གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་དང་དབང་ཆ་གཅིག་བསྡུས་རིང་ལུགས།༼ཚན་བཤུས།༽

2009-09-04 18:00:00 ཇོར་ཇི་ཨོ་ཝེལ། ཀློག་གྲངས། མཆན ཡོད།

     འུ་ཅག་རང་རྐྱ་འཕེར་ལ་སྒེར་ཚུགས་ཀྱི་བསམ་བློ་ལྡན་པའི་མི་བོར་ཟིན་ལ་འབོར་བཞིན་པའི་དུས་རབས་ཤིག་ཏུ་འཚོ།  ད་ལྟ་རང་རེས་གླེང་བཞིན་པའི་རྩོམ་རིག་དང་ཁྱད་པར་དུ་རྩོམ་རིག་དཔྱད་བརྗོད་ཀྱི་སྐོར་ལ།  རང་རྐྱ་འཕེར་ལ་སྒེར་ཚུགས་ཅན་གྱི་བསམ་བློ་དེ་རང་བཞིན་གྱིས་ཡོད་འོས་པ་ཞིག་ཏུ་བཤད་མོད།   དངོས་ཡོད་དེ་དང་ལྡོག་འདུག
     རྩོམ་པ་པོ་ཞིག་ལ་མཚོན་ན།   ཁོའི་ལས་ཀ་ཆེས་ཐོག་མ་ནི་སྐད་ཆ་དྲང་མོར་བཤད་རྒྱུ་དེ་རེད།   བསམ་བློ་དངོས་དང་ཚོར་བ་རྣལ་མ་བརྗོད་རྒྱུ་དེ་རེད།   སྒྱུ་རྩལ་བརྩམས་ཆོས་དག་ལས་ཆེས་དམན་པ་ནི་བདེན་པ་མི་བརྩི་བ་དེ་ཡིན་ལ།   དཔྱད་བརྗོད་ལ་མཚོན་ན་དེ་ལས་ཀྱང་ངོ༌།  །
     ད་ལྟ་དབང་ཆ་གཅིག་བསྡུས་རིང་ལུགས་རྒྱལ་ཁབ་ཀྱི་དུས་རབས་ཡིན་པས།   འུ་ཅག་ལ་སྨྲ་བརྗོད་ཀྱི་རང་དབང་མི་འདུག་ལ་ཡོད་ཀྱང་མི་སྲིད།   དབང་ཆ་གཅིག་བསྡུས་རིང་ལུགས་གླེང་ན།    ང་ཚོས་འཇར་མན་དང་ཨུ་རུ་སུ།   དབྱི་ཐ་ལི་སོགས་དྲན་འོང་མོད།   ཁྱོད་ཀྱིས་སྣང་ཚུལ་འདི་མ་འོངས་པར་འཛམ་གླིང་རང་བཞིན་གྱི་གནོད་འཚེ་ཞིག་ཏུ་འགྱུར་སྲིད་པ་རྟོགས་དགོས།
    མི་སྒེར་ལ་དཔལ་འབྱོར་གྱི་རང་དབང་ཡོད་པ་དེས་ཚད་ངེས་ཅན་གྱི་སྟེང་ནས་བསམ་བློའི་རང་དབང་ཡོད་པ་ཐག་གཅོད་ལ།   ལས་ཀ་གདམ་གསེས་ཀྱི་རང་དབང་ཡོད།
    ཁྱོད་ལ་ལྟོགས་སྐོམ་མྱངས་སུ་མི་འཇུག་པ་དང་ལས་ཤོར་སོགས་ཀྱི་གནད་དོན་མི་འབྱུང་བའི་ཆེད་དུ་རྒྱལ་ཁབ་ཀྱིས་དཔལ་འབྱོར་ལ་ཚོད་འཛིན་བྱེད་ངེས་མོད།   དེས་མི་སྒེར་གྱི་བསམ་བློའི་འཚོ་བ་ཐེ་གཏོགས་བྱ་དགོས་དོན་མི་འདུག    ཡིན་ནའང་ད་ལྟའི་གནས་བབ་ལ་བལྟས་ན།   ལྟ་སྟངས་དེ་གཏན་ནས་ནོར་འདུག
    དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས་སྔོན་གྱི་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་ཚད་མཐོན་པོའི་སྒོ་ནས་བསམ་བློའི་རང་དབང་མེད་པར་བཟོས།   ཡིན་ནའང་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ།   བསམ་བློ་བཀག་སྡོམ་དེ་ཕྱོགས་གཅིག་ནས་མ་ཡིན་པར་ཕྱོགས་གཞན་ཞིག་ཡོད་པ་ནི།    དེས་ཁྱོད་ལ་སྒེར་གྱི་བསམ་བློ་མཚོན་དུ་མི་འཇུག་པས་མི་ཚད།   བསམ་བློ་ཇི་ལྟར་གཏོང་དགོས་པའི་ཚད་གཞི་ཞིག་ཁྱོད་ལ་སྤྲོད་ངེས་ལ།    འདུ་ཤེས་འཛིན་སྟངས་ཤིག་གསར་དུ་བཟོས་ཏེ་བསམ་བློ་དང་སྒེར་གྱི་འཚོ་བར་བཀག་སྡོམ་བྱེད།    དེས་ཁྱོད་རང་ཕྱི་རོལ་གྱི་འཇིག་རྟེན་དང་བར་ཐག་བཀྱེད་དེ་ཚད་གཞི་མེད་པའི་འཇིག་རྟེན་ཞིག་ཏུ་གཅིག་པུར་ལུས་སུ་འཇུག་ངེས།
