གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟུགས་འགྱུར་ཟིན་ཐོ། ༢

2009-11-12 10:20:00 ཧྥོ་རན་ཙི་ཁ་ཧྥ་ཁས་འཛད། གྲུ་ཆར་ ཀློག་གྲངས། མཆན ཡོད།

གསུམ་པ།

ཀོ་ལི་ཀོར་ལ་ཆག་སྒོ་བྱུང་བ་དེས་ཁོས་ཟླ་གཅིག་གི་ལྷག་གི་རིང་ལ་སྡུག་བསྔལ་བཟོད་གླགས་མེད་པ་མྱངས། བིམ་པ་དེ་ནི་མིག་མཐོང་ལག་ཟིན་གྱི་རྗེས་དྲན་དངོས་རྫས་ཤིག་ཏུ་བྱས་ནས་ཁོའི་ལུས་ལ་ཉར་ནས་ཡོད་དེ།རྒྱུ་མཚན་ཉག་གཅིག་ནི་དེ་ལེན་ཐུབ་མཁན་གཏན་ནས་མེད་པས་ཡིན།ཨ་ཕར་མཚོན་ནའང་ཀོ་ལི་ཀོར་ནི་མིག་སྔར་འདི་འདྲའི་སྡུག་བསྔལ་དང་འཁོན་ཞིང་ཞེ་མེར་བའི་གནས་སུ་ལྷུང་འདུག་ཀྱང་།ཁྱིམ་ཚང་འདིའི་ཁོངས་མི་རྣམ་ལ་ཡིན་པས་ན་སུས་ཀྱང་ཁོ་དགྲ་རུ་བཟུང་མི་ཆོག་པར།དེ་ལས་ལྡོག་སྟེ་དང་ལེན་དང་བཟོད་བསྲན་བྱེད་དགོས་པར་མ་ཟད།ཡོད་ཚད་བཟོད་བསྲན་བྱ་རྒྱུ་དེ་ཁྱིམ་མི་གང་བོའི་འོས་འགན་གྱི་ཚད་གཞིར་འཛིན་དགོས་པར་བསམས་ཡོད།

ད་ལྟ།ཀོ་ལི་ཀོར་ལ་རྨས་སྐྱོན་བྱུང་བས་བདེ་མྱུར་གྱིས་འགུལ་སྐྱོད་བྱེད་པའི་ནུས་པ་དུས་གཏན་དུ་ཉམས་པར་འགྱུར་ཡང་སྲིད།མིག་སྔར་ཁོ་བོ་ན་གཞན་དབང་ནད་ཀྱིས་ཟིན་པའི་ཉམ་ཐག་རྒས་པོ་ཞིག་དང་འདྲ་སྟེ།དུས་ཚོད་སྐར་མ་མང་བོ་སྤྱད་མཐར་ད་གཟོད་ཁང་བའི་ནང་འཕྲེད་ཀྱིས་སྐྱོད་ཐུབ་པ་བྱུང་།དེ་འདྲའི་གནས་ཚུལ་འོག་མཐོ་ས་རུ་འགོས་ནས་གོག་འགྲོ་བྱེད་མི་ཐུབ་པ་ནི་ཁོ་ཐག་ཆོད་ཡོད།ཡིན་ནའང་ད་ལྟ་ཁོ་རང་གི་གནས་ཚུལ་ཇེ་སྡུག་ལ་འགྲོ་བའི་གནས་བབ་ལ།རང་གི་བལྟས་ན་ཡོངས་སུ་འདང་ངེས་ཀྱི་ཁ་སྐོང་ཞིག་ཐོབ་ཡོད་པར་འདོད་ཡོད་དེ།དེ་ནི་ཉིན་རེ་བཞིན་ས་རུབ་པའི་དུས་སུ།ནམ་རྒྱུན་ཁོ་ནི་དུས་ཚོད་གཅིག་གཉིས་ཀྱི་སྔོན་ལ་གཟབ་ནན་གྱིས་ལྟ་རྟོག་བྱེད་ངེས་པའི་རྒྱུན་སྡོད་ཀྱི་ཁང་བ་གང་དེའི་སྒོ་འབྱེད་སྲིད་པ་དེ་རེད།ཁོ་ནི་རང་གི་ཁང་མིག་ལས་མུན་པའི་གནས་སུ་སྡོད་པར་བྱེད་པས།ཚོམས་ཁང་ནང་གི་མི་རྣམས་ཀྱིས་མཐོང་མི་སྲིད་ནའང་།རང་ཉིད་ཀྱིས་ཁྱིམ་མི་གང་བོ་གློག་འོད་གསལ་བོར་མཐོང་བར་མ་ཟད།ཁོ་ཚོས་ཁ་བརྡ་ཅི་ཞིག་བྱེད་པར་ཡང་ཉན་ཆོག་ཆོག་ཡིན།དེ་ནི་ཁྱིམ་མི་ཚང་མས་ཁོས་བྱ་རུང་བྱས་ཡོད་པས་སྔར་དང་གཏན་ནས་མི་འདྲ།

ཡིན་ནའང་།ད་ལྟ་ནི་སྔོན་ཆད་དང་འདྲ་བར་བག་གཡང་དལ་ལྷོད་ཀྱི་ངང་ལ་ལབ་གླེང་བྱེད་པ་དང་གཏན་ནས་མི་འདྲ།སྔོན་ཆད་ཀོ་ལི་ཀོར་ཡང་འགྲོན་ཁང་ཆུང་ཆུང་ནང་ཐང་ཆད་བཞིན་རློན་ཕོག་པའི་ཉལ་ཐུལ་ནང་དུ་མི་འཛུལ་ཀ་མེ་བྱུང་དུས།རྟག་པར་དེ་འདྲའི་སྣང་ཚུལ་དག་ཡིད་ལ་རེ་རེ་བཞིན་འཆར་བ་ཡིན།ད་ལྟ་ཁོ་ཚོ་ནི་རྣམ་ཀུན་ཁ་རོག་གེར་བསྡད་འདུག་སྟེ།དགོང་འཚལ་འཐུངས་མ་ཐག་ཨ་ཕ་ནི་གྲས་ཡོད་པའི་འདུག་སྟེགས་སུ་གཉིད་ཀྱི་ཞིང་ཁམས་འགྲིམ་ངེས་ཤིང་།ཨ་མ་དང་སྲིང་མོ་གཉིས་ཀྱིས་ཕན་ཚུན་ལ་གྲག་འགུལ་བྱེད་མི་རུང་བའི་དྲན་སྐུལ་ཐ་ཚིག་བསྒྲགས་ནས་བསྡད་འགྲོ།ཨ་མས་མགོ་བོ་སྒུར་སྒུར་གྱིས་གློག་སྒྲོན་འོག་ཏུ་དུས་ཐོག་གྱོན་ཆས་ཚོང་ཁང་ཞིགལ་སྤུས་དག་ནང་ལྭ་འཚེམ་བཞིན་པ་དང་།ཚོང་རྒྱག་པའི་ལས་ཀ་རེག་པའི་སྲིང་མོས་དགོང་མོའི་དུས་སུ་ཟིན་བྲིས་མྱུར་འགོད་ཀྱི་ཐབས་དང་ཧྥ་རན་སེའི་སྐད་སློབ་སྦྱོང་བྱས་ཏེ།ཕྱིས་སུ་ཅུང་ལེགས་པའི་གོ་གནས་རེ་རེག་ཨེ་ཐུབ་ལ་འབད་པ་བྱེད་ཀྱིན་མཆིས།མཚམས་རེར་ཨ་ཕ་གཉིད་ལས་སད་ཚེ།རང་ཉིད་ཡུན་རིང་གཉིད་སོང་བ་གཏན་ནས་ཚོར་མི་འདུག་སྟེ།ཨ་མས“ཁྱད་ཀྱིས་དེ་རིང་ཡང་མཚེས་ལས་དེ་འདྲ་མང་བོ་ཞིག་བྱས་འདུག”ཅེས་སྨྲས་འཕྲལ་ལམ་སང་ཉིད་དུ་ཡུར་འགྲོ།དེ་དུས་ཨ་མ་དང་སྲིང་མོ་གཉིས་ཀྱིས་ཐང་ཆད་པའི་མིག་གི་ས་ཕན་ཚུན་ལ་བལྟས་ཙམ་བྱས་རྗེས་དགོད་པར་བྱེད།

