གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱོད་ཤེས་རིང་ལུགས་པ།

2011-04-01 16:16:00 ཡུའུ﹒ བེ ﹒མ་མིའུ་ལེ་ཡེ་ཧྥུའུ' ཀློག་གྲངས། མཆན ཡོད།


    ཨོ་བའི་ཨ་མས་རང་ལ་ནུ་མོ་ཞིག་སྐྱེས་པ་ནས་བཟུང་། ཁོར་གཉིད་སྐྱིད་པོ་ཞིག་དང་ཞེ་ལྷོད་པོའི་དུས་སྐབས་ཤིག་ནི་སྦྱིན་མ་མྱོང་། ནུ་མོ་ནི་ཞོ་ཤ་རྒྱགས་ཤིང་ཤ་མདངས་ཅུང་དམར་ཞིང་ལུས་ཡོངས་གཤེར་ཁུའི་བརླན་འདུག་ཅིང་། ཕར་བལྟས་ཚོད་ལ་སུ་ཞིག་གིས་སྐྲག་བསླངས་པས་ན་འཇིགས་སྣང་གིས་ལུས་ཀྱི་བ་སྤུའི་བུ་ག་ནས་རྔུལ་ཆུ་བརྡོལ་བ་དང་ཀུན་ནས་མཚུངས།  ནིའུ་ནས་རང་གི་མཐའ་འཁོར་གྱི་འཇིག་རྟེན་ལ་དོ་སྣང་མི་བྱེད་པར་ནམ་རྒྱུན་རང་ནུས་རྩལ་སྤྲུག་བཏོན་ནས་གོག་འགྲོ་ལ་སྦྱོང་ཅི་ཐུབ་བྱེད། ཁོ་མོ་སྐྱེས་པ་ནས་བཟུང་ཁྱིམ་འདིའི་མི་རྣམས་ཀྱང་མི་ཁོམ་པའི་གནས་སུ་སྡོད་པ་ནང་བཞིན་སོས་དལ་མ་མྱོང་ལ། ཉིན་འགའི་སྔོན་ལ་ཨ་མས་ཁྱིམ་གྱི་སླ་ང་ཆུང་ངུ་དེས་ཨ་ཕའི་གདོང་ལ་གཞུས་པ་དང་། ཨ་ཕས་རང་གི་ཡུན་རིང་འབད་བརྩོན་བགྱིས་པའི་ལས་ཀ་ལས་མཚམས་བཞག་པ། རྨོ་བོ་ཧྥེ་ཨོ་ཏོ་ཞིས་ཀྱང་དེ་སྔ་རྨིས་པའི་འཇིགས་སྐྲག་གི་རྨི་ལམ་རྨིས་མཚམས་བཞག་ཟིན་ལ། ད་དུང་རྒྱུ་མཚན་ཅི་ཡིན་ཆ་མི་འཚལ་མོད། ཐ་ན་བྱི་ལ་ཇེ་ཨོ་ཁི་ལ་ཐི་ཡང་རང་གི་ཁ་ཟས་སུ་གྱུར་བའི་བྱི་བ་དག་ལ་སྐྲག་འགོ་བརྩམས་བྱུང་།
    བྱི་ལི་ཆུང་ཆུང་ཨོ་བ་ལ་མཚོན་ན་ཡར་སྔོན་དང་བསྡུར་ཚེ་འགྱུར་ལྡོག་ཆེན་པོ་བྱུང་འདུག་སྟེ། སྔོན་ཆད་ཁོ་ནི་རང་སྣང་གི་དབང་དུ་སོང་ཞིང་ཕྱི་རོལ་གྱི་ཡོད་ཚད་ལ་དེ་འདྲ་ཐེ་གཏོགས་དང་དོ་སྣང་བྱེད་མཁན་ཞིག་མིན་མོད། ཡིན་ནའང་ནུ་མོ་འཇིག་རྟེན་དུ་སྐྱེས་པ་ནས་བཟུང་ཁོས་རང་གི་ཉེ་འཁོར་གྱི་བྱ་དངོས་མཐའ་དག་ལ་དོ་སྣང་བྱེད་པ་དང་རྣམ་རིག་སྒྲིམ་འགོ་བརྩམས་བྱུང་ལ། དེ་ནི་སྐར་མ་མིག་དམར་དང་སྐར་མ་པ་སངས་གཉིས་བར་སྣང་ཁམས་ནས་གདོང་མཐུག་བརྒྱབ་པ་དང་འདྲ་བོ་འདུག