    འུ་ཅག་གིས་སེམས་ཁུར་བྱེད་པའི་གནད་དོན་ཆེས་གཙོ་བོ་ནི།   ཁོར་ཡུག་འདི་ལྟ་བུ་ཞིག་ཏུ"རྩོམ་རིག"འཚོ་ཐུབ་མིན་དེ་རེད།   ངས་ག་ལེར་བསམ་ན་ཁྱོད་ཀྱིས་ཚིག་ཐག་རྦད་ཆོད་ཀྱིས་མི་ནུས་པར་ལན་གདབ་པར་ངེས།   གལ་ཏེ་དབང་ཆ་གཅིག་བསྡུས་རིང་ལུགས་དེ་འཛམ་གླིང་རང་བཞིན་དང་ཡུན་རིང་ཅན་དུ་གྱུར་ཚེ།    རང་རེས་གླེང་གིན་པའི"རྩོམ་རིག"དེ་རྩ་བ་ནས་མེད་པར་གྱུར་འགྲོ
    དབང་ཆ་གཅིག་བསྡུས་རིང་ལུགས་རྒྱལ་ཁབ་ཀྱི་ཁྱད་ཆོས་ནི།   དེས་བསམ་བློ་བཀག་སྡོམ་བྱེད་དགོས་ནའང་བསམ་བློ་གཏན་འཇགས་ཡོང་བ་མི་བྱ།   དེས་དོགས་པ་བྲལ་བའི་ལུང་ཚིག་ཙམ་གཏན་འཁེལ་བྱ་དགོས་ལ་དེ་ལ་རིམ་གྱིས་བཟོ་བཅོས་རྒྱག   དེ་ལ་ལུང་ཚིག་ཙམ་དགོས་དོན་ནི་དེས་མི་དམངས་མཐའ་གཅིག་ཏུ་དབང་དུ་སྡུད་པའི་ཆེད་དུ་ཡིན་ལ།    དབང་ཆའི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་དེ་ལ་བཟོ་བཅོས་བརྒྱབ་སྟེ་འགྱུར་ལྡོག་ཡོད་པ་བྱ་དགོས།   དེས་རང་ཉིད་ཆེས་མཐར་ཐུག་གི་བདེན་པ་ཡིན་པར་སྨྲ་བ་དང་མཉམ་དུ་ཕྱི་རོལ་ཡུལ་གྱི་གནས་ལུགས་ཞེས་པའི་དོན་སྤྱི་ལ་དགག་པ་རྒྱག
    སྐབས་དེའི་དབང་བསྒྱུར་བའི་བསམ་བློ་ལ་ཁ་ཐོག་ནས་ཁས་ལེན་བྱེད་པ་ལས་སླ་མོ་ཤིག་ཏུ་སྣང་ཡང༌།   དོན་སྙིང་ཆེས་ཆེར་མངའ་བའི་བརྩམས་ཆོས་དག་ནི་ཁྱོད་ཀྱིས་སྐད་ཆ་དྲང་མོར་བཤད་པའི་དུས་སུ་འཁྲུངས་པ་ཡིན་ཏེ།    དེ་མེད་ཚེ་གསར་རྩོམ་གྱི་འདུན་པའང་ཡོད་མི་སྲིད།
     འདི་ནི་རང་རེས་གླེང་གིན་པའི"རྩོམ་རིག"དེ་རྩ་བ་ནས་མེད་པར་གྱུར་འགྲོ་བའི་རྒྱུ་མཚན་ཏེ།   དབྱི་ཐ་ལི་རུ་རྩོམ་རིག་ལ་གནོད་འཚེ་བྱུང་ཞིང༌།    འཇར་མན་དུ་རྩོམ་རིག་ཅེས་པ་མི་སྣང་བར་གྱུར།    ན་ཚིའུ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལས་ཀ་ནི་དཔེ་དེབ་བམ་པོ་དང་བམ་པོ་བྱས་ནས་མེ་རུ་བསྲེགས་རྒྱུ་དེའོ།   །ཨུ་རུ་སུའི་འཇོན་ཐང་ལྡན་པའི་རྩོམ་པ་པོ་ལས་ཁ་ཅིག་གིས་རང་སྲོག་བཅད་ཟིན་ལ་ཁ་ཅིག་བཙོན་དུ་བཟུང༌།
       གང་ལྟར་ནའང༌།   འདི་ནི་རྩོམ་རིག་ལ་དོ་ཁུར་བྱེད་པ་དག་གི་རེ་བ་ཉག་གཅིག་ཡིན།  རྩོམ་རིག་གི་རིན་ཐང་ལ་གདེང་འཇོག་གནང་མཁན་སུ་དང་སུ་ཡིན་ནའང༌།    དེས་རྩོམ་རིག་གིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་བཞག་པའི་བྱས་རྗེས་མཐོང་བར་ནུས་ན།    དེས་ཕྱི་ནང་གང་རུང་ནས་ང་ཚོའི་མགོ་ཐོག་ལ་བཙན་གྱིས་བཞག་པའི་དབང་ཆ་གཅིག་བསྡུས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དགོས་པ་དེ་རྟོགས་པར་ངེས།
                                            (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།