གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ།

2013-05-07 12:44:00 བྷོར་ཧེ་ཞི། ཀློག་གྲངས། མཆན ཡོད།

གློ་རྡེག་ལ་མག་མོག་གི་ས་སྲོས་གསལ་གྱི་ལེར་བུད་སོང

དུས་འདིར་ཏག་ཏག་ཆར་བ་འབབ་ཀྱིན་པའི་སྒང་ངམ

ཡང་ན་ཆར་བ་བབས་མྱོང་བས་ཡིན་སྲིད

ཆར་རྒྱུན་བར་མེད་དུ་འབབ་ཀྱིན་པ་དེ་ནི

འདས་སོང་གི་དོན་ཞིག་ཡིན་པར་ངེས
ཆར་བ་འབབ་ཀྱིན་པའི་ཤག་སྒྲ་ཐོས་མ་ཉིད་དུ

མི་སུ་ཞིག་ཡིན་རུང་འཕྲལ་མར་ལས་དབང་གིས་ཁོར་བསྩལ་བའི
འདས་སོང་གི་བདེ་སྐྱིད་ཅིག་ལ་དྲན་སོས་ཐུབ

མེ་ཏོག་ཅིག་གི་མིང་ལ་རྒྱ་སེ་ཟེར་ཞིང

དེའི་མཚར་སྣང་གི དམར་རྐྱང་གི་བཀྲག་མདངས
སྒེའུ་ཁུང་གི་ཤེལ་ལེབ་ཀྱང་ཡོངས་སུ་བསྒྲིབས་པའི་ཆར་རྒྱུན་དག་གིས

བདག་མེད་དུ་ལུས་ཡུན་རིང་བའི
མཁར་རྙིང་ག་གེ་མོ་ཞིག་གི་ཁྱམས་ར་ཅིས་ཀྱང་གསལ་ལེར་གཏོང་ཐུབ
སྒེའུ་ཁུང་ཁར་འགྲེང་བའི་རྒུམ་འབྲུམ་གྱི་སྡོང་བོ་དང
རབ་རིབ་ཀྱི་ཀློང་ན་བྱིངས་པའི་དགོང་ཁའི་ས་སྲོས་དེ

བརླན་བཤེར་གྱི་ཆར་བས་འོད་ཀྲིག་ཀྲིག་ཏུ་བཏང
དེས་ང་ལ་རེ་སྒུག་གི་གོམ་སྒྲ་ཞིག་ཚོར་དུ་བཅུག