    སྐབས་འདིར། ཨོ་བས་རང་གི་དམར་མདངས་སུ་གྱུར་བའི་ངོ་གདོང་ཁྲུས་ཁང་གི་གྱང་ལྡེབས་སུ་གཏད་དེ་ནུ་མོའི་མཐའ་བསྐོར་ན་སྦྲང་ནག་ཤ་རུ་འཁོར་འཁོར་བྱེད་པ་དང་འདྲ་བའི་ཁྱིམ་མི་ཉེ་འབྲེལ་དག་ལ་ལྟ་བཞིན་མཛུབ་མོ་ནང་དུ་འགུགས་བཞིན་མཆིས་ལ།  ལན་རེར་ཁང་བའི་གྲུ་ཟུར་ཞིག་ནས་སྒེའུ་ཁུང་ཕྱི་རོལ་དུ་སྐེ་བསྲིངས་ནས་རྒྱང་ལྟ་བྱེད་པའི་ཁོ་བོ་ནི་ཁྱི་སྨྱོན་ཞིག་གིས་གློག་རྒྱུ་འཕྲུལ་འཁོར་ཞིག་ལ་ལྟ་བ་དང་ཇི་འདྲའི་མཚུངས་ཨང་། 
     དེ་བས་ན་ཨ་ཕ་ཁི་ཧྲས་ཀྱང་རང་ཁྱིམ་གྱི་སེམས་ཁམས་སྨན་པར་བཤད་རྒྱུར། ༼ཨོ་བའི་སྙིང་ཤིན་ཏུ་ཆུང་། ཁོ་ཐ་ན་རང་གི་ནུ་མོར་ལྟ་རྒྱུར་ཡང་སྐྲག་གིན་འདུག༽ཟེར། 
     ཁྱིམ་གྱི་བཟའ་མི་གང་བོས་ནུ་མོ་ནེ་ན་ཆི་ཁར1་རྩེད་གྲོགས་དང་དང་དོད་བྱེད་པ་ལས་ཨོ་བར་ཁ་ཡ་བྱེད་མཁན་མ་བྱུང་ལ། ཐ་ན་ཁྱིམ་འདིའི་བྱི་ལ་ཇེ་ཨོ་ཁི་ལ་ཐི་ཡང་དེ་བཞིན་གྱི་རང་བཞིན་རེད། རྒྱུ་མཚན་འདི་དག་གི་རྐྱེན་པས་ཨོ་བས་རང་ཉིད་ཀྱི་ནུ་མོ་ནིའུ་ན་དང་ཁ་ཐག་ཇེ་ཉེ་རུ་གཏོང་བ་ལས་བྱ་ཐབས་བྲལ།  ཁྱིམ་དུ་མི་གཞན་མི་འདུག་པའི་གླགས་དང་བསྟུན་ནས་ཁོས་རྐང་འཇབ་ལག་འཇབ་ཀྱིས་ངང་ནས་ནུ་མོ་གཉིད་སའི་སློ་མའི་གམ་དུ་བཅར་ཞིང་། ཁ་ནས་ད་དུང་ལྡ་བི་ལྡིབ་བིའུ་སྐད་ཆ་ཚིག་འབྲུ་འགའ་རེ་ཡང་བཤད། ནུ་མོ་ནིའུ་ནས་རང་གི་མི་ཟུང་་ཆེ་ཆེར་བགྲད་ནས་ཕུ་བོ་ཨོ་བ་ལ་ལྟ་བ་ནི་ཁོར་ཡིད་ཆེས་ཀྱི་ཁེངས་འདུག་པའམ་ཡང་ན་ཁོ་བོ་ནི་འཇིག་རྟེན་གཞན་ཞིག་ནས་ལྷགས་པའི་སྲོག་ཆགས་ཡ་མཚན་ཅན་ཞིག་རེད་འདོད་ཀྱང་སྲིེད་མོད། ཡིན་ནའང་ཕུ་བོ་ཨོ་བ་རང་གི་ནུ་མོ་ནིའུ་ནའི་གམ་དུ་བཅར་བར་དམིགས་ཡུལ་གཞན་ཞིག་ཡོད་པ་འདྲ།
