གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨེ་ཇིབ་པའི་རང་དབང་བརྩོན་ལེན།

2013-04-14 17:01:00 སྲིད་འཛིན་ནཱེ་རཱོ། ཀློག་གྲངས། མཆན ཡོད།

  ད་ནི་ངེད་གཉིས་ཀྱིས་ཨེ་ཇིབ་ཀྱི་ལོ་རྒྱུས་ལ་གཞིགས་ཏེ། འཕེལ་བཞིན་པའི་མི་རིགས་རིང་ལུགས་དང་བཙན་རྒྱལ་རིང་ལུགས་པའི་སྟོབས་ཤུགས་དབར་ཀྱི་འཐབ་རྩོད་གཞན་ཞིག་ལ་དཔྱད་པར་བྱ། རང་རྒྱལ་དུ་བྱུང་བ་ལྟ་བུའི་ཟིལ་ཤུགས་དེ་ནི་དབྱིན་ཇི་བའི་དབང་ཤུགས་རེད།
  ཕྱོགས་མང་པོ་ཞིག་ནས་ཨེ་ཇིབ་ནི་རྒྱ་གར་དང་གཏན་ནས་མི་འདྲ། དབྱིན་ཇིའི་བཙན་རྒྱལ་པ་ཚོ་འགྲན་རྩོད་ཀྱི་དུས་ཡུན་ཐུང་ངུ་ཞིག་ལས་གནས་ཐུབ་མེད་ཅིང་། ཨེ་ཇིབ་དང་དབྱིན་ཇི་རྒྱལ་ཁབ་གཉིས་བར་ལ་ཐུན་མོང་གི་ཁྱད་ཆོས་མང་བོ་ཞིག་ལྡན།
རྒྱ་གར་དང་ཨེ་ཇིབ་གཉིས་ནང་མི་རིགས་རིང་ལུགས་སྨྲ་བའི་ལས་འགུལ་གྱི་བྱེད་ཐབས་མི་འདྲ་བ་གདམས་ང་བཏང་ཡོད། འོན་ཀྱང་གཞི་རྩའི་ཐད་བལྟས་ཚེ། མི་རིགས་རང་དབང་གི་ཛ་དྲག་གི་རེ་འབོད་དང་དེའི་དམིགས་འབེན་སོགས་གཅིག་འདྲ་ཡིན།
དེ་བཞིན་དུ། མི་རིགས་རིང་ལུགས་སྨྲ་བའི་ལས་འགུལ་ལ་དྲག་གནོན་བྱེད་པར་བརྩོན་པའི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་བྱེད་སྒོ་ཁག་ཀྱང་དེ་མཚུངས་ལས་མ་འདས། དེའི་སྟབས་ཀྱིས། ང་ཚོ་མི་བུ་རེ་རེ་རང་ངོས་ནས་གཞན་གྱི་མྱོང་པ་དངོས་ལས་མང་པོ་ཞིག་སློབ་གཉེར་བྱེད་ཐུབ།
  རང་རེའི་རྒྱ་གར་ལ་མཚོན་ནའང་། ང་ཚོར་བསླབ་བྱ་དམིགས་བསལ་བ་ཞིག་ཡོད། རྒྱུ་མཚན (ཨེ་ཇིབ་དཔེ་མཚོན་དུ་བྱས་ན) དབྱིན་ཇི་བའི་ཁས་ལེན་བྱེད་པའི “རང་དབང” ནི་ཇི་ལྟར་དུ་མཐའ་སྡོམ་རྒྱག་པའམ་གང་ཞིག་ཏུ་འཁྲིད་རྩིས་ཡོད་པ་བཅས་ང་ཚོས་གསལ་བོར་རྟོགས་ཐུབ།
  ཨ་རབ་ཀྱི་རྒྱལ་རྒྱབ་ཁག་ཡོངས (ཨེ་རཱག་དང་། སེ་རཱི་ཡཱ། པཱ་ལི་སི་ཐན། ཨ་རཱ་བྷེ་ཡཱ་བཅས་ཚུད) ལས་ཨེ་ཇིབ་ནི་ཆེས་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཅིག་དང་། ཤར་ནུབ་མཚམས་ཀྱི་ཚོང་ལམ་ཆེས་ཤོས་ཤིག་ཀྱང་ཡིན་དེ། གནའ་བོའི་མཚོ་ཁུག་གི་བརྒྱུད་ལམ (སའོ་ཙཱི་མཚོ་ལམ) བཏོད་པ་ནས་བཟུང་། བྲིན་ཆེ་བའི་ཚོང་ཟོང་བརྗེ་ལེན་གྱི་འགྲུལ་ལམ་ཡང་གནས་དེར་བྱུང་བ་རེད།