བདག་གི་ཡབ་ཆེན་ད་དུང་གསོན་འདུག
  ཁོ་གཞི་ནས་ཕྱིར་ལོག་བྱུང

  མྱོང་རོལ་གྱི་གོ་རིམ།
བྷོར་ཧི་ཟིའི་རྩོམ་གཤིས་ཀྱི་ཁྱད་ཆོས་གཅིག་ནི་དུངས་བརྗོད་དང་འཕྱོར་འབྲི། དཔྱོད་ཤེས། ཚོར་གདུང་། དཔྱད་གླེང་། མནོ་བསམ་སོགས་ལྡོག་ཟླ་ཡིན་ལ་མཚུངས་ཆོས་ཀྱང་ཡིན་པའི་རྒྱུ་རྐྱེན་ཅི་རིགས་ཕྱོགས་གཅིག་ཏུ་སྤུངས་ནས་དེ་དག་སྙན་ངག་གི་ཁྲོད་འོ་ཆུ་འདྲེས་པ་བཞིན་ཕན་ཚུན་ངོ་བོ་གཅིག་ལ་བསྟར་ཏེ། མཐར་མཚན་ཉིད་རིག་པའི་སྡོམ་རྒྱ་ཆེན་པོ་ཞིག་གི་རྐྱ་བཤིག་གིན་ཡོད་པ་དེ་ཡིན།
ཆར་བ་འབབ་ཀྱིན་པའི་ས་སྲོས་དེ་མག་མོག་གི་རྣམ་པར་གནས་ཡོད་པ་ཁོ་ཐག་ཡིན་མོད། འོན་ཀྱང་སྙན་ངག་པས་མག་མོག་གི་ས་སྲོས་གསལ་ཐིང་ཐིང་གི་རྣམ་པར་འུད་བརྗོད་བྱས་འདུག བར་གླགས་འདིར་ཆར་དུས་ཀྱི་ས་སྲོས་གསལ་ཐིང་ཐིང་དུ་གྱུར་བ་མ་ཡིན་པར། ཡིན་ངོ་མ་ནི་སྙན་ངག་པའི་ནང་སེམས་ཀྱི་འཇིག་རྟེན་གསལ་ལེར་གྱུར་བ་རེད། ༼གློ་རྡེག་ལ་མག་མོག་གི་ས་སྲོས་གསལ་གྱི་ལེར་བུད་སོང༽ཞེས་པའི་ཁྲོད་ཀྱི་གསལ་ཡིག་འདི། ཡུད་ཡུལ་གསལ་བར་སྒྱུར་བྱེད་ཀྱི་འོད་མདངས་དང་ཚོས་མདོག་གིས་བརྒྱན་ཡོད་པ་མ་ཟད། རེ་བ་དང་ཡིད་ཆེས་ཀྱི་འོད་སྣང་ཞིག་གིས་ཀྱང་ཡོངས་སུ་བཏུམས་ཡོད།
  ༼ཆར་རྒྱུན་བར་མེད་དུ་འབབ་ཀྱིན་པ་དེ་ནི འདས་སོང་གི་དོན་ཞིག་ཡིན་པར་ངེས༽ལ། དེང་གི་དུས་འདིར་བྱུང་གིན་པའི་དོན་ཞིག་ཀྱང་ཡིན་ཆོག་པ་ཡིན། དེ་མིན་ད་དུང་མ་འོངས་བར་འབྱུང་སྲིད་པའི་དོན་ཞིག་ཀྱང་ཡིན་ཆོག་ཆོག་ཏུ་སྣང་། དེ་རིང་འབབ་ཀྱིན་པའི་ཆར་རྡོག་དག་འདས་སོང་གི་དུས་ཡུན་ག་གེ་མོ་ཞིག་ལ་བབས་མྱོང་བར་མ་ཟད། འབྱུང་འགྱུར་ཡང་ཐེངས་གཅིག་མིན་གཉིས་མིན་གྱིས་འབབ་ངེས། དོན་འདིས་ང་ཚོར་ཅི་ཞིག་སྟོན་གྱིན་ཡོད་དམ་ཞེ་ན། འདིས་ང་ཚོར་འཁོར་འདས་ཀྱི་བྱ་བཞག་ཡོད་དོ་ཅོག་ནི་དུས་ཚོད་ཀྱི་མཆེ་བར་ན་བར་མ་ཆད་པར་ཟོ་ཆེན་འཁྱུད་མོ་བཞིན་བསྐྱར་འཁོར་བྱེད་ཀྱིན་པའི་གནད་བསྟན་འདུག ཡང་འཁོར་བསྐྱར་འཁོར་གྱི་ཆོས་ཉིད་འདིས་སྙན་ངག་པར་རེ་བ་ཞིག་བསྩལ་བྱུང་ལ། དེ་ནི་འདས་ནས་ཡིན་རིང་ཕྱིན་པའི་རང་ཉིད་ཀྱི་ཡབ་ཆེན་ངེས་པར་དུ་འཆི་བ་ལས་བསྐྱར་གསོན་བྱེད་ཐུབ་པའི་ཡིད་ཆེས་དེའོ། དེ་བས་ན། མག་མོག་གི་ས་སྲོས་དེའི་ཀློང་ན་འབབ་ཀྱིན་པའི་ཆར་ཟིམ་མཐོང་མ་ཐག སྙན་ངག་པའི་ནང་སེམས་སྐད་ཅིག་དེ་ཉིད་ལ་གསལ་གྱི་ལེར་བུད་སོང་བ་རེད། བབ་ཆགས་ཡིན་ལ་ཧ་ལས་བར་བྱེད་པའི་འབྲི་ཐབས་འདི་འདྲ་ནི་རྩོམ་རིག་ལ་དབང་འབྱོར་བའི་ངེས་དོན་གྱི་རྩོམ་མཁན་ཚོའི་མ་གཏོགས་སུས་བཀོལ་ཤེས་ཨང་།