“བྱམས་བརྩེ་ལྡན་པའི་ཕ་མ་ལགས”སྲིང་མོས་དེ་སྐད་སྨྲ་བཞིན་གླེང་སློང་བའི་ཚུལ་དུ་ལག་པས་ཅོག་ཙེའི་ངོས་རྡུང་བཞིན“ད་འདི་ལྟར་སོང་ན་འགྲིག་རྒྱུ་མ་རེད།ཁྱོད་ཚོས་གནས་ལུགས་དེ་རྟོགས་མི་འདུག་ནའང་ངས་ཤེས་ནས་ཡོད།ངས་སྲོག་ཆགས་མཚར་བོ་ཞིག་ལ་བལྟས་ཏེ་ཕུ་བོའི་མིང་གིས་འབོད་མི་འདོད།རྒྱུ་མཚན་དེའི་དབང་གིས་ང་ཚོས་ངེས་པར་བཀོད་པ་འཐེན་ནས་ཁོ་དང་གྱེས་ཐབས་བྱ་དགོས།ང་ཚོས་ཁོ་ལ་བདག་སྐྱོང་དང་བཟོད་བསྲན་སྒོམ་བྱས་ནས་བརྩེ་བའི་མཐར་སོན་པ་མ་ཡིན་ནམ།ཛངས་བལྟས་ན་སུས་ཀྱང་ང་ཚོར་མ་ལེགས་མ་འགྲུབ་ཀྱི་ལེ་ལན་སྤུ་ཙམ་ཡང་བདའ་མི་སྲིད་པ་ཁོ་ཐག་ཡིན”ཟེར།

“མོས་བཤད་པ་ངོ་མ་བདེན”ཨ་ཕས་ཁེར་བཤད་འདྲ་བ་ཞིག་བྱས་སོང་།དབུགས་འཚངས་ནས་ཧལ་ཧལ་བྱེད་བཞིན་པའི་ཨ་མས་སྨྱོས་པ་ལྟ་བུའི་མིག་མདངས་ཤིག་མངོན་འཕྲད་ཁ་ལག་པས་བཅད་དེ་གློ་ལུ་བྱས།སྲིང་མོ་བྲེལ་འཚུབ་ངང་ཨ་མའི་ཕྱོགས་སུ་བརྒྱུགས་ཏེ་མོའི་མགོ་བོ་བསྐྱོར།ཨ་ཕས་སྲིང་ཆུང་མོའི་སྐད་ཆ་ཐོས་པ་ཡིད་ལ་དྲན་ཚུལ་གསར་བ་ཞིག་ཤར་ཟིན་པ་འདྲ།ཁོ་ལུས་ཅོག་གེར་བསྡད་དེ་མོ་ཡན་རྣམས་ཀྱིས་དགོང་འཚལ་འཐུངས་རྗེས་ཅོག་ཙེ་ཐོག་གི་སྡེར་མ་རྣམས་ད་དུང་མ་བསྡུས་པའི་བར་གསེང་དུ་རང་གི་ལས་ཞྭ་དེ་ལག་པས་ཕར་སྐྱུར་ཚུལ་སྒྱུར་བྱེད་སྐབས་རེར་གྲག་འགུལ་མེད་པའི་ཀོ་ལི་ཀོར་ལ་མིག་མདའ་རེ་འཕེན་པར་བྱེད།

“ང་ཚོས་ཅིས་ཀྱང་བཀོད་པ་འཐེན་ཏེ་ཁོ་དང་ཁ་གྱེས་ཐབས་བྱེད་དགོས།”སྲིང་མོ་དེ་དུས་བསམ་གཟས་ནས་ཨ་ཕ་ཁོ་ནར་བཤད་འདུག་སྟེ།རྒྱུ་མཚན་ནི་ཨ་མ་ལུ་བརྒྱལ་ལང་བཞིན་ཡོད་པས་ཅི་ཡང་མི་གོ

མོས་མཐུད་ནས“ཁོས་ད་དུང་ཁྱོད་གཉིས་ཀྱི་སྲོག་ཀྱང་ལེན་རྒྱུ་རེད།མཇུག་འབྲས་དེ་ངས་གསལ་བོར་ཤེས་ཐུབ།གལ་སྲིད་ང་ཚོ་ནང་བཞིན་མི་རྣམས་ཀྱིས་ལས་ཀ་ལྗིད་མོ་འདི་འདྲ་མི་ལས་རང་ལས་ཡིན་ན།རང་ཁྱིམ་ནས་ད་དུང་འདི་འདྲའི་ཚར་རྒྱུ་མེད་པའི་སྡུག་བསྔལ་སྲོན་ག་ལ་ཐུབ།ངས་ཀྱང་མི་སྲོན་གྱི”ཞེས་བཤད་མ་ཐག་ཏུ་སྐད་ཆེན་པོ་བཏོན་ནས་ངུས་བྱུང་།མོའི་མིག་ཆུ་བཞུར་ས་ནས་ཨ་མའི་གདོང་ལ་ཐིགས་འདུག་ལ།མོས་ལག་པར་མཉེན་འགུགས་འདྲ་མེད་པར་ཨ་མའི་གདོང་ལ་གི་མིག་ཆུ་འབྱིད་པར་བྱེད།

“བུ་མོ་ཡ།”ཨ་ཕས་བསམ་ཤེས་སྒོམ་བཞིན་དང་གདུང་སེམས་སྟོན་གྱིན“ནའང་ང་ཚོས་ཇི་ལྟར་བསྒྲུབ་ན་ལེགས་སམ”ཟེར།སྲིང་མོས་ཟེ་འགུལ་ཞིག་བྱས་ཏེ་འུ་ཐུག་ཐབས་ཟད་ཀྱི་རྣམ་འགྱུར་ཙམ་བསྟན། ད་ཅི་མོ་ལ་ཡིད་ཆེས་བརྟན་པོས་ཁེངས་ཡོད་ནའང་།ད་ནི་ཐེངས་ཤིག་ངུས་པ་དེས་སྔར་ལས་ལྡོག་སྟེ་སྤོབས་པ་ཡོངས་སུ་ཉམས་པར་གྱུར།