  དུས་རབས་བཅུ་དགུ་པའི་ནང་ཡོ་རབ་གླིང་གསར་དུ་ཚུགས་པ་དང་སྦྲགས། ཨེ་ཇིབ་ནི་ཨེ་ཤ་ཡའི་ནུབ་རྒྱལཁབ་ཁག་ལས་ཕྱིའི་ཡུལ་དུ་འབྲེལ་འདྲིས་ཆེས་ཆེ་པའི་རྒྱལ་ཁབ་ཅིག་རེད་ལ། རྒྱལ་ཁབ་དེ་ནི་མི་རིགས་མི་འདྲ་བ་ཁག་ཅིག་མཉམ་འདུས་བྱུང་བ་ལས་གྲུབ་ཅིང་། ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་ལས་རྦད་དེ་ཐ་དད་དུ་སྣང་། འོན་ཀྱང་ཆེས་ཉེ་བའི་རིག་གནས་གོམས་གཤིས་ཀྱིས་མི་རིགས་དེ་དག་གི་ངོ་བོ་དབྱེར་མེད་དུ་སྦྲིལ་ཡོད། རྒྱུ་མཚན་ཁོ་པ་ཚོའི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། སྐད་ཡིག་བཅས་གཅིག་མཐུན་ཡིན།
  ཨེ་ཇིབ་ཀྱི་རྒྱལ་ས་སེ་རཱོ་ཡི་ཉིན་རེའི་ཚགས་པར་མང་པོ་ཞིག་ཨ་རབ་ཀྱི་རྒྱལ་ཁབ་ཁག་ཡོངས་ལ་ཁྱབ་ཅིང་ཤུགས་རྐྱེན་ཡང་མི་དམན་པ་ཐེབས་ཡོད།
  རྒྱལ་ཁབ་དེ་དག་གི་ཁྲོད་མི་རིགས་རིང་ལུགས་སྨྲ་བའི་ལས་འགུལ་དེ་ཐོག་མར་ཨེ་ཇིབ་ནང་འགོ་བརྩམས་པ་རེད། དེའི་རྐྱེན་གྱིས། ཨེ་ཇིབ་ཀྱི་མི་རིགས་རིང་ལུགས་དེ་ཡང་ཨ་རབ་རྒྱལ་ཁབ་གཞན་དག་ལ་མཚོན་ན་མིག་དཔེ་ལྟ་བུ་ཆགས་ཡོད།
ཨེ་ཇིབ་ཀྱི་ལོ་རྒྱུས་ཐད་ནས་ངས་ཁྱོད་རང་ལ་ཐེངས་སྔོན་མའི་འཕྲིན་ཡིག་ཏུ། སྤྱི་ལོ 1881 ནས 1882 དབར་གྱི་མི་རིགས་རིང་ལུགས་སྨྲ་བའི་ལས་འགུལ་དེ་ལ་ཨ་རབ་ཀྱི་མཐོ་རིམ་དཔོན་རིགས་ཚོའི་འགོ་འཛིན་འོག་དབྱིན་ཇིའི་བཙན་རྒྱལ་པར་གདོང་ཐུག་ཇི་ལྟར་བྱུང་ཚུལ་སོགས་བྲིས་ཡོད།
  ངས་ད་དུང་ཁྱོད་ལ་གནའ་ལུགས་བཅོས་བསྒྱུར་གཏོང་མཁན་རྣམས་དང་། ཇེ་མཱོལ་ཨོ་རྡན། (ཁ་ཆེའི་ཆོས་ལུགས་པའི་ཆབ་སྲིད་བསྐྱར་གསོ་མཁན) ནུབ་ཕྱོགས་ཡུལ་གྱི་གདོད་མའི་ཁ་ཆེ་ཆོས་ལུགས་སོགས་ལས་ཕྱུངས་པའི་བསམ་བློ་གསར་བའི་ཤུགས་རྐྱེན་དང་བཅས་པ་བཤད་ཟིན།
  སྲོལ་རྒྱུན་ལེགས་བཅོས་གཏོང་མཁན་དེ་དག་གིས་གནའ་སྲོལ་རྙིང་པ་ལ་གཞིགས་ནས་གདོད་མའི་ཆོས་ལུགས་ཀྱི་འཕེལ་སྣོན་མང་པོ་ཞིག་སྐབས་བསྟུན་གྱི་བླང་དོར་མཛད་ཅིང་། (མང་པོ་ཞིག་དུས་ཀྱི་དགོས་མཁོ་དང་བསྟུན་ནས་བླང་བྱར་བཟུང་ཡོད) དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཁ་ཆེ་བའི་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་བར་ལ་འཆམ་མཐུན་ཡོང་ཆེད་དུ་འབད་འབུངས་ལྷོད་མེད་གནང་འདུག།
