གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིའི་དཔང་ཡིག

2009-03-08 11:39:00 ཡེའུ་ཆེན། ཀློག་གྲངས། མཆན ཡོད།

      མེ་འཁོར་གྱི་ནང་ནས་སྐྱེ་འབྲས་ལེགས་པའི་ཞབས་ཞུ་མ་ཞིག་གིས་ལས་ཀ་བའི་བཟོ་ལྟ་ཅན་གྱི་དར་མ་ཞིག་ལ་ཅེར་ནས་སྐད་མཐོན་པོས
“སྤ་སེར་བརྟག་དགོས”ཟེར།   དར་མ་དེས་ལུས་པོའི་སྟོད་སྨད་ཀུན་ལ་གློངས་གློངས་རྗེས་མཐར་རྙེད་བྱུང་མོད་ལག་ནང་དུ་བཙིར་ནས་སྟོན་མི་
འདོད་པར་འདུག ཞབས་ཞུ་མ་དེས་མིག་ཟུར་གྱིས་གཅིག་བལྟས་རྗེས་དགོད་ཙམ་བྱས་ནས"འདི་ནི་བྱིས་བའི་སྤ་སེ་རེད"ཅེས་བཤད།དར་མ་དེའི་ངོ་མདོག་
དམར་པོར་གྱུར་ཞིང་ཤོད་ཕོད་མི་ཕོད་ཀྱིས"བྱིས་བའི་སྤ་སེ་དང་དབང་བོ་སྐྱོན་ཅན་གྱི་སྤ་སེའི་རིན་གོང་གཅིག་མ་ཡིན་ནམ"ཟེར།  བྱིས་པའི་སྤ་སེ་དང་
དབང་པོ་སྐྱོན་ཅན་གྱི་སྤ་སེ་གཉིས་རིན་གོང་ཕྱེད་ཀ་ཡིན་པ་ཞབས་ཞུ་མ་དེས་ཤེས་ཁོ་ཐག་རེད་མོད་མོས་དར་མ་དེར་ཞིབ་ལྟ་ཞིག་བྱས་ནས"ཁྱོད་དབང་
པོ་སྐྱོན་ཅན་ཡིན་ནམ”ཟེར།
   “ང་དབང་བོ་སྐྱོན་ཅན་ཡིན།”
   “དེ་ན་ཁྱོད་ཀྱི་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ང་ལ་གཅིག་སྟོན་དང”
དར་མ་དེ་འཚབ་ནས“ང་ལ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་མེད།སྤ་སེ་ཉོ་སྐབས་སྤ་སེ་འཚོང་མཁན་དེས་ཀྱང་དེ་ལྟར་དྲིས་བྱུང་བས་ང་ལ་ཐབས་
བཀོད་མ་ཡོད་པར་བྱིས་པའི་སྤ་སེ་ཉོས་པ་ཡིན”ཞེས་བཤད།
    ཞབས་ཞུ་མ་དེ་ཁོང་དགོད་ཅིག་བྱས་ནས་བཤད་རྒྱུར། “ཁྱོད་ལ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་མེད་པར་དབང་བོ་སྐྱོན་ཅན་ཡིན་པ་ཇི་ལྟར་ར་
སྤྲོད་རྒྱུ”
    དར་མ་དེས་ཁ་མི་གྲགས་པར་ལྷམ་ཕུད་རྗེས་རྐང་སྣམ་ཡར་བརྫེས་ཚེ་རྐང་མགོ་མི་འདུག   ཞབས་ཞུ་མ་དེས་མིག་ཟུར་ཀྱིས་གཅིག་བལྟས་རྗེས“ང་
ལ་དགོས་པ་ནི་དཔང་ཡིག་ཡིན།  ངོས་སུ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཅེས་བཀོད་ཡོད་པའི་དེབ་ཆུང་དེ་ཡིན།  དབང་བོ་སྐྱོན་ཅན་ལྷན་ཚོགས་
ཀྱིས་ཐེལ་ཙེ་བརྒྱབ་ཡོད་པ་དེ་ཡིན”ཞེས་བཤད། དར་མ་དེས་འུ་ཐུག་གི་ཉམས་ཀྱིས"ང་ལ་ས་འདིའི་ཐེམ་ཐོ་མེད་པས་དེ་ཚོས་དབང་བོ་སྐྱོན་ཅན་གྱི་
