཆེད། ཧ་ཅང་ཐབས་མཁས་ཀྱིས་གནམ་གཤིས་ཀྱི་ཁྱད་ཆོས་ལ་བསྟུན་ནས་ལོ་མའི་དབྱིབས་ཀྱི་ཆེ་ཆུང་བདམས་ཡོད་ཅིང་། ལྗོན་ཤིང་གི་ཤེས་རབ་མངོན་ཡོང་། འདི་ལྟ་བུའི་གཞན་ལ་འཚེ་བ་མི་བྱེད་ཅིང་། དུས་མཚུངས་སུ་རང་གི་སྐྱེས་འཚར་ལ་རྔོ་ཐོགས་པའི་འགྲོ་སྟངས་འདི་ལ། ནང་བའི་ཆོས་ཀྱིས་ཐབས་ཤེས་ཟུང་འཇུག་ཏུ་བསྡུ་ཞིང་། དེའི་ངོ་བོ་ནི་བརྩེ་བ་ཆེན་པོའི་སྙིང་རྗེར་འཇོག་བཞིན་ཡོད། གཞན་ཞུ་རྒྱུ་ནི། སྤྱི་ཚོགས་ཀྱི་ཐོན་དངོས་སུ་གྲུབ་པའི་འགྲོ་བ་མིའི་རིགས་འདིས་ད་ལྟའི་བར་དུ་ཟང་ཟིང་ལང་ལོང་གིས་ལོ་རྒྱུས་ཀྱི་འཁོར་ལོ་ཆེན་པོ་ཞིག་མདུན་དུ་བསྐོར་ནས་འགྲོ་ཞིང་། ཞི་རྒྱུ་མེད་པའི་རྩོད་ཉོག་དང་། འཇགས་རྒྱུ་མེད་པའི་འུར་སྐད་སྒྲོག་བཞིན་འགྲོ དེ་ལྟ་ལགས་མོད། ང་ཚོ་མིའི་རིགས་ཀྱི་འབད་བརྩོན་ཡོད་རྒུར་ཐུན་མོང་གི་དམིགས་འབེན་གཅིག་ལས་མེད་དེ། དེ་ནི་མི་དང་མིའི་བར་ལ་འདྲ་མཉམ་དྲང་བཞག་གི་འབྲེལ་བ་ཞིག་འཛུགས་རྒྱུ་དང་། མིའི་རང་དབང་ལ་སྲུང་སྐྱོབ་དང་མིའི་ཕུགས་བསམ་མངོན་འགྱུར་ཡོང་བར་བྱེད་ཆེད་ལས་མ་འདས། ཡོངས་ཁྱབ་རིན་ཐང་གི་ཟུར་ངོས་ནས་འདི་ལ་བདེན་དགེ་མཛེས་གསུམ་ཞེས་སྤྱི་སྡོམ་བྱས་ཡོད་པ་རེད། ང་རང་གི་བསམ་ཚུལ་ལྟར་ན། ནང་པའི་ཆོས་ཀྱིས་བསྟན་པའི་ཐབས་དང་ཤེས་རབ་ཡིན་ན་ཡང་འདྲ། ཡོངས་ཁྱབ་རིན་ཐང་གི་བདེན་དགེ་མཛེས་གསུམ་ཡིན་ན་ཡང་འདྲ། འདི་ནི་ང་ཚོ་འགྲོ་བ་མིའི་རིགས་རང་རང་སོ་སོའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་ཚད་བཀག་ལས་བརྒལ་ནས། ཕན་ཚུན་བར་དུ་མཛའ་གཅུགས་ཀྱི་འབྲེལ་བ་བཙུགས་ཏེ། ཕན་ཚུན་བར་རྒྱུས་ལོན་དང་བསམ་ཤེས་གནང་ཐུབ་པའི་ཆེས་རྩ་བར་གྱུར་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་སྲིད། དེ་བས་ཀྱང་འགྲོ་བ་མིའི་རིགས་ཀྱིས་ཕན་ཚུན་ལ་ཆེས་རྒྱུས་མེད་པའི་ཁྲོད་ནས་ཆེས་རྒྱུས་ཡོད་པའི་ཆ་ཞིག་འཚོལ་བའི་ཐུན་མོང་གི་རྨང་གཞི་དེ་ཡང་ཡིན་སྲིད།