  བསམ་བློ་སྔོན་ཐོན་ཅན་གྱི་ཕྱི་རབས་པ་ཁག་ཅིག་གིས་སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་སོ་སོར་གྱེས་མོད། ཆོས་ལུགས་རྙིང་མས་ང་ཚོའི་ཉིན་རེའི་འཚོ་བའི་གྲུབ་ཟུར་རེ་རེ་གཏམས་ཤིང་སྟངས་འཛིན་བྱས་ཡོད་པ་རེད།
  དེས་ན་ཧིན་རྡུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་གཉིས (ཡང་དག་པའི་ཆོས་ལུགས་སློབ་གསོའི་ཐད་ནས་རྦད་དེ་མི་འདྲ) ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་གཏན་ལ་འབེབས་པ་མ་ཟད། སྲིད་དོན་དང་། ཉེས་ཁྲིམས། ཤུལ་འཛིན། གཉེན་སྒྲིག།རྩ་འཛུགས། ཆབ་འབངས་ཙམ་དུ་མ་ཟད། དོན་དངོས་སུ། ཡོད་ཚད་དབང་དུ་བསྒྱུར་ཡོད།
  གཞན་ཞིག་ནས་བཞེད་ན། ཁོ་པ་ཚོས་སྤྱི་ཚོགས་ཀྱི་སྒྲིག་གཞི་ཆ་ཚང་ཞིག་བཙུགས་ཤིང་། དེ་ལ་ལྷ་དབང་ཙམ་མ་ཟད་སྲིད་དབང་ཀྱང་བསྩལ་ཏེ་སྒྲིག་སྲོལ་དེ་རིགས་སྲ་བརྟན་དུ་གཏོང་བར་ཧུར་བརྩོན་བྱས།
སྲ་ཞིང་མཁྲེགས་པའི་སྒྲིག་སྲོལ་དེ་འདྲར་ཀུན་གྱིས་བརྩི་བཀུར་བླ་མེད་ཐོབ་པ་ན། ཧིན་རྡུ་ཆོས་ལུགས་འདི་ཉིད་ཡུན་རིང་ལ་དར་ཁྱབ་ཆེན་པོ་བྱུང་ཞིང་། སྤྱི་ཚོགས་ཤིག་གི་སྒྲིག་གཞི་མཚོན་པའི་ཆོས་ལུགས་རིག་གནས་འདིའི་བརྟན་བརླིང་རང་བཞིན་ལ་འཕོ་འགྱུར་གཏོང་དཀའ་བར་བཟོས་ཡོད།
  དེའི་ཕྱིར། ཨེ་ཇིབ་ནང་ས་ཁུལ་གཞན་དག་ནང་བཞིན་བསམ་བློ་སྔོན་ཐོན་ཅན་ཁ་ཅིག་གིས་སྤྱི་ཚོགས་སྒྲིག་འཛུགས་དང་སྒྲིག་གཞི་ཁག་ཅིག་ལས་ཆོས་ལུགས་གྲུབ་མཐའ་ལོག་པར་དགར་བ་ལ་སྟ་གོན་བགྱིས་ཤིང་།
ཁོ་པ་ཚོས་སྤྱི་ཚོགས་རྙིང་པའི་སྒྲིག་འཛུགས (མི་དམངས་ལ་བཙན་འགེལ་བྱས་པའི་གདོད་མའི་ཆོས་ལུགས་སམ་ཡུལ་སྲོལ་ལ་གོ) ཁག་ནི་དེ་དུས་ཀྱི་སྤྱི་ཚོགས་གནས་བབ་དང་འཚམ་ནའང་། དེ་རིང་གི་དུས་འདིར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། སྒྲིག་འཛུགས་རྙིང་པ་དེ་དག་དེང་གི་སྤྱི་ཚོགས་གནས་བབ་དང་མི་འཚམ་པ་སོགས་རྒྱུ་མཚན་དུ་བགྲངས།
  ཐུན་མོང་གི་གོ་རྟོགས་ཤིག་གིས་ང་རང་ཚོར་གནའ་རབས་ཤིང་རྟ་འདྲུད་བྱེད་ཀྱི་གླང་གོག་ཅིག་ལ་བཟོས་པའི་སྒྲིག་སྲོལ་དེ་ནི་དེང་གི་རླངས་འཁོར་རམ་མེ་འཁོར་ལ་རན་པོ་རང་མེད་པ་གསལ་བཤད་བྱས་ཡོད།
བསམ་བློ་ཡར་ཐོན་ཅན་དང་གནའ་ལུགས་བཅོས་སྒྱུར་མཁན་དག་གིས་དེ་འདྲའི་རྩོད་གཞི་ཞིག་གླེང་གིན་འདུག་ཅིང་། གླེང་ཕྱོགས་དེས་སྤྱི་ཚོགས་སྒྲིག་འཛུགས་སམ་མངའ་སྡེ་ཁག་ནང་རྒྱ་ཁྱབ་ཏུ་དར་བའི་ཆོས་ལུགས་རིག་གནས་དང་ཐ་དད་དུ་སྨྲ་བའི་མི་ཆོས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་བསྐུལ་ཡོད།