“གལ་སྲིད་ཁོས་ང་ཚོའི་སྐད་ཆའི་དོན་གོ་ངེས་པ་ཡིན་ན་ཅི་མ་རུང་།”ཨ་ཕས་ཕལ་ཆེར་གནས་ཚུལ་འདྲི་རྟོག་གི་ཚུགས་ཀ་འདྲ་ཞིག་བཟུང་ན་དེ་ལྟར་བཤད་ཚེ།སྲིང་མོས་ངུད་མོ་འདྲ་ཞིག་བྱེད་བཞིན་ལག་པ་གཡུག་གཡུག་དང་བཅས་དེ་ནི་དཔེ་མི་སྲིད་ཅེས་པའི་རྣམ་འགྱུར་བསྟན་སོང་།

“གལ་སྲིད་ཁོས་ང་ཚོའི་སྐད་ཆའི་དོན་གོ་བ་ཡིན་ན།”ཨ་ཕས་ཡང་བསྐྱར་དེ་ལྟར་བཤད་དུས་མིག་ཟུང་བཙུམས་ནས་འདུག དེ་ནི་སྲིང་མོས་དཔེ་མི་སྲིད་ཟེར་བའི་བསམ་ཚུལ་དེ་དང་ལེན་བྱས་ནས“དེ་ལྟ་བས་ཁོ་དང་གྲོས་མཐུན་ཡོང་ཡང་སྲིད།འོན་ཀྱང་འདི་་་་་”ཞེས་ཚིག་མཚམས་བཅད་སོང་།

“ཁོ་ངེས་པར་གནས་འདི་དང་འབྲལ་དགོས”ཞེས་སྲིང་མོས་སྐད་འགྲགས་ཤིག་བཀོལ་ནས“དེ་ནི་ཐབས་བཀོད་ཉག་ཅིག་ཡིན་ཡ།ཨ་ཕ་ལགས།ཁྱོད་ཀྱིས་ཁོ་ནི་ཀོ་ལི་ཀོར་ཡིན་པའི་འདུ་ཤེས་དེ་སེམས་ནས་འདོར་དགོས།ང་ཚོ་མཚོན་ན་མ་སྟེས་པ་དངོས་ནི་དེ་ཡིན།ཡིན་ནའང་དེ་ནི་ཇི་ལྟར་ཀོ་ལི་ཀོར་ཡིན་སྲིད།གལ་ཏེ་ཁོ་ཀོ་ལི་ཀོར་ངོ་མ་ཡིན་ངེས་ཚེ།ཁོས་སྔ་མོ་ནས་མི་དང་འདི་འདྲ་བའི་སྲོག་ཆགས་གཉིས་ཀ་མཉམ་དུ་འཚོ་ཐབས་མེད་པ་ཤེས་ཏེ་རང་འཐད་ཀྱིས་འགྲོ་ངེས་ཡིན།ང་ཚོར་ཕུ་བོ་མེད་སོང་ནའང་མུ་མཐུད་ནས་འཚོ་བ་རོལ་བཞིན་ཁོལ་རྗེས་དྲན་བྱས་ཆོག ཡིན་ནའང་སྲོག་ཆགས་འདིས་ངོ་མ་ང་ཚོར་གནོད་སྐྱེལ་བཞིན་ཡོད་དེ།འུ་ཚང་དུ་སྡོད་པའི་མོ་ཡན་དག་བདའ་བ་ནི་ང་ཚོའི་སྡོད་ཁང་ཡོངས་རྫོགས་བདག་གིར་འཛིན་འདོད་དང་།ང་ཚོ་སྲང་ལམ་དུ་བདས་ནས་འདུག་གི་འཇུག་བསམ་པ་མངོན་གསལ་རེད།ཁྱོད་ཀྱིས་སོམས་དང་ཨ་ཕ་ལགས་ཟེར”མཚམས་དེར་མོས་གློ་རྡེག་ལ་ཨག་སྐད་བརྒྱབ་ནས“ཁོ་ཡང་བསླེབས་བྱུང”ཟེར།ཀོ་ལི་ཀོར་ལ་བསམ་ཡུལ་ལས་འགོངས་པའི་སྔངས་སྐྲག་ཅིག་བསླངས་པའི་ཞར་ལ།སྲིང་མོས་ཨ་མ་བསྐྱུར་ནས་ལོགས་སུ་ནུར།མོ་འགྲོ་དུས་ད་དུང་འདུག་སྟེགས་ཀྱི་གྲས་པར་འཕུད་འདེད་འདྲ་ཞིག་བྱས་སོང་སྟེ།ཕར་བལྟས་ཚོད་ལ་ཨ་མ་གཅུད་ལ་འབོར་དགོས་རུང་རང་ཉིད་ཀོ་ལི་ཀོར་གྱི་ལོགས་སུ་འདུག་འདོད་མེད་པ་དང་འདྲ།མོ་ནི་ཚབ་ཚུབ་ཀྱིས་ཨ་ཕའི་ཕག་ཏུ་བྲོས་ནས་སོང་།ཨ་ཕ་ནི་མོའི་རྣམ་འགྱུར་གྱིས་བསྐུལ་ཏེ་སེམས་པ་འཚུབ་ནས་ཡར་ལངས་བྱུང་ལ།སྲིང་མོས་སྲུང་སྐྱོབ་བྱེད་ཆེད་གང་ཞིག་འགོག་པ་ལྟར་ལག་ཟུང་ཅུང་ཙམ་སྟོད་ལ་བཀྱགས།

ཀི་ལི་ཀོར་ལ་མཚོན་ན་སུ་ལའང་སྐྲག་སློང་མི་འདོད་དེ་སྲིང་མོ་ལ་དེ་བས་ཀྱང་ངོ་།།ཁོ་ཁ་ཕྱིར་འཁོར་མགོ་བརྩམས་པ་དེ་རང་གི་ཁང་མིག་ནང་ལོག་འདོད་པ་ཁོ་ནའོ།།ཡིན་ནའང་དེའི་འགུལ་སྐྱོད་བྱེད་སྟངས་ནི་མིག་ལ་འཚེར་བ་ཞིག་སྟེ།ཁོའི་ལུས་ན་རྨས་སྐྱོན་ཡོད་པ་དེས་ལུས་པོར་ཕྱིར་འཁོར་སྐབས་མགོ་བོས་ཀྱང་རོགས་རམ་བྱེད་དགོས་སོང་།ཁོས་ཐེངས་མང་བོར་མགོ་བོ་དགྱེ་དགོས་སོང་།མགོ་བོས་ས་ལའང་རྡུང་བར་བྱས།ཡུད་ཙམ་ནས་ཁོས་སྦྱོང་བ་དེ་མཚམས་བཞག་ནས་ཕྱོགས་བཞིར་གཟབ་གཟབ་ཀྱིས་བལྟས།ཁོའི་བསམ་བྱ་བཟང་བོ་དེ་དག་མིས་མིག་གིས་མཐོང་ཡོང་ལ།དེ་ནི་ཡུད་ཙམ་གྱི་འཇིགས་སྣང་ཞིག་རེད།དེ་དུས་ཚང་མས་ཁ་རོག་གེར་སེམས་སྡུག་པའི་ངང་ཁོ་ལ་བལྟས་འདུས་སྟེ།ཨ་མས་རྐང་བ་གཉིས་ཀ་བསྲིངས་ཤིང་བཤིབས་ནས་འདུག་སྟེགས་གྲས་པ་ཅན་དུ་བསྡད་དེ་ཐང་ཆད་པའི་ངང་མིག་ཟུང་ཡང་ཕལ་ཆེར་བཙུམས་ནས་ཡོད།ཨ་ཕ་དང་སྲིང་མོ་གཉིས་ཀ་བཤིབས་ནས་བསྡད་འདུག་ཅིང་།སྲིང་མོས་ལག་ཟུང་ཨ་ཕའི་མགུལ་དུ་འཁྱུད་འདུག