གླེང་གཞི་སླར་ཡང་ངའི་སྒྲུང་གཏམ་དོང་ནང་དུ་མེ་ཏོག་གངས་ལྷ་རྐང་གཅིག་བཞད་ཡོད་ཅེས་པའི་ཕྱོགས་གཅུས་ན། ངས་ཀྱང་དོ་སྣང་བྱུང་མ་བྱུང་གི་མཚམས་ནས་མི་རྣམས་ལ་ཐུན་མོང་གིས་རྒྱུས་མངའ་ཡོད་པའི་བརྗོད་སྙིང་ཞིག་བྲིས་ཡོད་པ་འདྲ། དེ་ནི་འགྲོ་བ་མིའི་རིགས་འདི་རང་བྱུང་གི་བཀག་རྒྱ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་འོག་ནས། བདེ་འཇགས་མེད་པའི་སེམས་ཁུར་ཞིག་དང་མིང་མེད་པའི་དངངས་སྐྲག་ཅིག་ལ་མི་ཚེ་གཅིག་ལ་གདོང་གཏད་དགོས་པ་དེ་རེད། དེ་ལྟ་བུའི་སེམས་ཁུར་དང་དངངས་སྐྲག་ནི་ལྷན་སྐྱེས་ཤིག་ཀྱང་མིན་པའི་ངེས་པ་མེད་ལ། དེ་ནི་ཡུལ་ཁམས་མི་འདྲ་བ་དང་རྒྱལ་ཁོངས་མི་འདྲ་བ། རིགས་རྒྱུད་མི་འདྲ་བའི་མི་ཐམས་ཅད་ལ་ཐུན་མོང་གིས་ཡོད་པའི་སེམས་ཚོར་ཞིག་ཡིན་པས། ཚང་མའི་མྱོང་སྣང་དུ་འདི་ནི་རྒྱུས་ཡོད་པ་ཞིག་ཡིན་པས། ཕན་ཚུན་བར་གསལ་བཤད་མི་དགོས་པ་འདྲ། ངས་རྟག་པར་སྒྱུ་རྩལ་རྩོམ་རིག་གི་ཟིལ་ཤུགས་དེ་དོན་དམ་དུ་ཅི་ཡིན་པ་དང་དེ་ཅིའི་ཕྱིར་མིའི་རིགས་ལ་གལ་ཆེ་བར་མནོ་བསམ་གཏོང་བཞིན་ཡོད། ཕྱིས་སུ་ངས་གཞི་ནས་རང་གིས་ད་ལྟ་འབྲི་བཞིན་པའི་རྩོམ་འདིའི་ཁ་བྱང་སྟེ། རྒྱུས་མེད་ནང་གི་རྒྱུས་ཡོད་ཟེར་བ་འདི་ནི་ཆེས་འོས་འཚམ་གྱི་དྲིས་ལན་རེད་སྙམ། རྩོམ་རིག་བརྩམས་ཆོས་རེ་རེར་མཚོན་ན། ཕྱིར་མངོན་ཡོང་བའི་རྣམ་པ་ནི་སྐད་ཡིག་མི་འདྲ་བ། རྩོམ་ལུས་མི་འདྲ་བ། བརྗོད་བྱ་མི་འདྲ་བ་སོགས་སྣ་ཚོགས་པ་ཞིག་ཏུ་སྣང་ཡོང་ཡང་། བརྩམས་ཆོས་དེ་དག་གིས་མངོན་སྦས་གང་རུང་གིས་བསྟན་ཡོད་པའི་བརྗོད་སྙིང་ནི་གཅིག་ཡིན་སྲིད་དེ། དེ་ནི་ཀུན་ལ་རྒྱུས་མེད་པའི་མི་དང་དང་དོན་ཞིག་བྲིས་པ་བརྒྱུད་ནས་ཀློག་མཁན་ཀུན་ལ་རྒྱུས་མངའ་ཆེ་བའི་བསམ་ཚུལ་ཞིག་སྟོན་རྒྱུ་དེ་ཡིན་སྲིད། འདི་ལྟར་ཕུན་སུམ་ཚོགས་ལ་སྣ་ཚོགས་པའི་ཚོན་མདོག་བྲིས་ཀྱང་། རས་གཞིའི་མ་གདན་གྱི་ཁ་དོག་ཉར་འཇོག་བྱེད་པ་ནི། འགྲོ་བ་མིའི་རིགས་ཀྱི་སྤྱིར་བཏང་གི་བསམ་བློའི་རེ་འདོད་ཅིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཞི་བདེའི་ངང་འདྲ་མཉམ་འཆམ་མཐུན་གྱིས་མཉམ་གནས་ཡོང་བའི་རྩ་བའི་དགོས་མཁོ་ཞིག་ཀྱང་ཅི་ལ་མིན་ཨང་།