  ང་རང་ཚོས་མཐོང་གསལ་ལྟར། ཏུར་ཀི་རྒྱལ་ཁབ་ནང་འཕེལ་རིམ་དེ་ཕྱུངས་ནས་ཀྱང་ཡུན་རིང་འགོར་ཞིང་། ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པས་གནའ་བོའི་ལུགས་སྲོལ་རྙིང་པའི་མིང་ཐོག་ནས་སྲིད་སྐྱོང་གི་དམ་བཅའ་ཕུལ་མེད་ལ། ཁོས་རང་གི་གཟེངས་བསྟོད་ཀྱི་སྟེང་ནས་སྲིད་དབང་བསྐྱངས་པ་རེད།
  གནད་དོན་དེ་ཨེ་ཇིབ་ནང་དར་ཁྱབ་ཆེར་ཕྱིན་མེད་ནའང་། ཡུལ་དེ་གའི་ལས་གནས་སུ་དང་། ཁ་ཆེ་བའི་རྒྱལ་ཁབ་གཞན་འགའ་ཞིག་གི་ནང་དེ་འདྲའི་འདོད་ཕྱོགས་གཅིག་མཚུངས་ཤིག་ཡོད་ཚད་འདུག།
  ཨེ་ཇིབ་དང་། ཏུར་ཀི སེ་རཱི་ཡཱ། སྟག་གཟིག་རྒྱལ་ཁབ་བཅས་སུ་གདོད་མའི་ཆོས་ལུགས་སྐད་བརྡ་ལས་མི་རིགས་རིང་ལུགས་ཀྱི་སྐད་ཡིག་གསར་བ་གོ་སྤྱོད་མང་དུ་བྱེད།
ཧ་ལམ་འཛམ་གླིང་སྟེང་གི་ཁ་ཆེ་བའི་སྤྱི་ཚོགས་གཞན་འགའ་ཞིག་ལས་རང་རྒྱལ་གྱི་ཁ་ཆེ་བ་ཚོས་དེ་ལྟའི་མི་རིགས་རིང་ལུགས་ཀྱི་འཕེལ་རིམ་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་འདྲ། དེའི་རྐྱེན་གྱིས། ཁོ་པ་ཚོ་ཁ་ཆེ་རྒྱལ་ཁབ་གཞན་གྱི་ཆོས་ལུགས་ཟུང་འབྲེལ་ཁག་ལས་ཀྱང་བསམ་བློ་རྙིང་ཞེན་དང་ཆོས་ལུགས་ཀྱི་ལྟ་གྲུབ་མཁྲེགས་འཛིན་བྱེད་མཁན་འབའ་ཞིག་ཏུ་གྱུར་པ་རེད།
  འདི་ནི་དངོས་འབྲེལ་གྱི་མཚར་སྣང་ངམ་ཡིད་ཀྱི་དང་བ་འདྲེན་པ་ཞིག་རེད། དེ་ལྟ་མིན་ཚེ། དེང་རབས་མི་རིགས་རིང་ལུགས་ནི་རྟག་ཏུ་བཙན་རྒྱལ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་འོག་འབྱོར་འབྲིང་གྲལ་རིམ་གྱི་འཕེལ་ཕྱོགས་དང་དཔུང་པ་མཉམ་གཤིབས་ཀྱིས་སྐྱོད་བཞིན་ཡོད།  
  རྒྱ་གར་ནང་ཁ་ཆེ་མི་རིགས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལས་ཆེས་རྗེས་ལུས་སུ་ཐེབས་ཤིང་། ཕམ་ཉེས་དེ་ནི་ནམ་ཡང་ཁོ་པ་ཚོ་མི་རིགས་རིང་ལུགས་ཀྱི་ཕྱོགས་སུ་བགྲོད་པའི་བགེགས་དང་རྐྱེན་དུ་ཤར་ངེས།
དེར་མ་ཟད་ཁོ་ཚོ་རྒྱ་གར་གྱི་གྲངས་ཉུང་མི་རིགས་ངོ་མ་ཞིག་ཏུ་འགྱུར་བར་བག་ཚ་བ་དེས་ཀྱང་ཁོ་རང་ཚོ་ཆེས་རྙིང་ཞེན་གྱི་ལྟ་བ་འཆང་མཁན་དང་། སྲོལ་རྒྱུན་རྙིང་པ་དག་ཨ་འཐས་སུ་འཛིན་པར་འབད་པ། དེང་རབས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ལ་བག་ཟོན་བྱེད་མཁན་ཞིག་ཏུ་གྱུར་པ་རེད།
  དེ་འདྲའི་འདུ་ཤེས་ཞིག་གི་དབང་གིས། གཅིག་བྱས་ན། ཁོ་ཚོས་ལོ་ངོ་ཆིག་སྟོང་སྔོན་གྱི་ཁེ་ཆེ་དབང་སྒྱུར་པའི་ཚུལ་གྱིས་ཧིན་རྡུ་ཆོས་ལུགས་འདི་ཉིད་ཀྱང་ཁོ་རང་ཚོའི་ཕྱི་ཤུན་ནང་བཅུག་སྟེ་ཆེས་སྲ་ཞིང་རེངས་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ཏུ་བསྒྱུར་འདོད་ཡོད་ལས་ཆེ།
  དུས་རབས་བཅུ་དགུ་པའི་སྨད་ཙམ་ནས་བཟུང་ཕྱིའི་ཚོང་འབྲེལ་ལ་བརྟེན་ནས་ཨེ་ཇིབ་ནང་གསར་དུ་འབྱོར་འབྲིང་གྲལ་རིམ་འཕེལ་འགོ་ཚུགས་ཤིང་། གྲལ་རིམ་དེའི (ཁོ་པ་ཚོ་ཞིང་ལས་ལ་བརྟེན་ནས་འབྱོར་ཕྱུག་རྒྱས་པ་ཡིན) ནང་སེ་རྡཱ་རྫ་གྷ་ལོལ (Saad Zaghlul) ཞུ་བའི་སྐྱེས་བུ་ཞིག་ཡོད། (ཁོང་ནི་ཨེ་ཇིབ་རང་བཙན་ལས་འགུལ་སྤེལ་མཁན་གྱི་མི་སྣ་གཙོ་བོ་དང་སྲིད་འཛིན་བཅས་ཡིན) སྤྱི་ལོ 1881 ནས 1882 དབར་ཨ་རབ་ཀྱི་སྤྱི་དཔོན་ཚོས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པར་རྒོལ་ལན་སློག་དུས། ཁོ་རང་མི་དར་མ་ཞིག་རེད་ལ། ཁོས་ཨ་རབ་ཀྱི་མཐོ་རིམ་དཔོན་རིགས་ཚོའི་འགོ་འཛིན་འོག་རང་རྒྱལ་ལ་སྲིད་ཞུ་བསྒྲུབས།
  སྐབས་དེ་ནས་བཟུང་སྤྱི་ལོ 1927 ལོར་ཁོ་རང་འཇིག་རྟེན་མིའི་ཡུལ་དང་ཁ་གྱེས་པའི་དབར་ཏེ། འདས་པའི་མི་ལོ་བཞི་བཅུ་ཞེ་ལྔའི་རིང་ལ་ཁོས་ཨེ་ཇིབ་ཀྱི་རང་དབང་ལས་དོན་འཁུར་དུ་བཞེས་ཤིང་ཨེ་ཇིབ་ཀྱི་རང་བཙན་ལས་འགུལ་གྱི་འགོ་ཁྲིད་དུ་གྱུར།
ཁོང་ནི་རང་ཉིད་འཚར་ལོངས་བྱུང་སའི་ཞིང་པ་མི་དམངས་ཚོའི་སེམས་ཁོང་གི་གཅེས་ཕྲུག་ཙམ་དུ་མ་ཟད། རང་ཉིད་གཏོགས་སའི་འབྱོར་འབྲིང་གྲལ་རིམ་གྱིས་དད་གུས་བྱེད་ས་དང་ཨེ་ཇིབ་ཀྱི་དབུ་ཁྲིད་བསྙོན་མེད་ཅིག་ཡིན།
འོན་ཏེ་མི་དྲག་ཚོ (གནའ་རབས་བཀས་བཀོད་རྒྱུད་འཛིན་གྱི་ས་བདག་གྲལ་རིམ་པར་གོ) ཁོ་རང་ལ་མཛའ་སེམས་དེ་ཙམ་མེད། ཁོ་པ་ཚོས་འབྱོར་འབྲིང་གྲལ་རིམ་གྱི་འཕེལ་རྒྱས་མིག་ལ་མི་རན་པའི་རྒྱུ་མཚན་ཡང་། རིམ་བཞིན་འབྱོར་འབྲིང་གྲལ་རིམ་གྱིས་ཁོ་ཚོ་རྒྱལ་ཁབ་ཀྱི་དབང་སྒྱུར་གོ་ཐང་ལས་རྒྱང་དུ་སྤྱུགས་པས་སོ།།
  རྫ་གྷ་ལོལ་ནི་ཁོ་པ་ཚོའི་མིག་ནང་གི་མི་དྲག་ཅིག་དང་། རྒྱལ་ཁབ་གང་དེའི་དབུ་ཁྲིད། རང་གི་གྲལ་རིམ་གྱི་འཐུས་ཚབ་མི་སྣ་བཅས་ཡིན་པའི་ཆ་ནས་ཕ་རོལ་བོར་འཐབ་རྩོད་དེ་འདྲ་བྱེད་དགོས་པ་རེད། རང་རྒྱལ་དང་འདྲ་བར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པས་ཀྱང་སྐབས་དེའི་ས་བདག་གྲལ་རིམ་གྱི་རྒྱབ་རོགས་ཐོབ་པར་འབད་བརྩོན་བྱས་སྐད།