དཔང་ཡིག་གནང་མ་སོང༌། དེ་མ་ཟད་ངས་སྒེར་གྱི་ལས་གྲྭ་ཞིག་ནས་ལས་ཀ་ལས་པ་ཡིན། དོན་དག་བུད་རྗེས་ལས་དཔོན་བྲོས་སོང་བས་ང་ལ་སྨན་ཁང་
དུ་སོང་ནས་བརྟག་དཔྱད་བྱེད་པའི་དངུལ་ཡང་མེད"ཅེས་འགྲེལ་བཤད་བྱས།
    མེ་འཁོར་གྱི་འགོ་གཙོས་དོན་དག་གོ་ནས་ཡོང་ཞིང་གནས་ཚུལ་དྲིས་པས་དར་མ་དེས་སྔར་བཞིན་རང་ཉིད་དབང་བོ་སྐྱོན་ཅན་ཞིག་ཡིན་ཚུལ་དང་
དབང་བོ་སྐྱོན་ཅན་གྱི་སྤ་སེའི་རིན་གོང་དང་མཚུངས་པའི་སྤ་སེ་ཉོས་ཡོད་ཚུལ་གསལ་བཤད་བྱས། མེ་འཁོར་གྱི་འགོ་གཙོ་དེས་སྔར་བཞིན“ཁྱོད་ཀྱི་
དབང་བོ་སྐྱོན་ཅན་གྱི་དཔང་ཡིག”ཅེས་དྲིས། དར་མ་དེས་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་མེད་ཚུལ་ལབ་པ་དང་བསྟུན་ནས་རང་གི་རྐང་བ་བསྟན།
མེ་འཁོར་གྱི་མགོ་གཙོས་ལྟ་ཙམ་ཡང་མི་བྱེད་པར་སུན་སྣང་གིས“ང་ཚོས་དཔང་ཡིག་མ་གཏོགས་མི་ངོ་མི་ཤེས། དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་
ན་ད་གཟོད་དབང་བོ་སྐྱོན་ཅན་ཡིན།  དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་ན་ད་གཟོད་དབང་བོ་སྐྱོན་ཅན་གྱི་ལྟ་ཕྱོགས་འཛིན་ཆོག ཁྱོད་ཀྱིས་སྤ་སེ་ཁ་
གསབ་བྱོས”ཞེས་བཤད་པས་དར་མ་དེ་དེ་མ་ཐག་ཉོབ་སོང༌། ཁོས་ཅ་ལག་དང་གློ་ཁུག་ཚང་མ་ཕྱི་ནང་ཞིག་བསློགས་མོད་སྒོར་རྡོག་འགའ་ལས་མི་
འདུག་ལ་སྤ་སེ་ཁ་གསབ་བྱེད་ལ་རྩ་བ་ནས་མི་འདང་བས་ངུ་ངག་གིས “ངའི་རྐང་བ་ནི་འཕྲུལ་ཆས་ཀྱིས་བཅད་རྗེས་ལས་ཀ་ལས་མི་ཐུབ་པས་སྒོར་
མོའང་མེད་ཅིང་ཕ་ཡུལ་ལའང་འགྲོ་མི་ཐུབ་པར་གྱུར།  ད་ཐེངས་ཀྱི་འཛིན་བྱང་ཕྱེད་ཀ་འདིའང་ཡུལ་ཕྱོགས་ཚོས་སྒོར་མོ་བསྡུས་ནས་ཉོས་པ་ཡིན།  ཁྱོད་
ཀྱིས་ང་ལ་ཐར་ལམ་ཞིག་སྟེར་རོགས”ཞེས་ཞུ་བ་བྱས་མོད་མེ་འཁོར་གྱི་མགོ་གཙོས་བརྟན་ལྷིང་ངང“དེ་ཅི་ལ་ཆོག”ཅེས་ཚིག་ཐག་བཅད།  སྐབས་
དེར་ཞབས་ཞུ་མ་དེ་བར་ལ་འཚངས་ནས“ཁོ་རང་མེ་འཁོར་དུ་མེ་འབུད་དུ་བཅུག་ནས་འོས་འགན་ངལ་རྩོལ་བྱས་བར་བརྩིས་ན”ཞེས་དྲིས། མེ་
འཁོར་གྱི་མགོ་གཙོས་བསམ་བློ་ཙམ་བཏང་ནས“ཆོག་གི”ཟེར།