མ་ནེ་ལག་པས་སྐྱོར་ནས་ཅུང་ཞིབ་ཏུ་དཔྱད་ན། ངའི་བསམ་བློ་གཏོང་སྟངས་འདིས་ད་ལྟའི་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་བགྲོ་གླེང་བྱེད་བཞིན་པའི་གླེང་བྱ་ཞིག་ལ་རང་བཞིན་གྱིས་རང་གི་ལྟ་ཚུལ་ཏོག་ཙམ་བཏོན་ཡོད་པ་འདྲ། དེང་གི་ཆར་བོད་རྩོམ་གྱིས་སྲོལ་རྒྱུན་རྒྱུད་འཛིན་བྱེད་དགོས་ཞེས་རྩོམ་ནང་གི་འཚོ་བ་དང་། བྱ་དངོས། འདུ་ཤེས་འཛིན་སྟངས། མཛེས་དཔྱོད་འདོན་སྟངས་སོགས་ཀྱི་ཕྱོགས་ནས་མཁས་པ་སྔ་མ་དག་ལ་མ་མཐའ་ཡང་དཔེར་ལྟ་དགོས་ཟེར་ལ། དེ་བས་ཀྱང་ཚིག་སྦྱོར་གྱི་འགྲོ་སྟངས། སྐད་ཆའི་ཉམས་འདོན་སྟངས། ཐ་སྙད་བེད་སྤྱོད་བྱེད་སྟངས་སོགས་ཀྱང་གསུང་རབ་དང་གནའ་དཔེ་སོགས་ལ་སློབ་སྦྱོང་བྱེད་དགོས་ཞེས་པའི་རེ་འདུན་འདོན་བཞིན་འདུག ལྟ་ཚུལ་འདི་རིགས་བྱུང་དོན་ནི། ད་ལྟའི་བོད་ཀྱི་རྩོམ་རིག་གི་བརྩམས་ཆོས་མང་ཆེ་བར་གོང་གི་ཁྱད་ཆོས་དེ་རིགས་རིམ་གྱིས་མེད་པར་འགྱུར་བཞིན་འདུག་ཅེས་པའི་བསྡོམས་ཚིག་ཅིག་རྒྱག་བཞིན་ཡོད་པ་དེ་རེད། ལྟ་བ་འདི་འདྲ་འདོན་མཁན་ལ་ཐུན་མོང་གི་སེམས་ཁུར་ཅིག་ཡོད་པ་ནི། རང་རེའི་རིག་གནས་ཀྱི་གོས་ཆེན་དེར་རྩོམ་རིག་གི་ཆ་ནས་མདོག་ཡལ་བཞིན་འདུག་ཅིང་། མི་རིགས་ཀྱི་སྲོལ་རྒྱུན་དེར་རྩོམ་རིག་གི་ཆ་ནས་རུས་པའི་ནང་གི་རྐང་ཡལ་བཞིན་འདུག་ལ།མདོར་ན་རྩམ་དྲི་ཡལ་བཞིན་འདུག མར་དྲི་ཡལ་བཞིན་འདུག་པའི་ཕངས་སེམས་དེ་ཡིན་པ་འདྲ། སྤྱིར་སྐད་ཆ་འདི་རིགས་བམ་བཤད་ཅིག་གམ་སྤྱི་བཤད་ཅིག་ཏུ་གྱུར་ཏེ། བྱེ་བྲག་ཏུ་བབས་ན་དོན་དངོས་ཀྱིས་གདེག་རྒྱུ་ཅུང་ཁག་པོར་སྣང་སྲིད་ཀྱང་། གནས་ལུགས་ཀྱི་ཆ་ནས་མི་བདེན་པའི་ཆ་ཅི་ཡང་ཡོད་མི་སྲིད་ལ། ལྷག་བསམ་ལ་དེ་བས་ཀྱང་དོགས་པ་བྱེད་དོན་མེད་པར་མ་ཟད། དཔྱོད་ལྡན་སུས་ཀྱང་ང་ཚོར་དུས་རབས་འདི་འདྲའི་འོག་ནས་འདི་ལྟ་བུའི་སེམས་ཁུར་ཡོད་པའི་གནད་དེར་ཡང་ངེས་ཤེས་མི་འདྲོངས་པ་གང་ཡང་ཡོད་མི་སྲིད།