  ཨེ་ཇིབ་ལས་ཏུར་ཀིའི་རྒྱལ་ཁབ་ནང་གྲལ་རིམ་དེ་འདྲ་དངོས་སུ་བྱུང་མྱོང་ཞིང་། དེ་ཡང་སྐུ་དྲག་གི་སྲིད་གཞུང་རྙིང་པའི་འཐུས་ཚབ་ལྟ་བུར་ཆགས་འདུག  དེའི་རྐྱེན་ཨེ་ཇིབ་དུ་དབྱིན་ཇི་བས (བཙན་རྒྱལ་རིང་ལུགས་པའི་དེང་རབས་རིང་ལུགས་ཀྱི་རྣམ་པར་ཀུན་གྱིས་ཡིད་རྟོན་དང་ངོས་ལེན་ཐོབ་པའི་ཕྱིར་ཏུ) ཁོ་ཚོ་རང་ཉིད་ཀྱང་སྐབས་དེའི་སྲིད་ཚོགས་དང་སྤྱི་ཚོགས་སྒྲིག་འཛུགས་ཤིག་ཏུ་ཚུད་ཐབས་སུ་འབད་ཅིང་། གཞན་གྱི་ཁ་གཏད་དུ་འགྲེངས་ཏེ་སྲིད་ཚོགས་སམ་གྲལ་རིམ་ཞིག་ལས་གྲུབ་པའི་གྲོགས་མེད་ཁེར་རྐྱང་གི་མི་རིགས་ཞིག་གི་འཕེལ་རྒྱས་ལ་བར་ཆད་བཟོས་པ་རེད།
  རང་རྒྱལ་ནང་བཞིན་ཁོ་པ་ཚོས་ཀྱང་གྲངས་ཉུང་མི་རིགས་ཀྱི་གྱེན་ལངས་ལ་སྟ་གོན་བགྱིས་ཤིང་། ཡི་ཤུའི་ཆོས་བྱེད་མཁན (ཨེ་ཇིབ་གདོད་མའི་མི་རིགས་ལ་གོ) ཚོས་ཨེ་ཇིབ་ནང་གྲངས་ཉུང་མི་རིགས་ཞིག་རྩ་འཛུགས་བྱས་མོད། མཐར་ཁོ་ཚོ་ཕམ་ཉེས་བྱུང་བ་རེད།
  དེ་ལྟར་ཁོ་པ་ཚོས་སྦྱོར་ངན་གང་མང་ཞིག་སྤེལ་བར་མ་ཟད། དེང་རབས་རིང་ལུགས་ཀྱི་རྣམ་པ་དེར་ཀུན་གྱིས་མོས་གུས་ཐོབ་ཕྱིར་ད་དུང་ཁོ་ཚོའི་ངག་ནས་དད་སེམས་ཀྱི་ཆོས་ཚིག་སྒྲོག་ཅིང་། ཁོ་ཚོའི་སྦྱོར་ངན་ཐམས་ཅད་སྲིད་ཚོགས་གཞན་པའི་ཁེ་སྤོགས་ཀྱི་ཕྱིར་ཏུ་ཡིན་ཚུལ་དང་། ཁོ་པ་ཚོ་ནི་ཀླ་ཀློ་རིགས་ཀྱི་མངའ་འབངས་ས་ཡ་མང་པོའི་ཡིད་རྟོན་འཆའ་ས་ཞིག་ཡིན་པར་རྩོད་བཤེར་བྱ་རྒྱུར། རྒྱལ་ཁབ་ཅིག་གི་དར་རྒུད་ལ་འབྲེལ་བ་ཅི་ཡང་མི་མཆིས་པར་སྲིད་འགྱུར་སློང་མཁན་ཚོས་སྤྱི་ཚོགས་ནང་ཟིང་ཆ་མ་བསླང་ཚེ། ཚང་མ་བག་ལྷོད་ཀྱི་འཚོ་བར་རོལ་ཆོག་ཟེར།
  སྟེས་དབང་གིས། དེ་འདྲའི་ཁེ་དབང་གི་གྲོས་མོལ་བརྒྱུད་རིམ་དེས་རྒྱུན་པར་མི་མང་གི་ཁེ་ཕན་ལ་དོ་ཕོགས་ཚབས་ཆེན་ཐེབས་ཤིང་། དེ་ལྟར་ཁོ་ཚོས་འཇིག་རྟེན་གྱི་ཉམ་ང་བའི་སྡུག་བསྔལ་ཀུན་ལ་གཡོལ་བའི་ཕྱིར་ཡིན་ན། ཁོ་རང་ཚོ་དེ་འདྲའི་དག་ཞིང་ཞིག་ཏུ་བགྲོད་པ་ལ་ཧ་ཅང་བྲེལ་ཟིང་ཆེ་བར་སྣང་།