  ༼ཆར་བ་འབབ་ཀྱིན་པའི་ཤག་སྒྲ་ཐོས་མ་ཉིད་དུ ༽ཅེས་པའི་ཚན་པ་འདིར། ལས་དབང་དང་དཀོན་མཆོག་གིས་མི་ལ་བདེ་སྐྱིད་དང་བརྩེ་དུང་བསྩོལ་ཐུབ་ན། ལས་དབང་དང་དཀོན་མཆོག་གིས་ཤི་ནས་ཡུན་རིང་ཕྱིན་པའི་ཡབ་ཆེན་ལ་བསྐྱར་གསོན་གྱི་ནུས་ཤུགས་བསྩོལ་ཐུབ་པ་ངེས་གཏན་ཡིན་པའི་གནས་ལུགས་བསྟན་ཡོད། མཚར་དོན་འདི་འདྲ་དངོས་ཡོད་གཏན་ཚིགས་ཀྱི་སྟེང་ནས་གྲུབ་དཀའ་ཡང་སྙན་ངག་གི་སྟེང་ནས་གྲུབ་ཆོག་ཆོག་ཡིན། རྒྱུ་མཚན། རྩོམ་རིག་དང་ཁྱད་དོན་སྙན་ངག་ནི་ཚོར་བའི་གཏན་ཚིགས(情感逻辑)ཡིན་པས་སོ། ༼མཚར་སྣང་དང་དམར་རྐྱང༽གི་ཚིག་ཟུར་ལས་དཀོན་མཆོག་དང་ལས་དབང་གི་དཔོག་དཀའ་བའི་ལྐོག་གྱུར་གྱི་ཐུགས་དགོངས་མཚོན་ཡོད་པར་མ་ཟད།སྙན་ངག་གི་དུམ་ཚན་རྗེས་མར་རྨང་བཏིངས་འདུག
རང་བྱུང་ཚན་པ་གསུམ་པའི་ཁྲོད་དུ་བདག་མེད་དུ་ལུས་ཡུན་རིང་བའི་མཁར་རྙིང་ཞིག་བྲིས་ཡོད་ལ། དོན་ལ་མཁར་རྙིང་དེ་དུས་ཚོད་ཀྱིས་བདག་མེད་དུ་བསྐྱུར་བའམ་ཡང་ན་འཇིག་རྟེན་འདིའི་སྟེང་མཁར་རྙིང་དེ་འདྲ་ཞིག་མེད་པའི་ཚུལ་བརྗོད་ནས་ཚིག་ཤུགས་ལ་ཡབ་ཆེན་འཇིག་རྟེན་དཀར་ངོགས་དང་བྲལ་ནས་ཡུན་རིང་ཕྱིན་པའི་གསང་བརྡ་དེ་མངོན་ཆུང་གིས་བསྟན་འདུག
  མཇུག་གི་ཚན་པར་བརླན་བཤེར་གྱི་ཆར་བས་རབ་རིབ་ཀྱི་ཀློང་ན་བྱིངས་པའི་དགོང་ཁའི་ས་སྲོས་དང་སྒེའུ་ཁུང་ཁར་འགྲེང་བའི་རྒུམ་འབྲུམ་གྱི་སྡོང་བོ་གཉིས་འོད་ཀྲིག་ཀྲིག་ཏུ་བཏང་འདུག་པའི་ལྗོངས་རྣམ་ཞིག་བྲིས་ཡོད་ལ། སྙན་ངག་པས་འོད་ཀྲིག་ཀྲིག་གི་ལྗོངས་རྣམ་འབྲི་དོན་ནི་སྙན་ངག་གི་ཁ་བྱང་ཆེར་བསྐྱེད་པའི་ཆེད་དུ་མ་ཡིན་ནམ། སྙན་ངག་པས་ང་ཚོར་བརྡ་རྟགས་གཅིག་མ་གཏོགས་བྱིན་མེད་ལ།དེ་ནི་ཡབ་ཆེན་བསྐྱར་གསོན་བྱེད་ཐུབ་ན་སྙམ་པའི་རེ་བ་དང་ཚོར་བ་དེ་ཁོ་ནའོ།
མ་རྩོམ་ལྟར་ན་སྙན་ངག་འདི་ཚིག་ཕྲེང་བཅུ་བཞིས་གྲུབ་ཡོད་ཅིང་། སྔོན་གྱི་ཚིག་ཕྲེང་བཅུ་གཉིས་ནི་རྨང་འདིང་བྱེད་ཁོ་ནར་ཟད་ཀྱང་། ཆེས་མཐའ་མཇུག་གི་ཚིག་ཕྲེང་གཉིས་པོ་ནི་གཞི་ནས་སྙན་ངག་པའི་བརྗོད་འདོད་ཀྱི་ཚོར་བ་དེའོ།།
         2013.04.14ཉིན།སྒྲེན་པོར་འབོད་པས་ཡུལ་ཟི་ལིང་ནས་སྒྱུར་སྒྲིག་བྱས་པ་འདིའང་བོད་ཀྱི་སྙན་ངག་འཕེལ་བའི་རྒྱུ་རུ་གྱུར་ཅིག་གུ


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།