    དུས་སྐབས་དེ་ནི་དབྱར་གཞུང་ཞིག་རེད་ལ། སྙིང་ཉེ་བའི་ཨ་མ་ཏུའུ་ཞི་ཡས་བུ་མོ་ཆུང་ཆུང་འདི་འཇིག་རྟེན་ལ་སླེབས་པའི་མགྲོན་པོ་གསར་བ་ཡིན་པས་ན་ཕྱི་རོལ་ཡུལ་གྱི་མཁས་དབུགས་གསར་བ་ཞིག་ཅིས་ཀྱང་རྔུབ་ཏུ་འཇུག་དགོས་སྙམ་ནས། བུ་མོ་ནིའུ་ན་ཉལ་སའི་སློ་མ་ཆུང་ཆུང་དེ་སྒེའུ་ཁུང་གི་དྲ་མ་ཡ་གཅིག་ཕྱེ་རྗེས་ཉི་འོད་སྟེགས་བུའི་སྟེང་དུ་བཞག
      ཐེངས་ཤིག་ཁྱིམ་མི་ཉེ་འབྲེལ་རྣམས་ཀྱིས་ནིའུ་ན་བསྐོར་ཞིང་འགའ་རེས་༼ཁྱེད་ནི་ངའི་སེམས་ཀྱི་ཡོད་ཚད་ཡིན༽དང༼ཁྱེད་ནི་ངའི་སྙིང་གི་དུམ་བུ་ཡིན༽  ཡང་རེ་འགས༼ཁྱེད་ནི་ངའི་དཔྲལ་བའི་མིག་འབྲས་ཡིན༽སོགས་ཀྱི་གཏམ་སྙན་མོ་བུ་མོ་ནིའུ་ནའི་སྙན་དུ་བརྗོད་བཞིན་བདོག་ལ། ཡིན་ནའང་ཁོ་ཚོའི་གྲས་ན་བྱི་ལི་ཆུང་ཆུང་ཨོ་བར་མིག་ཟུར་ཙམ་གྱིས་ལྟ་མཁན་ཡང་མ་མཆིས་པས་ན། ཨོ་བ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས། ཁོའི་སེམས་སུ་ནམ་ཞིག་ཁྱིམ་མི་དག་ཁྱིམ་དང་བྲལ་བའི་སྐབསས་ཤིག་ལ་ནུ་མོ་རང་ཁྱིམ་གྱི་སྒེིའུ་ཁོང་བརྒྱུད་ནས་འཇིག་རྟེན་གཞན་ཞིག་ལ་བསྐྱལ་མ་བྱ་རྒྱུར་སེམས་ཐག་བཅད།  ཁོ་རང་ནུ་མོར་སེམས་ནས་སྡང་དོན་ཡང་ཧ་ཅང་གསལ་ཏེ། ཁོ་མོ་སྐྱེས་པ་ནས་བཟུང་ཁྱིམ་མི་ཉེ་འབྲེལ་དག་གིས་དགའ་བའི་བསྟོད་བསྔགས་བྱེད་ས་དང་དུངས་པའི་མིག་མདའ་འཕེན་སར་ནིའུ་ན་གྱུར་ལ། ཁོ་བོ་ནི་དེ་ལས་ལྡོག་པས་ན།  