  གཡུལ་འཁྲུག་གི་སྔ་གཞུག་ཏུ་ཨེ་ཇིབ་ནི་དྲག་པོའི་སྲིད་གཞུང་གི་འོག་ཏུ་ཡོད་ལ། ཟིང་འཁྲུག་ལངས་མ་ཐག “གོ་མཚོན་བཀག་སྡོམ་གྱི་བྱ་འགུལ” དེ་གཡོལ་ཞིང “དམག་ཁྲལ་གྱི་བྱ་འགུལ” ཞིག་བསླངས་པ་རེད། སྐབས་དེར་ཨེ་ཇིབ་རྒྱལ་ཁབ་ནི་དབྱིན་ཇིའི་དམག་དཔུང་གིས་ཁེངས་ཤིང་དམག་འཁྲུག་ལངས་རྗེས་དབྱིན་ཇིའི་སྐྱབས་ཁོངས་ཤིག་ཏུ་ཁྱབ་བསྒྲགས་བྱས།
  སྤྱི་ལོ 1918 ལོར་ཟིང་འཁྲུག་ཞོད་འཇགས་སུ་སོང་བ་དང་བསྟུན། སླར་ཡང་ཨེ་ཇིབ་ནང་མི་རིགས་རིང་ལུགས་སྨྲ་བའི་ལས་འགུལ་བརྩམས་ཏེ་ཨེ་ཇིབ་ཀྱི་རང་བཙན་རྩ་དོན་དེ་དབྱིན་ཇི་སྲིད་གཞུང་ཙམ་དུ་མ་ཟད། ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་འཚོགས་པའི་ཞི་བདེ་གྲོས་མོལ་ཚོགས་ཆེན་སྟེང་དུའང་གླེང་སློང་བྱས་ཡོད།
  སྐབས་དེར་ཨེ་ཇིབ་ནང་མི་འབོར་ཉུང་ངུ་ཞིག་ལས་གྲུབ་པའི་ཝེ་ཐའི་རིང་ལུགས (Watanists) བྱ་བའི་མི་རིགས་སྲིད་ཚོགས་གཅིག་མ་གཏོགས་སྲིད་ཚོགས་ངོ་མ་ཞིག་ཡོད་པ་མ་རེད།
  སྤྱི་དཔོན་སེ་རྡཱ་རྫ་གྷ་ལོལ་གྱི་འགྲི་ཁྲིད་འོག་འཐུས་ཚབ་ཚོགས་པ་ཞིག་གྲོང་ཁྱེར་ལོན་ཌོན་དང་ཕ་རི་སིར་མངགས་གཏོང་གིས་ཨེ་ཇིབ་ཀྱི་རང་བཙན་ཞུ་འབུལ་བྱ་རྒྱུའི་གྲོས་འཆར་བཏོན་པ་དང་། ལར་འཐུས་ཚབ་ཚོགས་པ་དེའང་མི་རིགས་ཞིག་གི་བརྟེན་བརླང་རང་བཞིན་དང་ཁྱབ་ཆེ་བའི་རྩ་འཛུགས་ཤིག་ཏུ་འགྲུབ་པར་དམིགས་པ་རེད།
  ཨེ་ཇིབ་ཀྱི་འཐུས་ཚབ་ཚོགས་པ (Wafd Party of Egypt) དེ་ནི་ཁོ་རང་ཚོའི་རླབས་ཆེ་བའི་སྲིད་ཚོགས་ངོ་མ་ཞིག་ཡིན་རུང་། དབྱིན་ཇི་སྲིད་གཞུང་གིས་ཚོགས་པ་དེ་གྲོང་ཁྱེར་ལོན་ཌོན་དུ་བསྐྱོད་པར་ངོས་ལེན་མ་གནང་བར། སྤྱི་ལོ 1919 ལོའི་ཟླ་བ་གསུམ་པར་ཨེ་ཇིབ་ཀྱི་སྤྱི་དཔོན་ཆེན་མོ་རྫ་གྷ་ལོལ་དང་འགོ་ཁྲིད་གཞན་ཁ་ཤས་འཇུ་བཟུང་བྱས།
  དེའི་མཇུག་འབྲས་སུ་ཁྲག་དྲི་བྲོ་བའི་རིག་གནས་གསར་བརྗེ་ཞིག་བསླངས་ཤིང་། གཡུལ་འཁྲུག་ནང་དབྱིན་ཇི་བ་ཁ་ཅིག་དམར་གསོད་བཏང་བ་དང་། རྒྱལ་ས་སེ་རཱོ་གཙོས་མི་དམངས་བསྟི་གནས་འགའ་ཞིག་རིག་གནས་གསར་བརྗེ་རྩ་འཛུགས་ཚོགས་ཆུང་གི་ལག་པར་ཤོར་ཞིང་། ས་གནས་མང་པོ་ཞིག་ཏུ་མི་རིགས་རིང་ལུགས་སྨྲ་བའི་མི་དམངས་བདེ་སྲུང་ཚོགས་ཆུང་བཙུགས།