“ད་ལྟ་ང་ཕལ་ཆེར་ཕྱིར་འཁོར་ན་ཆོག་ཨང་།”ཀི་ལི་ཀོར་གྱིས་དེ་ལྟར་བསམས་ཏེ་འགྲོ་མགོ་བརྩམས་བྱུང་།ཁོས་ངལ་ཞིང་དུབ་པ་ལས་བྱུང་བའི་དབུགས་རྒོད་རྩེག་པ་གནོད་དཀའ་བར་གྱུར་པས།མཚམས་མཚམས་སུ་ངལ་གསོ་རེ་མི་བསྟེན་ཀ་མེད་བྱུང་།དེ་ལྟ་ནའང་གཞན་གྱིས་ཚ་འདེད་མི་གཏོང་བས་ན་ཐམས་ཅད་རང་ཉིད་གཅིག་པུས་ཐག་བཅད་པས་ཆོགཁོ་ཕྱིར་འཁོར་མ་ཐག་ལམ་སང་ཐད་ཀར་ནང་དུ་གོག་མགོ་བརྩམས།ཁོ་ནི་རང་དང་ཁང་བའི་བར་ཐག་ཆེ་བ་ལ་ཡ་མཚན་སྐྱེས་སོང་།རྩ་བ་ནས་ཧ་མི་གོ་བ་ཞིག་ལ་ཁོས་ལུས་པོ་འདི་ལྟར་ཞན་ནའང་།ད་ཅི་ནི་ཤེས་མེད་ཚོར་མེད་དུ་བར་ཐག་མཚུངས་པའི་ལམ་དེ་བརྒྱུད་པ་ཡིན་ནམ།ཁོའི་ཡིད་ལ་མྱུར་དུ་གོག་དགོས་བསམ་པས་གཞན་གང་ལའང་ཕལ་ཆེར་མཉམ་འཇོག་མ་བྱས།དེ་དུས་ཁྱིམ་མི་ཚོས་ཅི་ཡང་མི་སྨྲ་ཞིང་སྒྲ་ཡང་མི་འབྱིན་ཏེ།ཁོ་ལ་ལས་དགྲ་ཅི་ཡང་མ་བྱས།ཁོ་ཁང་བའི་སྒོ་ཁར་བསླེབས་པ་ན་ད་གཟོད་མགོ་ཕྱིར་འཁོར་ནའང་ཡོངས་སུ་འཁོར་མ་ཐུབ་སྟེ།ཁོའི་སྣང་བ་ཞིག་ལ་སྐེ་ནི་སྲ་ཞིང་རེངས་པར་གྱུར་འདུག དེ་ལྟ་ནའང་ཁོས་རྒྱབ་ཕྱོགས་སུ་འགྱུར་ལྡོག་གཞན་གང་ཡང་མེད་མཐོང་བྱུང་ལ།སྲིང་མོ་གཅིག་པུ་ཡར་ལངས་བྱུང་བའང་རིག་སོང་།ཁོས་མཇུག་མཐར་ཨ་མ་ལ་མིག་ཞགས་ཤིག་འཕངས་ཚེ།ཨ་མ་ནི་སྔར་ནས་གཉིད་ཀྱི་ཞིང་ཁམས་འགྲིམས་ཟིན།ཁོ་ཁང་བའི་ནང་འཛུལ་མ་ཐག་སྒོ་ནི་ལམ་སང་གཏན་བྱུང་བར་མ་ཟད།ཡག་ཤིང་གསེབ་ནས་ཟྭའང་བརྒྱབ་སོང་།ལྟག་རྒྱབ་ནས་གློ་བུར་བྱུང་བའི་ཁྲོག་སྒྲ་དེས་ཀོ་ལི་ཀོར་ནི་ཧ་ལས་སུ་བཅུགཁོའི་བྱིན་པ་ནི་དེ་མ་ཐག་ཏུ་སྙི་བར་གྱུར།དེ་ནི་སྲིང་མོས་བདེ་ལྕག་འཁྱུག་པོའི་ངང་ལས་ཀ་དེ་བསྒྲུབས་པ་སྟེ།མོ་སྔ་མོ་ནས་དྲང་བོར་ལངས་ཏེ་བསྒུགས་བསྡད་པ་ཡིན་ལ།མཐུད་ནས་མྱུར་སྟབས་ཀྱིས་གོམ་པའི་འདེགས་འཇོག་མདུན་དུ་བསྒྱུར་པ་རེད།ཀོ་ལི་ཀོར་གྱིས་མོའི་གོམ་སྒྲ་ངོ་མ་ཚོར་མ་བྱུང་།མོས་ཕྱོགས་གཅིག་ནས་ཟྭ་མིག་ནང་གི་ལྡེ་མིག་བསྐོས་པ་དང་ཕྱོགས་གཅིག་ནས་ཕ་མ་གཉིས་ལ་ཕྱོགས་ཏེ“གཞི་ནས་ཟྭ་རྒྱག་ཐུབ་པ་བྱུང་སོང”ཞེས་གསང་མཐོར་སྨྲས