ད་ནི་ཁོའི་བཟོད་སེམས་ཀྱི་རྟ་ཁ་ལྷོད་རན་ལ་སླེབས་འདུག་སྟེ། ལྷག་པར་དུ་ཨ་ཕ་ཧྲ་ཁིའི་སྤྱོད་སྟངས་དེས་ཁོ་བོའི་སེམས་སུ་སྔར་མེད་ཀྱི་རྨ་ཁ་ཆེན་པོ་ཞིག་བཟོས་སོང་། ཨོ་བ་སྐྱེས་པ་ནས་བཟུང་ཁོས་རང་ཉིད་ཀྱི་ཨ་ཕ་ནི་རང་གི་སེམས་ཀྱི་གནམ་བདག་ཡིན་པར་རློམ་ཡོད་ལ། ཁོ་རང་ཨ་ཕའི་པང་ནས་བདེ་བར་གཟིམ་པའི་དུས་ནི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ཀྱི་དུས་ཡིན།  རྣམ་ཀུན“གནམ་བདག”ཉིད་བྱི་ལི་ཆུང་ཆུང་འདི་དང་ཁ་བྲལ་ནས་འགྲོ་དུས་ཁོ་བོར་ཕ་དང་འབྲལ་མི་འདོད་པའི་སྡུག་བསྔལ་གྱིས་མིག་ཆུ་བཞུར་མྱོང་ལ། མིག་ཆུ་དང་སྡུག་བསྔལ་དེ་ནི་བྱིས་པ་ཆུང་ཆུང་ཞིག་གི་དྭགས་གཙང་གི་སེམས་ངོགས་ནས་བཞུར་པ་རེད་མོད། ཡིན་ནའང་ཁོ་བོས་མིག་ཆུ་བཏོན་ཐེངས་རེ་རེ་དང་སྡུག་བསྔལ་གྱིས་མནར་ཐེངས་རེ་རེ་ནི་གསོལ་ཁང་དང་ཁྲུས་ཁང་དུ་ཡིབས་པའི་བྱི་བ་ཆུང་ཆུང་དེ་ཚོ་ལས་གཞན་སུ་ཞིག་གིས་དོ་སྣང་བྱེད་དམ།
        རེབ་འདིར་ཁྱིམ་དུ་མི་གཞན་མི་འདུག་པས་ཨོ་བ་རྐང་འཇབ་ལག་འཇབ་ཀྱིས་ངང་ནས་ནུ་མོ་ཉལ་སའི་སློ་མ་དེའི་གམ་དུ་སོང་། ཁོས་རང་ནུས་ཡོད་རྒུས་རྐང་བའི་སྣ་ཏོག་སྟེང་འགྲེང་ཅི་ཐུབ་བྱེད་ཞོར་ལག་པས་སློ་མ་ཆུང་ཆུང་དེ་ཕར་སྒུལ་ཚུར་སྒུལ་བྱས། མ་གཞི་ཁོས་གཡུགས་ཐེངས་གཅིག་གིས་རང་གི་ནུ་མོ་སྒེའུ་ཁུང་ཕྱི་རོལ་གྱི་འཇིག་རྟེན་གཞན་ཞིག་ཏུ་བསྐྱལ་འདོད་ཡོད་མོད། ཡིན་ནའང་སྐབས་འདིར་རེ་ཞིག་ཁོ་དོགས་པའི་གནས་སུ་ཚུད་པ་སྟེ། རྒྱུ་མཚན་ནི་ཨོ་བས་རང་གི་ལག་པ་ཆུང་ཆུང་གཉིས་ཀྱིས་ནུའི་ན་སློ་མ་ལས་ཡར་ལེན་དུས། ནུ་མོའི་དཀར་ཞིང་ཆུང་བའི་སྒོར་སྒོར་གྱི་གདོང་ལ་སེམས་པ་ཤོར་སོང་། སྐབས་འདིར་ནུ་མོ་ནི་ཧ་ཅང་དགའ་འདུག་སྟེ་རང་ནུས་རྩལ་སྤྲུག་བཏོན་ནས་རྐང་བ་ཆུང་ཆུང་གཉིས་སྟེང་འགྲེང་ཅི་ཐུབ་བྱེད་ཅིང་། ད་དུང་ལྷད་མེད་པའི་འཛུམ་མདངས་དེས་སུ་ཞིག་ལ་རྒོལ་བཞིན་ཡོད་དམ།  ཨོ་བས་རང་གི་ནུ་མོའི་གདོང་ལ་ཅེར་བཞིན་སེམས་སུ་་མེ་ལོང་ཁྲོད་ཀྱི་ངའི་གཟུགས་བརྙན་དང་ཨ་ན་མ་ན་རེད། ཡིན་ནའང་དེ་ནི་ང་མ་རེད་སྙམ་བཞིན་སེམས་བདེ་ལ་བབས།