ཡིན་ན་ཡང་། ཅུང་བྱེ་བྲག་ཏུ་བབས་ཏེ་བཤད་ན། ང་རང་གིས་ནི་མཐའ་གཅིག་ཏུ་ཁས་ལེན་སྤྲོད་འདོད་པ་ནི་རྩོམ་པ་པོ་གང་ཞིག་བོད་ཀྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཁུག་ངེས་ཅན་ཞིག་ནས་སྐྱེས་འཚར་བྱུང་པ་དང་། དེ་བས་ཀྱང་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ནས་ཆེན་པོ་ཆགས་པ་ཡིན་ན། དེས་བྲིས་པའི་རྩོམ་ལ་ཅིས་ཀྱང་དེའི་རྗེས་ཤུལ་ཡོད་སྲིད་པ་དེ་ཡིན། སྲོལ་རྒྱུན་ཡིན་ན་ཡང་འདྲ། དེང་རབས་ཡིན་ན་ཡང་འདྲ། ཐམས་ཅད་རྒྱུད་འཛིན་གྱི་ཁྲོད་དུ་གསར་གཏོད་ཡོད་དགོས་པ་དང་། གསར་གཏོད་ཀྱི་ཁྲོད་དུ་རྒྱུད་འཛིན་དགོས་པ་ནི་ངེས་གཏན་རེད། ལྷག་པར་དུ་རྩོམ་རིག་གསར་རྩོམ་གྱི་ཚེ་སྲོག་དང་གསོན་ཤུགས་ཀྱང་གསར་གཏོད་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པས། བོད་ཀྱི་རྩོམ་པ་པོ་དག་ལ་མཚོན་ན་གོང་དུ་བཤད་པའི་ཁོར་ཡུག་ངེས་ཅན་གྱི་ར་བ་ལས་བརྒལ་ནས་དེ་བས་ཀྱང་རྒྱ་ཆེ་ཞིང་ཕུ་རིང་ས་ཞིག་ལ་ཚོད་ལྟ་རབས་དང་རིམ་པ་བྱ་རྒྱུ་ནི། དུས་རབས་ཀྱིས་བཞག་པའི་འགན་འཁྲི་ཞིག་རེད་སྙམ། གནད་འགག་ནི་འདི་ལྟ་བུའི་ཚོད་ལྟ་ནི་སྲོལ་རྒྱུན་བསྐྱུར་བ་མ་ཡིན་པར་དེར་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་བ་བཀག་པ་མ་ཡིན་པར་དེར་བླང་དོར་ཡོད་པའི་དང་ལེན་བྱེད་པ་དེ་ཡིན་པས། དེ་གཉིས་འགལ་བར་སྒྲུབ་མི་དགོས་པ་འདྲ། མཚམས་འདི་ནས་ངས་སླར་ཡང་རྩོམ་རིག་གི་ངོས་ཐད་ཀྱི་རྒྱུས་མེད་དང་རྒྱུས་ཡོད་ཀྱི་སྐོར་ནས་བསམ་བློ་གཏོང་འདོད་དེ། སྒྲུང་གཏམ་རྩོམ་པ་པོ་ཞིག་ལ་མཚོན་ན་བརྗོད་བྱ་ཅི་འདྲ་ཞིག་འདེམས་པ་དང་། འབྲི་སྟངས་ཅི་འདྲ་ཞིག་བཀོལ་བ། ཐ་སྙད་གང་དག་བེད་སྤྱོད་བྱེད་པ། དེ་མིན་སྒྲིག་གཞི་སྒྲིག་སྟངས། བྱུང་རིམ་འདེད་སྟངས། ཚིགས་ཉམས་འདོན་སྟངས་སོགས་ནི་ཐབས་ཀྱི་ཆ་ལ་གཏོགས་ཤིང་། ཐབས་ཀྱི་ཆ་ནི་སྒྲུང་གཏམ་གྱི་ཕྱི་ཡི་ལག་རྩལ་ཏེ་འབྲི་རྩལ་ལ་རག་ལས་པ་ཞིག་རེད། འབྲི་རྩལ་ལ་ཅི་གཙོ་ཟེར་ན་གསར་བ་དང་། དམིགས་བསལ། ཐུན་མོང་མ་ཡིན་པ། གཞན་དང་མི་འདྲ་བ་གཙོ་ཆེ་བས། འདིའི་ངོས་ཐད་ནས་ལྷག་པར་དུ་རྩོམ་པ་པོའི་གསར་གཏོད་ཀྱི་འཇོན་ནུས་མཚོན་པར་བྱེད་ཐུབ་པ་ཞིག་རེད། གསར་གཏོད་ཀྱི་ཆ་ཇི་ལྟར་ཆེ་ན། དེ་ལྟར་ཀློག་མཁན་ལ་འདྲེན་ཤུགས་ཡོད་དེ། གསར་བ་ཡིས་མི་ལ་ངོ་མཚར་དང་ལྐོག་གྱུར། རྒྱུས་མེད་ཀྱི་ཚོར་བ་སྟེར་པས་སོ།། འདི་ནི་ཆོས་ཉིད་ཅིག་ཡིན། དེ་བས། ང་ཚོས་བཤད་བཞིན་པའི་བོད་ཀྱི་རྩོམ་རིག་གིས་སྲོལ་རྒྱུན་རྒྱུད་འཛིན་བྱེད་དགོས་པ་དེ། སྲོལ་རྒྱུན་དེ་དག་དེང་སྐབས་ཀྱི་མི་དང་། ལྷག་པར་དུ་རང་རིགས་ལས་གཞན་པའི་ཀློག་མཁན་ལ་མཚོན་ན་གསར་བ་ཞིག་ཏུ་མི་འགྱུར་པའི་ངེས་པ་མེད་ལ། ད་དུང་དམིགས་བསལ་གྱི་ཚོར་བ་དང་རྒྱུས་མེད་ཀྱི་སྣང་བ་ཡང་བླ་ལྷག་གིས་སྟེར་ངེས་ཏེ། ད་ལྟ་འཛམ་གླིང་ཡོངས་བརྡ་འཕྲིན་དང་འགྲིམ་འགྲིལ་གྱིས་བར་སྟོང་དང་དུས་ཚོད་ཆུང་དང་ཉུང་དུ་བཏང་སྟེ་མཉམ་འདྲེས་ཅན་དུ་འགྱུར་བཞིན་འདུག་ལ་ཕན་ཚུན་གྱི་འགྲོ་སྟངས་ཡོད་ཚད་གཅིག་གྱུར་ཅན་དུ་ཆགས་པའི་རྒྱབ་ལྗོངས་འདི་འདྲའི་འོག་ནས་དེ་བས་ཀྱང་དེ་འདྲ་ཡིན་སྲིད། དེར་བརྟེན། མི་རིགས་གྱི་སྒེར་གཤིས་གསལ་བ་དེ་འཛམ་གླིང་ཀུན་ལ་ཁྱབ་པར་སླ་ཟེར་བ་དེ་ཡང་། རྩོམ་རིག་ཁོ་ན་མ་ཡིན་པར་མི་རྣམས་ཀྱིས་རྒྱུས་མེད་ལ་བཟུང་བའི་མཚར་སྣང་ཞིག་གི་བསྐྱེད་འབྲས་རེད། དེ་བས་རྩོམ་རིག་གིས་མི་རིགས་ལ་འགན་ཁུར་དགོས་པ་རིག་གནས་ལ་འགན་ཁུར་དགོས་པ་སྤྱི་ཚོགས་ལ་འགན་ཁུར་དགོས་པ་སོགས་ཀྱི་རྩོད་གླེང་ལོགས་སུ་བཞག་སྟེ། རྩོམ་རིག་རང་སྟེང་གི་གསར་གཏོད་ཀྱི་དགོས་མཁོ་ཁོ་ནའི་ངོས་ནས་བལྟས་ཀྱང་། སྲོལ་རྒྱུན་ཏེ། སྔོན་མ་དག་གིས་ལོ་ངོ་བརྒྱ་སྟོང་ལ་བསགས་པའི་འགྲོ་སྟངས་དང་ཉམས་མྱོང་དེ་དག་ནི་འདོར་དགོས་པ་ཞིག་མ་ཡིན་ལ་དོར་ཐུབ་པ་ཞིག་ཀྱང་ཡིན་མི་སྲིད་སྙམ།