“ད་ལྟ་ཅི་བྱེད་དམ།”ཀོ་ལི་ཀོར་གྱིས་དེ་ལྟར་ཁེབ་ལབ་ཅིག་བྱས།མུན་པའི་ཀློང་དུ་ཁོར་ཡུག་ཧྲིལ་བོར་མཉམ་བཞག་པ་ན།ཅང་མ་འགོར་པའི་དུས་ཡུན་ནང་ཁོ་ནི་འགུལ་ཙམ་ཡང་བྱེད་མི་ཐུབ་པ་ཁོས་རྟོགས་བྱུང་།ཚུལ་དེ་ལ་ཁོ་ཡ་མཚན་མ་སྐྱེས་པར།དེ་ལས་ལྡོག་སྟེ་ད་ལྟའི་བར་རང་གི་སུག་པ་ཕྲ་མོ་དེ་དག་འགུལ་སྐྱོད་བྱེད་ནུས་པ་ནི་རང་བྱུང་ཞིག་ཡིན་པར་འདོད།དེ་མ་གཏོགས་གཞན་ཡོད་ཚད་ཧ་ཅང་བདེ་བའི་སྣང་བ་ཤར་ནའང་།ན་ཟུག་རིམ་གྱིས་རིམ་གྱིས་འཇགས་པའི་མོད་ལ་ཧ་ལམ་རྩ་བ་ནས་མེད་པར་གྱུར་འདྲའི་སྣང་བ་བྱུང་།རྒྱབ་ཀྱི་བིམ་པ་རུལ་བ་དེ་དང་མཐའ་རུ་ས་རྡུལ་སྙི་མོས་ཁེབས་ཤིང་རེད་པའི་རྨ་ཁ་དེའང་ཕལ་ཆེར་ཡོད་མེད་ཚོར་གྱིན་མེད།ཁོས་བརྩེ་ཞིང་དུངས་པའི་ངང་ཁྱིམ་མི་རྣམས་ཕྱིར་དྲན་བྱས་པ་བརྒྱུད།རང་ཉིད་ནི་གནས་དེ་ནས་ཅིས་ཀྱང་ཕྱིར་འབུད་བྱེད་དགོས་སྙམ།ཁོའི་བསམ་ཚུལ་དེ་ནི་སྲིང་མོའི་བསམ་འཆར་ལས་ཀྱང་རྦད་ཐག་ཆོད་པ་ཡིན།ཅོང་ཆེན་ཐོག་ཁང་གི་ཅོང་བརྡ་གནམ་གུང་གི་ཆུ་ཚོད་གསུམ་པར་བསླེབས་པའི་བརྡ་བརྒྱབ་པའི་ཡར་སྔོན་དུ།ཁོ་ནི་སྟོང་སྣང་དང་བདེ་སྣང་འདྲེས་མའི་བསམ་གཞིག་གི་ཀློང་དུ་འཁྱམས་ནས་བསྡད་ཅིང་།སྒེའུ་ཁུང་ཕྱི་རོལ་གྱི་ཞོགས་པའི་འོ་ཟི་དེ་ཉམས་སུ་མྱངས།དེའི་རྗེས་སུ་ཁོའི་མགོ་བོ་རང་དབང་མེད་པར་ཐོང་གའི་ཕྱོགས་སུ་དཔྱངས་ཏེ།སྣ་ཁུང་ལས་ཀྱང་མཇུག་མཐའི་དབུགས་རྔ་ཕྲ་མོ་ཞིག་ཕྱིར་བུད།

ཞོགས་པར་གཡོག་མོ་བསླེབས་བྱུང་།མོ་ནི་ཤེད་ཤུགས་ཆེ་ལ་ངང་ཐུང་འཚུབ་ལི་མ་ཞིག་ཡིན་པས།མི་རྣམས་ཀྱིས་ཞུ་བ་ཇི་ལྟར་བྱས་ཀྱང་མོས་སྔར་བཞིན་ཁྲོག་སྒྲ་དང་བཅས་སྒོ་འབྱེད་ཅིང་གཏན་པར་བྱེད།མོ་བསླེབས་ཚེ་ཁང་ཁྱིམ་ཡོངས་ཀྱི་མི་རྣམས་གཉིད་སྐྱིད་པོ་བདེ་མོ་ཞིག་ལྡོག་མི་ཐུབ་པ་ཁོ་ཐག་ཡིན།མོས་ཐེངས་དེར་དུས་ཡུན་ཐུང་བའི་རྒྱུན་ལྡན་གྱི་ལྟ་ཞིབ་བྱས་སྐབས་སུའང་།དང་ཐོག་ཀི་ལི་ཀོར་ལ་གནས་ཚུལ་ཁྱད་པར་བ་འདྲ་བྱུང་ཡོད་པ་གཏན་ནས་མ་ཚོར།མོའི་སེམས་ལ་ཁོས་བསམ་བཞིན་ས་ནས་དེ་ལྟར་ནར་གྱིས་ཉལ་ནས་འགུལ་ཙམ་ཡང་མི་བྱེད་པར།རང་ཉིད་ལ་མ་ཉེས་ཁ་གཡོགས་ཅི་འདྲ་ཆེན་པོ་ཞིག་ཐེབས་པའི་བཟོ་ལྟ་བསྟན་པ་རེད་སྙམ།ཀོ་ལི་ཀོར་ལ་ཚོར་ཤེས་ཡོད་དགོས་པ་མཐའ་དག་ཡོད་ངེས་པར་མོར་ཐེ་ཚོམ་ཅི་ཡང་མེད། སྐབས་དེར་མོའི་ལག་ཏུ་སྟེས་དབང་གི་ཕྱགས་མ་ཡུ་རིང་དེ་བཟུང་ཡོད་པས།སྒོ་ཁ་ནས་ཕྱགས་མ་དེས་ཀོ་ལི་ཀོར་ལ་ཟ་འཕྲུག་སློང་འདོད་སྐྱེས་ཏེ་ཁོའི་ཁ་གློངས་པར་བྱས།ཡིན་ནའང་མོས་ཇི་ལྟར་བྱས་ཀྱང་ཁོ་འགུལ་ཙམ་ཡང་མི་བྱེད་པས།མོ་ཤིན་ཏུ་ཁྲོས་ཏེ་ཕྱགས་མས་ཤེད་ཤུགས་ཡོད་ཚད་བཀོལ་ནས་ཀོ་ལི་ཀོར་གྱི་ལུས་ལ་ལན་འགར་བསྣུན།མོས་དེ་འཕྲད་དོན་དག་ཅི་ཞིག་བྱུང་སོང་བ་གཞི་ནས་རྟོགས་པས།མིག་ཟུང་ཆེར་བགྲད་ཅིང་ཁ་ནས་ཤུ་སྒྲ་ཆེན་པོ་ཞིག་ཀྱང་བཏོན།ཡིན་ནའང་མོས་དུས་ཚོད་མ་བགོར་པར་མུན་ནག་གི་ཁྲོད་དུ་སྐད་ཆེན་པོས“ཁྱོད་ཚོ་མྱུར་དུ་ཤོག་ལ་ལྟོས་དང་།ཁོ་ཤི་ཟིན།ཁོ་ས་རུ་འགུལ་རྒྱུ་མི་འདུག་སྟེ།དབུགས་ཀྱི་རྒྱུ་བའང་རྩ་བ་ནས་ཆད་འདུག”ཅེས་འུར་བརྒྱབ།ས་མུའུ་ཧྲ་བཟའ་ཟླ་གཉིས་ཀ་ཉལ་ཁྲིའི་སྟེང་ལུས་དགྱེ་དགྱེ་འདྲ་བྱས་ཏེ་ཅོག་གེར་བསྡད་རྗེས།ཐོག་མར་གཡོག་མོའི་འཇིགས་སྣང་བསླངས་པ་ལས་སེམས་ལྷོད་ལ་འབབ་ཏུ་བཅུག་ཅིང་།མཐུད་ནས་ད་གཟོད་ཡུན་གྱིས་མོའི་སྐད་ཆའི་ཧ་གོ་སོང་བ་རེད།