       ཁོའི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་ལངས་ཤིང་སེམས་སུ་ད་ནི་སློ་མའི་ནང་བདེ་བར་སྡོད་པའི་ནུ་མོ་ཉིད་ཕྱིར་འཕེན་དགོས་སྙམ་བཞིན་པའི་སྐབས།  རྣ་ལམ་དུ་ལྕམ་ཏུའུ་ཞི་ཡའི་དགོེད་སྒྲ་མི་འདོད་བཞིན་ཐོས་འོངས། བྱི་ལི་ཆུང་ཆུང་དེས་ཨ་མའི་ཕྱོགས་ལ་མགོ་བོ་སྒུར་ཙམ་བྱས་རྗེས་ཅི་ཡང་མི་སྨྲ་བར་ཁང་བའི་གྲུ་ཟུར་ཞིག་དུ་བསྡད།
ཁ་དཔེར་ཡང་ཨ་མའི་བུ་དལ་དགོས། རྒོད་མའི་བུ་བྲེལ་དགོས། ཞེས་པ་མ་ཡིན་ནམ་སྙམ་བཞིན་ཨོ་བས་རང་གི་ལག་པ་ཆུང་ཆུང་གཉིས་ཀ་ཨམ་ཕྲག་ཏུ་གཏོང་ཞོར་གྱང་ལྡེབས་ཀྱི་རི་མོར་ལྟ་བའི་ཟོལ་ཉམས་ཤིག་བཏོད་བཞིན་བསྡད།
       ཁོ་ནི་དཔྱོད་ཤེས་རིང་ལུགས་པ་ཞིག་པ་རེད་དེ། རང་ཉིད་ཧ་ཅང་དགའ་ས་ནི་དོན་དག་གང་ཞིག་སྒྲུབ་ཅིང་མགོ་ཡོད་པ་དང་མཇུག་ཡོད་ལ། མཐའ་འཁྱོལ་བའི་སྒྲུབ་སྟངས་དེ་རེད།
      ༼ཕྱི་རུ་སོང་ནས་འགོར་རམ། ༽
      ༼ང་ཕྱིར་སོང་ནས་འོ་མ་ཞིག་ཉོ་ནས་ཡོང་།༽
        ཐེངས་འདིར་བྱི་ལི་ཆུང་ཆུང་འདིར་སྤྱིར་བཏང་གི་དངོས་པོ་ཞིག་གི་སྤྲོ་བ་སློང་མི་སྲིད་པ་ཁོ་ཐག་རེད།
        ཁོ་རྐང་འཇབ་ལག་འཇབ་ཀྱིས་ངང་སློ་མའི་གམ་དུ་བཅར་ནས་རང་ནུས་ཡོད་རྒུ་བཏོན་ཏེ་ནུ་མོ་ནིུའུ་ན་གདོན་འདྲེ་ཞིག་དང་མཚུངས་པར་སྒེའུ་ཁུང་བརྒྱུད་ནས་མར་གཡུགས། ནུ་མོ་ནི་བལ་སྣོམ་ཅན་གྱི་མདོག་དཀར་པོ་ཡིན་པའི་རས་ཐུམ་ཞིག་གི་ནང་བསྐྱིལ་ཡོད་ལ། གོ་ལའི་ལྗིད་ཤུགས་ཀྱི་དབང་གིས་བག་ལེབ་ཆུང་ཆུང་ཞིག་གནམ་ནས་སར་ལྷུང་བ་ནང་བཞིན་ས་རུ་ལྷུང་སོང་ལ། དཀར་ཆུང་ཞིང་བའི་ལག་གཞིའུ་གཉིས་ཀྱིས་སུ་ཞིག་ལ་བདེ་མོ་འཇོག་གིན་ཡོད་དམ།