     ཚུལ་དེ་དར་མ་དེའི་ཁ་གཏད་ཀྱི་བློ་མཐུན་རྒན་པ་ཞིག་གི་བློ་ལ་མ་བབས་པས་ ཡར་ལངས་ནས་མེ་འཁོར་གྱི་མགོ་གཙོར“ཁྱོད་སྐྱེས་པ་ཞིག་ཨེ་
ཡིན”ཞེས་དྲིས།
     མེ་འཁོར་གྱི་མགོ་གཙོས་ཧ་མི་གོ་བའི་ངང“འདི་ནི་ང་སྐྱེས་པ་ཡིན་མིན་དང་འབྲེལ་བ་ཅི་ཞིག་ཡོད།”
   “ཁྱོད་ཀྱིས་ང་ལ་ལན་ཐོབས།  ཁྱོད་སྐྱེས་པ་ཨེ་ཡིན།”
   “ང་སྐྱེས་པ་ལོས་ཡིན།”
   “ཁྱོད་ཀྱིས་ཅི་ཞིག་གིས་རང་ཉིད་སྐྱེས་པ་ཡིན་པ་ར་སྤྲོད་རྒྱུ།  ཁྱེད་ཀྱིས་སྐྱེས་པའི་དཔང་ཡིག་ཚང་མར་གཅིག་སྟོན་རོགས”
      མཐའ་འཁོར་གྱི་མི་ཚང་མ་གད་མོ་ཤོར་སོང༌།  མེ་འཁོར་གྱི་མགོ་གཙོ་ཧད་ཙམ་བྱས་ནས“ང་སྐྱེས་བ་ཞིག་མིག་མདུན་དུ་ལངས་ཡོད་པ་འདི་
རྫུན་མ་ཡིན་སྲིད་དམ”ཞེས་དྲིས་པར་བློ་མཐུན་རྒན་པ་དེས་མགོ་བོ་གཡུག་བཞིན“ང་འང་ཁྱོད་ཚོ་དང་གཅིག་མཚུངས་ཡིན།  དཔང་ཡིག་མ་
གཏོགས་མི་ངོ་མི་ཤེས། སྐྱེས་པའི་དཔང་ཡིག་ཡོད་ན་སྐྱེས་པ་ཡིན། མེད་ན་སྐྱེས་པ་མིན”ཞེས་བཤད་པས་མེ་འཁོར་གྱི་མགོ་གཙོར་སྐབས་ཤིག་རིང་ཅི་
ཡང་བཤད་རྒྱུ་མེད་པར་གྱུར་སོང༌། སྐབས་དེར་ཞབས་ཞུ་མ་དེས་མེ་འཁོར་གྱི་མགོ་གཙོ་དཀའ་གནས་ལས་སྒྲོལ་བར་འདོད་ནས་བློ་མཐུན་རྒན་པ་དེར
“ང་སྐྱེས་པ་མིན། སྐད་ཆ་ཅི་ཞིག་ཡོད་ན་ང་ལ་བཤད་ཆོག”ཟེར།  བློ་མཐུན་རྒན་པ་དེས་མོའི་གདོང་ལ་མཛུབ་མོ་གཏད་ནས“ཁྱོད་སྤྱིར་ན་མི་མ་
རེད”ཅེས་བཤད། ཁོ་མོ་ཁོང་ཁྲོ་ལངས་ཏེ་སྐད་འཛེར་འཛེར་ངང“ཁྱོད་ཀྱིས་ཁ་གཙང་ཙམ་བྱོས་ཨང༌།  ང་མི་མིན་པར་ཅི་ཞིག་རེད”ཅེས་སྐད་
ཅོར་བརྒྱབ། བློ་མཐུན་རྒན་པ་དེ་གཡོ་ཟོལ་གྱིས་འཛུམ་ཙམ་བྱས་ནས“ཡ་ཆོག་གི་ཁྱོད་མི་ཡིན་ན་ཁྱོད་ཀྱི་མིའི་དཔང་ཡིག་ང་ལ་གཅིག་སྟོན་རོགས”
ཞེས་བཤད།  མཐའ་འཁོར་གྱི་མི་ཚང་མ་ཡང་བསྐྱར་གད་མོ་ཤོར་སོང༌།
     འོན་ཀྱང་མི་གཅིག་གད་མོ་མ་ཤོར།  དེ་ནི་རྐང་མགོ་མེད་པའི་དར་མ་དེ་རེད།   ཁོས་མིག་ཅེར་རེར་མིག་མདུན་གྱི་ཡོད་ཚད་ལ་བལྟས་ཤིང་སྐབས་
ཤིག་ལ་མིག་ནང་དུ་མཆི་མས་གང་འདུག  དེ་ནི་ཡིད་ཆད་དམ། དྲིན་ཚོར་བའམ།   ཁོང་ཁྲོ་གང་ཞིག་ཡིན་པ་སུས་ཤེས་ཨང༌།

               (གཡག་བུ་དཔལ་རྩལ་གྱིས་རྒྱ་ཡིག་ལས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།