ས་མུའུ་ཧྲ་བཟའ་ཟླ་གཉིས་ཀ་དེ་འཕྲལ་རང་རང་ས་ནས་ཚབ་ཚུབ་དང་བཅས་མལ་ཁྲི་ལས་བབས།སྐུ་ཞབས་ས་མུའུ་ཧྲ་ཡིས་ཕྱར་བ་ཕྲག་ལ་འཕངས་ཡོད་པ་དང་།ས་མུའུ་ཧྲ་ཡི་ལྕམ་མོས་ཉལ་གོས་ཙམ་གྱོན་ནས་སྒོར་བུད།ཁོ་ཚོ་དེ་ལྟར་ཀོ་ལི་ཀོར་གྱི་ཁང་བའི་ནང་བསླེབས་སོང་ལ།དེ་དུས་ཚོམས་ཁང་གི་སྒོའང་ཕྱེ་བྱུང་།མོ་ཡན་རྣམས་ཀྱིས་ཁང་གླས་ཏེ་བསྡད་པ་ནས་བཟུང་། ཀོ་ལེ་ཐེ་ད་ལྟའི་བར་ཚོམས་ཁང་དུ་ཉལ་བ་ཡིན།མོའི་ལུས་ལ་གྱོན་གོས་ཆ་ཚང་གྱོན་འདུག་པར་བལྟས་ན།ཕལ་ཆེར་མདང་དགོང་རྩ་བ་སན་ཉལ་པ་དང་འདྲ་སྟེ། ངོ་གདོང་སྐྱ་ལོག་གེར་འདུག་པས་ལས་ཀྱང་དེ་ཐམས་ཅད་ར་སྤྲོད་བྱེད་ཀྱིན་ཡོད་པ་དང་འདྲ།“ཤི་ཟིན་ནམ།”ས་མུའུ་ཧྲ་ཡི་ལྕམ་མོས་ཚང་མ་རང་གིས་ཞིབ་བཤེར་བྱས་ཆོག་ལ། ཐ་ན་ཞིབ་བཤེར་མ་བྱས་ཀྱང་བལྟས་པ་ཙམ་གྱིས་ཀྱང་ཤེས་སྲིད་ནའང་།ད་དུང་དེ་ལྟར་འཆད་ཞོར་དུ་མགོ་བོ་ཡར་དགྱེ་སྟེ་རྩད་གཅོད་བྱེད་པའི་མིག་མདངས་ཀྱིས་གཡོག་མོར་བལྟས་འདུག“ངས་དེ་ལྟར་འདོད་པ་ཡིན།”གཡོག་མོས་དེ་ལྟར་འཆད་ཞོར་དུ་སླར་ཡང་ཕྱགས་མས་ཀོ་ལི་ཀོར་གྱི་བེམ་རོ་ཕར་གཞོགས་ལ་མང་ཙམ་དེད་དེ་མོའི་སྐད་ཆ་བདེན་པ་ར་སྤྲོད་བྱས།།ས་མུའུ་ཧྲ་ཡི་ལྕམ་མོས་ཕྱགས་མ་དེ་ཚུར་འཐེན་པའི་བཟོ་ལྟ་ཙམ་བསྟན་པ་ལས་དོན་ངོ་མར་འཐེན་མ་བྱུང་།“འོ།”སྐུ་ཞབས་ས་མུའུ་ཧྲ་ཡིས“ད་ནི་ང་ཚོས་དཀོན་མཆོག་ལ་ཐུགས་རྗེ་ཞུས་ཆོ”ཅེས་ཐོང་གར་རྒྱ་གྲམ་འབྲི་བའི་ཚུགས་ཀ་བྱས་པ་ན། མ་སྲུ་གསུམ་པོས་ཀྱང་ཁོ་ལ་ལད་མོ་བྱས་ནས་རྒྱ་གྲམ་ཐོང་ལ་འབྲི་བའི་ཚུགས་ཀ་བྱས།ཀོ་ལེ་ཐེ་ཡིས་བེམ་པོ་ལ་ཕུར་ཚུགས་སུ་ལྟ་བཞིན“ཁྱོད་ཚོས་ལྟོས་དང་།ཁོ་སྐམ་རིད་དུ་གྱུར་པའི་ཚུལ་ལ་ལྟོས་དང་།དུས་ཡུན་འདི་འདྲ་རིང་བའི་ནང་ཁོས་ཟས་ཁམ་གང་ཡང་མ་ཟོས།ཟ་མ་ནང་ལ་ཁྱེར་བ་ཇི་བཞིན་དུ་ཕྱིར་ཁྱེར་ཡོང་བ་རེད།”ཅེས་ཟེར།ཀོ་ལི་ཀོར་གྱི་ལུས་པོ་ངོ་མ་སྐམ་རིད་དུ་གྱུར་སན་སྐྱི་ལྤགས་ཙམ་ལ་ཐུག་འདུག་པ་ཁོ་ཚོས་ད་ལྟ་གཞི་ནས་རྟོགས་སོང་།ད་ནི་ཁོའི་ལུས་པོ་དེ་སུག་པ་ཕྲ་མོ་དེ་དག་གིས་འདེགས་མི་དགོས་ལ།དེ་ལས་གཞན་དུ་མིའི་ལྟ་ཕྱོགས་སྒྱུར་བྱེད་ཀྱི་ཆ་ནི་གཅིག་ཀྱང་མེད་དོ།།

“ཡ་ཤོད་དང།ཀོ་ལི་ཐེ།ང་ཚོའི་ཁང་བའི་ནང་ཤོག་དང་།”ས་མུའུ་ཧྲ་ཡི་ལྕམ་མོའི་གདོང་ལ་སྐྱོ་བའི་འཛུམ་ཙམ་མངོན་བཞིན་དེ་ལྟར་ཟེར།ཀོ་ལི་ཐེ་ཡིས་འབྲས་མི་བཟོད་པའི་ངང་ཕྱིར་འཁོར་ནས་བེམ་པོ་ལ་བལྟས་རྗེས་ཕ་མའི་རྗེས་སུ་འབྲངས་ནས་ཁོ་ཚོའི་ཉལ་ཁང་དུ་ཕྱིན།གཡོག་མོས་སྒོ་བརྒྱབ་ནས་དྲ་མ་མཐའ་དག་ཕྱེ་སོང་།ཞོགས་པ་ཡིན་ནའང་མཁའ་དབུགས་དྭངས་མོ་དེའི་ཁྲོད་དུ་དྲོད་སྣང་ཕྲན་བུ་ཞིག་གིས་ཁེངས་འདུག དེ་འདྲ་ལོས་ཡིན་ཏེ་ད་ནི་ཟླ་གསུམ་པའི་ཟླ་མཇུག་ལ་བསླེབས་པ་མ་ཡིན་ནམ།