        བྱི་ལི་ཆུང་ཆུང་དེས་སྒེའུ་ཁུང་བརྒྱུད་ནས་མར་བལྟས་པ་དང་སེམས་སུ་མགྱོགས་པོར་ཤི་ནི་མ་རེད་སྙམ། ཡིན་ནའང་“ཏིག”་སྒྲ་དང་བཅས་ས་ལ་བརྡབས་པའི་ནུ་མོ་ནི་གྲག་འགུལ་ཅི་ཡང་མ་མཆིས་ལ། ཨོ་བའི་བསམ་པར་ཐ་ན་ཉི་འོད་ཡང་རང་དབང་མེད་པར་འགུལ་བྲལ་བེམ་གཟུགས་སུ་གནས་པའི་ཤ་རྡོག་འདིའི་སྟེང་འཕྲོས་འདུག་ལ། ཕར་བལྟས་ཚོད་ལ་ཁོ་མོས་སྤྲོ་སྣང་དང་བཅས་ས་སྟེང་གི་སྐྱེ་དངོས་ཡོད་རྒུའི་མེ་ཏོག་སྣ་བརྒྱ་བཞད་པ་དང་། དྭགས་གཙང་གི་མཛེས་པའི་ཕྱུག་པའི་དཔྱིད་ཀྱི་དུས་ཚིགས་གཉིས་ལ་དྲིན་ལན་འཇལ་བཞིན་པར་མངོན། ཁོས་ད་དུང་པྲ་ཆལ་གྱིས་གཟི་མདམས་ཤིག་གདོང་ལ་འཆར་བཞིན་ལག་པའི་མཛུབ་མོ་ཡ་གཅིག་ཡར་བསྲིངས་ནས་རང་གི་ནུ་མོར་འཇིགས་སྐུལ་གྱི་ཉམས་ཤིག་བསྟན།
       ཕ་མ་གཉིས་ཁྱིམ་དུ་ལོག་རྗེས་གནས་ཚུལ་འདི་ཤེས་པ་ཙམ་གྱི་སེམས་པ་ནི་སྐྱོ་སྡུག་གིས་མནར་སོང་ལ། ཡིན་ནའང་དོན་དག་འདི་བྱུང་བའང་ཧ་ཅང་རང་བྱུང་ངམ་རམ་བཞིན་གྱི་རྣམ་པ་ཞིག་་ཀྱང་ཅི་ལ་མིན།  ཁོ་ཚོས་བྱི་ལི་ཆུང་ཆུང་ཨོ་བས་ རང་གི་ནུ་མོ་ཤི་བ་མཐོང་ཐོས་སུ་གྱུར་ཚེ་ཧ་ཅང་སྐྲག་པར་འགྱུར་འགྲོ་སྙམ་ནས་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་བཅུག    དུས་སྐབས་འདིར་རྨོ་བོ་ཧྥེ་ཨོ་ཏོ་ཞི་ཡས་རང་གི་རྨི་ལམ་དཀྲུགས་པར་ལེ་བདའ་བྱེད་བཞིན་བགྱིད་ལ། ཨ་ཕ་ཧྲ་ཁིས་ཀྱང་མཁའ་དབུགས་གསར་བར་ལེ་བདའ་བྱེད་བཞིན་བགྱིད། གཞན་ཨ་མ་ཏུའུ་ཞི་ཡ་གཅིག་པུས་འཁང་ར་དང་ལེ་བདའ་་ཅི་ཡང་མེད་ལ་ཁོ་མོར་མཚོན་ན་ཐ་ན་རང་ཉིད་འཇིག་རྟེན་འདིར་གསོན་ཡོད་པའང་བརྗེད་འདུག  
      གཟའ་འཁོར་འགའ་འགོར་རྗེས་ཡོད་ཚད་ནམ་རྒྱུན་དང་འདྲ་བར་ཞི་འཇགས་སུ་སོང་ལ།  ཕ་མ་གཉིས་ཀྱང་རང་ཉིད་ཀྱི་བུ་ཕྲུག་ཨོ་བ་ལས་རྣམ་པར་རྒྱལ་འདོད་ཀྱི་རེ་བ་འདྲ་ཅི་ཡང་མེད་ལ། ༼ཁྱེད་ནི་ངེད་ཅག་གི་སྙིང་གི་དུམ་བུ་ཡིན།༽ཞེས་ནམ་རྒྱུན་ཁོའི་རྣ་ལམ་དུ་བརྗོད། ་ཨོ་བར་མཚོན་ན་ད་ནི་བྱིས་སྒྲུང་ཁྲོད་ཀྱི་བྱིས་པ་ཡ་རབས་ནང་བཞིན་བདེ་སྐྱིད་ཞི་འཇགས་ཀྱི་འཚོ་བ་རོལ་འགོ་བརྩམས་སོང་བ་དང་། ཁྱིམ་མི་ཡོངས་ཀྱིས་དོ་སྣང་བྱེད་སའང་་ཁོ་གཅིག་པུར་གྱུར་པས་ན་ཉེ་འབྲེལ་ཡོངས་ཀྱིས་ཁོར་གཅེས་སྐྱོང་ཐོབ་པའང་སྔར་ལས་ལྡབ་འགྱུར་གྱི་མང་དུ་ཕྱིན། བྱི་ལི་ཆུང་ཆུང་འདི་རིམ་གྱིས་ནར་སོན་ཞིང་སྐྱེས་གཟུགས་ནི་སྡོང་རྒན་གཏུན་དོ་ཞིག་དང་མཚུངས་མོད། ཡིན་ཡང་མཚམས་རེར་ཁོའི་་སེམས་སུ་ད་དུང་སྐྲག་སྣང་ཞིག་གིས་ཁེངས་འདུག   དེ་ནི་ཕལ་ཆེར་མིག་གིས་མི་སྣང་བའི་ལྷ་འདྲེ་གང་རུང་གིས་སྔོན་མ་ཁོས་རང་གི་ནུ་མོ་ཕུད་རྒྱག་བྱས་པ་ནང་བཞིན་ཁོ་རང་ཡང་བདུན་ཐོག་ནས་མར་ཕུད་རྒྱག་བྱེད་པ་དང་འདྲ།
       ད་དུང་ཁོའི་སེམས་སུ་མཐོང་རྒྱུ་རེག་རྒྱུ་མེད་པའི་ལྷ་འདྲེ་གང་རུང་དག་་རང་གིས་ནུ་མོ་འཇིག་རྟེན་ཕྱི་མར་མ་བསྐྱལ་ཡར་སྔོན་ནས་གནས་པར་འདོད་པ་དང་། གང་ལྟར་རུང་། རང་ཉིད་ནི་མིག་གིས་མི་སྣང་བའི་ལྷ་འདྲེ་གང་རུང་ལ་གཡོལ་ཐབས་བྲལ་བར་སྙམ་བཞིན་ཤུགས་རིང་གི་དངན་པ་ཞིག་འཐེན་ཞོར་མུ་མཐུད་རང་ཉིད་ཀྱི་འཚོ་བ་རོལ་བཞིན་གདའ།

                                                    1ནེ་ན་ཆི་ཁ་ནི་བུ་མོ་ནིའུ་ནའི་སྐྱེས་མིང་ཡིན།
                                                             (ལྷ་འགྲོན་བུ་མགོན་པོས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།