རྒྱུས་ཡོད་ཀྱི་ངོས་ནས་བཤད་ན། ངས་གོང་དུ་བཤད་པའི་ཉི་ཧོང་གི་གྲོགས་པོའི《དོང་ནང་དུ་མེ་ཏོག་གངས་ལྷ་བཞད་འདུག》ཅེས་པའི་སྐོར་གྱི་ཁ་བརྡའི་བློ་བསྐྱེད་དེ་ལྟར་ཡིན་ཏེ། རྩོམ་རིག་བརྩམས་ཆོས་གང་ཞིག་གིས་ཀློག་མཁན་ལ་རྒྱུས་མེད་པའམ་ངོ་མཚར་བའི་ཚོར་བ་སྟེར་རྒྱུ་ནི་མཐའ་མའི་དམིགས་ཡུལ་དེ་མ་ཡིན་ལ། རྒྱུས་མེད་པའི་མི་སྣ་དང་དོན་རྐྱེན། གཏམ་རྒྱུད་སོགས་ལ་བརྟེན་ནས་རྒྱུས་ཡོད་ཡོད་འདྲ་བའི་ཚོར་བ་ཞིག་སྟེར་རྒྱུ་དེ་གཙོ་བོའི་ནང་གི་གཙོ་བོ་རེད་སྙམ། དེས་ན་རྒྱུས་ཡོད་པ་དེ་ཅི་རེད་དམ་ཞེ་ན། དེ་ནི་མི་ཡི་གཉུག་གཤིས་སུ་སྦས་ཤིང་སྐུང་བའི་ཆ་དང་། རིག་གནས་ཀུན་གྱི་ནང་སྙིང་དུ་རྐང་བཞིན་ཆགས་པའི་བདེན་དགེ་མཛེས་གསུམ་གྱི་ཆ། ད་དུང་ཚེ་སྲོག་ཡོད་རྒུར་རང་ཆས་སུ་མངའ་བའི་དཔའ་སྤོབས་ཀྱི་སྙིང་སྟོབས་སོགས་དང་། ཐུན་མོང་གི་མཛེས་དཔྱོད་ཀྱི་ཚོར་བ་སོགས་རེད། འདི་ནི་འགྲོ་བ་མིའི་རིགས་སུ་གྱུར་པ་ཞིག་ཡིན་ཚེ་སོ་སོའི་རྒྱུད་དུ་མངོན་ལྐོག་གང་རུང་དུ་སིམ་ཡོད་པ་ཞིག་ཡིན་པས། རྒྱུས་ཡོད་ཡོད་འདྲ་བའི་ཚོར་སྣང་ནི་ངང་ངམ་ཤུགས་ཀྱིས་སྤྲོད་སྲིད་ཅིང་། དེ་ནི་རྩོམ་རིག་གིས་འཚོལ་ཅིང་སྙེག་པར་བྱེད་པའི་མཐར་ཐུག་གི་དམིགས་འབེན་ཡང་ཡིན། རྒྱུས་ཡོད་པའི་ཆ་འདི་དག་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་དབྱེ་བ་མེད་ལ། གསར་བ་དང་རྙིང་བ་ཡི་ཁྱད་པར་ཡང་མེད། བོད་ཀྱི་སྲོལ་རྒྱུན་ཁྲོད་འདི་ལྟ་བུའི་ཤུལ་བཞག་མང་པོ་ཡོད་པ་བཞིན། ད་ལྟའི་དུས་རབས་འདིའི་ནང་གི་དོན་བྱ་ཆེ་ཆུང་གང་དུ་ཡང་ཆ་འདི་འདྲ་མང་པོ་ཡོད་པས། གསར་རྙིང་གང་ཡིན་རུང་རྩོམ་པ་པོ་ཞིག་ལ་མཚོན་ན་ཇི་ལྟར་སྔོག་འདོན་ཤེས་ན་དེ་ལྟར་ཟད་དུ་མེད་པའི་གཏེར་མཛོད་ཅིག་ཡིན།
གང་ལྟར་ཀྱང་། ང་ནི་རྒྱུས་མེད་ནང་གི་རྒྱུས་ཡོད་ལ་དགའ་ཞིང་། རྒྱུས་ཡོད་ནང་གི་རྒྱུས་མེད་ལ་ཡང་དགའ། དེ་བས་ཀྱང་རྩོམ་རིག་གིས་སྟོན་པར་བྱེད་པའི་ཡོད་ཚད་ལ་དགའ།
(རྩོམ་འདི་ནི་སྔོན་ཆད་རྒྱ་ཡིག་གི་ལམ་ནས་བྲིས་པ་ཞིག་ལ་ཁ་སྣོན་དང་བཅས་སླར་ཡང་བོད་ཡིག་ཏུ་བསྒྱུར་ནས་སྤེལ་བ་ཞིག་ཡིན་ལ། པར་ནི་ཀློག་མཁན་ཞིག་གིས་བསྐུར་ཡོང་བ་ཡིན།)
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