སྐབས་དེར་ཉལ་ཁང་གི་སྒོ་ཕྱེ་བ་ན།སྐུ་ཞབས་ས་མུའུ་ཧྲ་ཡིས་ཁོའི་ལས་གོས་དེ་གྱོན་ནས་སྒོར་བུད་བྱུང་།ཁོའི་དཔུང་བ་གཅིག་ལ་ཆུང་མ་འཇུས་ཡོད་པ་དང་དཔུང་བ་གཅིག་ལ་བུ་མོ་འཇུས་ཏེ་གསུམ་གའི་མིག་ཟུང་ངུས་ནས་ཅུང་སྐྲངས་འདུགཀོ་ལེ་ཐེ་ཡིས་ད་དུང་ལན་རེར་འགྲམ་པ་ཨ་ཕའི་དཔུང་བར་གླན་པར་བྱེད

ཁོ་ཚོས་དེ་རིང་གི་ཉི་མ་བེད་སྤྱད་དེ་ངལ་གསོ་དང་འཆམ་འཆམ་ལ་འགྲོ་རྒྱུ་ཐག་གིས་བཅད།ཁོ་ཚོར་བྱ་བའི་བར་གསེང་གི་ངལ་གསོ་དེ་འཐོབ་འོས་པར་མ་ཟད།ཁོ་ཚོར་དུས་ཚོད་དེའང་མཁོ་ངེས་ཡིན།དེ་བས་ཁོ་ཚོ་མདུན་ཅོག་འགྲམ་དུ་བསྡད་དེ་གནང་ཞུའི་ཡི་གེ་གསུམ་བྲིས་པ་སྟེ།སྐུ་ཞབས་ས་མུའུ་ཧྲ་ཡིས་བདག་གཉེར་ཁང་ལ་བྲིས་པ་དང་།ས་མུའུ་ཧྲ་ཡི་ལྕམ་མོས་མངག་ཉོ་མཁན་ལ་བྲིས།ཀོ་ལི་ཐེ་ཡིས་ཚོང་ཁང་གི་བདག་པོར་བྲིས་པ་རེད།ཁོ་ཚོས་རང་རང་ས་ནས་གནང་ཞུའི་ཡི་གེ་འབྲི་བཞིན་པའི་སྒང་ལ།གཡོག་མོ་ནང་ལ་ཡོང་ནས་མོ་འགྲོ་རྒྱུ་ཡིན་ཟེར།མོས་ཞོགས་ལས་མཐའ་དག་ལས་ཚར་སོང་།གནང་ཞུའི་ཡི་གེ་འབྲི་བཞིན་པའི་མི་གསུམ་གས་དང་ཐོག་མགོ་ལྕོག་ལྡེམ་ལྡེམ་ཙམ་བྱས་པ་ལས་གཅིག་གིས་ཀྱང་མགོ་བཀྱགས་ནས་མོ་ལ་བལྟས།ཡིན་ནའང་གཡོག་མོ་དེ་རུ་ལངས་ཏེ་མ་སོང་བས།ཁོ་ཚོས་ད་གཟོད་མི་དགའ་བའི་ཚུལ་གྱིས་མགོ་བོ་ཡར་ལ་དགྱེ་བྱུང་། “ཅི་རེད།”སྐུ་ཞབས་ས་མུའུ་ཧྲ་ཡིད་དེ་ལྟར་དྲིས།ཕར་བལྟས་ཚོད་ཀྱིས་མོས་ཁྱིམ་ཚང་གང་བོར་བཀྲ་ཤིས་པའི་འཕྲིན་བཟང་གི་བཤད་རྩིས་ཡོད་ནའང་།མི་རྣམས་ཀྱིས་མོ་ལ་གཏིང་འདྲི་ནན་མོ་བྱས་ཚེ་ད་གཟོད་བཤད་བསམས་པའི་ཚུགས་ཀ་ཞིག་བསྟན་འདུགམོའི་ཞྭ་མོའི་སྟེང་གི་ཀེ་རེར་ལངས་པའི་བྱ་རྔ་མོང་ཆུང་ཆུང་གི་སྒྲོ་རྐང་འགའ་ཡོད་པ་དེ་ནི་ཕྱོགས་བཞི་ལ་དལ་གྱིས་གཡོ་བཞིན་གདའ།ས་མུའུ་ཧྲ་ཡི་ལྕམ་མོས“ཁྱོད་ལ་དོན་ངོ་མར་བྱ་བ་ཅི་ཞིག་ཡོད”ཅེས་དྲིས་བྱུང་། མོ་ནི་གཡོག་མོའི་ཆེས་བཀུར་བའི་མི་དེ་ཡིན།“འོ།”གཡོག་མོའི་འཛུམ་དམུལ་དམུལ་གྱིས་སྐད་ཆའི་ལྷུ་རྐང་འགྲིག་པ་ཞིག་མི་ཤོད་པར་གྱུར།“དོན་དག་དེ་འདྲ་ཞིག་ཡིན།ཕ་གིའི་ཁང་བའི་ནང་གི་དེ་ཕྱི་ལ་ཇི་ལྟར་གཡུག་ཐབས་བྱེད་པ་ལ་ཁྱོད་ཚོས་སེམས་ཚེགས་བྱེད་མི་དགོས།དོན་དག་ཐམས་ཅད་ངས་འོས་མོ་བྱས་ཏེ་བསྒྲུབས་ཟིན”ཟེར། ས་མུའུ་ཧྲ་ཡི་ལྕམ་མོ་དང་ཀོ་ལི་ཐེ་གཉིས་ཀས་ཁོ་ཚོའི་ཡི་གེའི་སྟེང་ལ་མགོ་བསྒུར་ནས་ཕལ་ཆེར་མུ་མཐུད་དུ་བྲི་རྒྱུ་ཡིན་པའི་ཚུགས་ཀ་བསྟན་སོང་།སྐུ་ཞབས་ས་མུའུ་ཧྲ་ཡིས་གཡོག་མོས་དོན་དག་དེའི་མགོ་རྔ་གསལ་བོར་བཤད་མགོ་བརྩམས་རྒྱུ་ཡིན་པ་ཚོར་པས་ལག་པ་བསྲིངས་ནས་མོའི་བཤད་མཚམས་རྦད་ཀྱིས་བཅད།གཡོག་མོ་འགྲོ་བར་བྲེལ་ཞིང་སྐད་ཆའང་བཤད་དུ་མ་བཅུག་པས།ངོ་ཚ་ཉོས་པའི་བཟོ་ལྟ་འདྲ་ཞིག་བསྟན་ནས“དེས་ན་བདེ་མོ་གྱིས་ཤིག”ཟེར་བཞིན་ཁོང་ཁྲོ་དང་བཅས་སྒོ་ཁྲོག་གེར་བརྒྱབ་རྗེས་ཁང་དེ་དང་བྲལ།

“དོ་དགོང་ནས་མོ་ཁྱིམ་འདིར་རྐང་བ་སྤོ་ས་མེད་པ་བྱ་དགོས”སྐུ་ཞབས་ས་མུའུ་ཧྲ་ཡིས་དེ་ལྟར་བཤད་པ་ན།ཁོས་གྲོས་གཞིར་ཆུང་བ་དང་བུ་མོ་གཉིས་ཀས་འཐད་མིན་གྱི་ལན་ཅི་ཡང་མ་བྱིན།གཡོག་མོས་ཕལ་ཆེར་ཁོ་ཚོའི་ལྷོད་ལ་བབ་ཙམ་གྱི་སེམས་པ་དེ་ཡང་བསྐྱར་དཀྲུགས་བྱུང་བ་འདྲ།མ་སྨད་གཉིས་ཀ་ཡར་ལངས་ཏེ་དྲ་མའི་མདུན་ངོས་དུ་སོང་ནས་ཕན་ཚུན་གྱི་སྐེ་ལ་འཁྱུད་དེ་བསྡད།སྐུ་ཞབས་ས་མུའུ་ཧྲ་འདུག་སྟེགས་གྲས་པ་ཅན་ལས་མོ་གཉིས་ཀའི་ཕྱོགས་སུ་འཁོར་ཅིང་།ཁ་རོག་གེར་ཡུད་ཙམ་ལ་བལྟས་རྗེས“ཁྱོད་ཚོ་ཚུར་ཤོག་དང་།འདས་ཟིན་པའི་དོན་དག་དེ་རིགས་ལ་ཁ་ཡ་མ་བྱས་ན་འགྲིག དེ་ལས་་ཁྱོད་ཚོས་ང་ལ་སེམས་ཁུར་ཙམ་བྱས་ན་མི་ཆོག་གམ”ཞེས་འུར་བརྒྱབ་བྱུང་། མ་སྨད་གཉིས་ཀས་ཁོའི་སྐད་ཆར་ཉན་ནས་མྱུར་དུ་ཁོའི་མདུན་དུ་ཕྱིན་ནས་ཁོ་ལ་སེམས་གསོ་བྱས་ཤིང་།དེ་མ་ཐག་རང་རང་གི་ཡི་གེའང་བྲིས་ནས་མཇུག་བསྡུས།

མཐུད་ནས་ཁོ་ཚོ་གསུམ་པོ་མཉམ་དུ་རང་ཁྱིམ་ནས་ཕྱི་ལ་བུད།ཟླ་ངོ་འགའི་རིང་ལ་ཁོ་ཚོ་དེ་ལྟར་འཆམ་འཆམ་དུ་སོང་མ་མྱོང་།ཁོ་ཚོ་གློག་འཁོར་ལ་བསྡད་དེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་བ་ཡིན།གློག་འཁོར་དེའི་ནང་དུ་ཁོ་ཚོ་མ་གཏོགས་འགྲུལ་པ་གཞན་མེད་དེ།དྲོད་འཇམ་གྱི་ཉི་འོད་གློག་འཁོར་གྱི་ནང་དུ་འཕྲོས་ཤིང་།ཁོ་ཚོས་བག་ཕེབས་བདེ་ལྷོད་ཀྱི་ངང་རྒྱབ་ངོས་འདུག་སྟེགས་ལ་བསྙེས་ཏེ་མ་འོངས་པའི་མདུན་ལྗོངས་ལ་གླེང་མོལ་བྱས།དོན་དངོས་སུ་ཞིབ་འདང་རེ་བརྒྱབ་ན།ཁོ་ཚོའི་མདུན་ལྗོངས་མི་ལེགས་རྒྱུ་ཅི་ཡང་མེད་དེ།ཁོ་ཚོས་ཕན་ཚུན་བྱ་བ་ཅི་ཞིག་སྒྲུབ་བཞིན་ཡོད་པ་ད་ལྟའི་བར་དྲིས་མ་མྱོང་བ་མ་གཏོགས།མ་གཞིར་ལས་ཀ་དེ་གསུམ་པོའང་མི་བཟང་རྒྱུ་མེད་ལ།ལྷག་ཏུ་འཕེལ་རྒྱས་ཀྱི་མདུན་ལམ་ཤིན་ཏུ་ཡངས་པ་རེད། མིག་སྔར་ཁོ་ཚོའི་གནས་བབ་ཇེ་ལགས་སུ་གཏོང་བའི་ཐབས་མཆོག་ནི་ཁྱིམ་གཞིས་གནས་སྤོར་བྱ་རྒྱུ་དེ་ཡིན། ཁོ་ཚོས་ད་ལྟའི་སྡོད་ཁང་སྟེ།དང་ཐོག་ཀོ་ལི་ཀོར་གྱིས་བདམས་པའི་ཁང་པའི་ཁང་ཁྱིམ་དེ་ཕྱིར་བསློགས་ནས་དེ་ལས་ཆུང་ཞིང་རིན་གོང་དམའ་བ།ཁང་བ་ཡོད་ས་དེལས་ལེགས་ཤིང་སྤྱོད་སྒོ་དེ་ལས་ཆེ་བའི་ཁང་བ་ཞིག་གླ་བསམ་པ་རེད།ཁོ་ཚོས་དེ་ལྟར་དལ་བྲེལ་མེད་པར་ཁ་བརྡ་བྱེད་བཞིན་པའི་སྐབས་སུ།ས་མུའུ་ཧྲ་བཟའ་ཟླ་གཉིས་ཀས་ཕལ་ཆེར་དུས་མཉམ་དུ་སེམས་ཁམས་རིམ་བཞིན་ཇེ་སྐྱིད་ཇེ་བདེར་འགྲོ་བཞིནཔའི་རང་གི་བུ་མོའི་འགྱུར་ལྡོག་མཐོང་བྱུང་།ཉེ་ལམ་གྱི་སེམས་ཁྲལ་དང་སྡུག་བསྔལ་མཐའ་དག་གི་དབང་གིས་མོའི་ངོ་གདོང་ལ་སྐྱ་མདོག་ཤར་ཡོད་ནའང་། མོ་ནི་སྔར་བཞིན་མཛེས་ཤིང་ཡིད་དུ་འོང་ལ། ལུས་ཉམས་རྒྱས་པ་ཞིག་ཏུ་གྱུར་འདུག ཁོ་ཚོས་ཕན་ཚུན་ལ་སྐད་ཆ་མ་བཤད་ནའང་ཕལ་ཆེར་ངང་གིས་གོ་རྒྱུ་ཅན་གྱི་མིག་བརྡ་བརྗེ་རེས་བྱས་སོང་།ཁོ་ཚོའི་སེམས་ལ་ཤར་འོངས་པ་ནི།ད་ནི་མོར་བསམ་ཐོག་ལ་རྟ་རྒྱུག་པའི་མག་པ་ཞིག་བཙལ་བའི་དུས་ལ་བབ་སོང་སྙམ་པ་དེའོ།།ཁོ་ཚོ་འགྲོ་སའི་གནས་ལ་བསླེབས་པ་ན།བུ་མོས་སྔ་བ་བྱས་ཏེ་ཡར་ལངས་ནས་མོའི་ལང་ཚོའི་སྒེག་ཉམས་ཡོངས་སུ་གདོན་ཆེད་ལུས་ཚུགས་འདོད་དང་ལྭ་ཚགས་བཅོས་ཤིག་བྱས་ཚེ།ཕ་མ་གཉིས་ཀྱི་སེམས་སུ་དེ་ནི་ཁོ་ཚོའི་རེ་བ་གསར་བ་དང་སྨོན་འདུན་ལེགས་པོའི་བདེན་དོན་དཔང་མ་ཡིན་ནམ་སྙམ་མོ།།

 

རྩོམ་ཁུངས། ༢༠༠༨ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།