  ཡུལ་དེའི་མཐོ་རིམ་སློབ་ཕྲུག་ཚོ་ཡང་གྱེན་ལོག་ཟིང་འཁྲུག་ནང་མཉམ་ཞུགས་བྱས་ཤིང་། རྒྱལ་ཁ་ཐོག་མ་དེའི་རྗེས་སུ། ཅི་སྟེ་དབྱིན་ཇིའི་དབང་འཛིན་པ་འགའ་ཞིག་བསད་ཅིང་། གྱེན་ལངས་ལས་འགུལ་དེ་ལ་གཞི་རྒྱ་ཆེ་བའི་བཙན་གནོན་བྱས། འོན་ཀྱང་ངོ་ལོག་གི་ལས་འགུལ་དེ་ལ་དྲག་གནོན་བྱས་ཡོད་རུང (རྔམ་སྟོན་ཁྲོམ་སྐོར་དེ་ཡུན་རིང་ལ་བཙིར་གཅུན་བཏང་བ་རེད) ལས་འགུལ་དེའི་ཐབས་ཇུས་ལ་འཕོ་འགྱུར་བཏང་སྟེ་ཐེངས་གཉིས་པའི་ལས་འགུལ་གྱི་ངང་ཚུལ་དེ ”ཞི་བའི་འགོག་རྒོལ” ཕྱུངས་པ་རེད།
དེའི་རྐྱེན་རྒྱལ་ཁ་འདིའི་ཁྲོད་དབྱིན་ཇི་སྲིད་གཞུང་གིས་ཨེ་ཇིབ་ཀྱི་མངོན་འདོད་ལ་བསམ་ཤེས་གནང་དགོས་པར་བཙན་བསྐུལ་བཏང་ཞིང་། དབྱིན་ཇིའི་རྒྱལ་ཁབ་ནས་ཀྱང་ཡུལ་དེའི་གཙོ་འཛིན་པ་མཱེལ་ནྲ (དབྱིན་ཇིའི་གྲོས་ཚོགས་ཀྱི་ཆབ་སྲིད་མི་སྣ་གཙོ་བོ་ཡིན) ཡི་འགོ་འཛིན་འོག་སྐུ་ཚབ་ཚོགས་པ་ཞིག་ཆེད་གཏོང་བྱས།
  ཨེ་ཇིབ་མི་རིགས་རིང་ལུགས་ཀྱིས་སྐུ་ཚབ་ཚོགས་པ་དེར་འགོག་རྒོལ་བྱས་ཤིང་། ཁོ་པ་ཚོས་དེ་ལྟར་བསྒྲུབས་པ་ལ་ཐོས་པ་ཀུན་སྨོན་གྱི་དོན་འབྲས་ཤིག་སྨིན་བྱུང་། དེ་བཞིན་དུ་མཐོ་རིམ་སློབ་ཕྲུག་ཚོས་ཀྱང་སླར་ཡང་སྐྱོ་གར་འདིའི་གལ་ཆེན་རང་བཞིན་གྱི་ཆ་ཤས་བླངས་པ་རེད།
  སྐུ་ཚབ་ཚོགས་པ་དེ་ལ་མཐུན་འགྱུར་ཡིག་ཆ་བཟོ་དགོས་པར་ཨེ་ཇིབ་རྒྱལ་ཡོངས་རིམ་པས་ཛ་དྲག་གི་གནོན་ཤུགས་སྤྲད་ཀྱང་། དབྱིན་གཞུང་གིས་དེ་དོན་སྣང་མེད་དུ་བཞག་སྟབས། སྤྱི་ལོ 1919 ནས་སྤྱི་ལོ 1922 དབར་ཏེ། ལོ་ངོ་གསུམ་གྱི་རིང་ལ་ཨེ་ཇིབ་ནང་འཐབ་རྩོད་ཀྱི་རྒྱུན་བསྟུད་མར་བྱུང་ཞིང་།
  ཨེ་ཇིབ་པས་འཕྲལ་གྱི་རང་བཙན་ཆ་ཚང (Istiqlal el—tam) ཞིག་ངོས་ལེན་བྱེད་ཐབས་བྲལ་འདུག།
སྤྱི་ལོ 1919 ལོར་འཛིན་བཟུང་ཐེབས་པའི་ཨེ་ཇིབ་ཀྱི་སྤྱི་དཔོན་ཆེན་མོ་རྫ་གྷ་ལོལ་མ་འགྱངས་པར་བཙོན་གྲོལ་ཐོབ་ཅིང་། སྤྱི་ལོ 1921 ལོའི་སྤྱི་ཟླ་བཅུ་གཉིས་པའི་ནང་ཡང་བསྐྱར་འཇུ་བཟུང་གིས་མཐར་སྐྲོད་བཏང་བ་རེད།
ཁོང་གི་གནས་བབ་དེས་ཨེ་ཇིབ་ནང་དབྱིན་ཇིའི་ཐོག་བཟུང་བའི་ལྟ་ཚུལ་ལས་བྱུང་བའི་གནད་དོན་དེ་བདེན་དབང་བྱེད་ཐུབ་མེད་སྟབས། གནས་ཚུལ་དེ་དག་ནི་ཨེ་ཇིབ་དང་འགྲིག་མཐུན་ཡོང་བའི་བྱ་འགུལ་ཞིག་གི་ངོ་བོར་བཙན་བསྐུལ་བྱས།
རྫ་གྷ་ལོལ་ནི་གྱེན་ལོག་གི་གཏེ་བོ་ཞིག་ཏུ་བརྩིས་ནས་རྒྱང་དུ་སྤྱུགས་ཀྱང་ཁོ་པ་ཚོའི་སྦྱོར་ངན་ཡོད་ཚད་སྔར་བཞིན་ཕམ་ཉེས་བྱུང་། ཐེངས་ཤིག་དབྱིན་ཇི་སྲིད་གཞུང་དང་ལྷན་ཅིག་ཕན་མེད་ཀྱི་གྲོས་ཆོད་བཞག་པ་དེས་རྒྱལ་ཁབ་གཡོ་འཚོང་བྱེད་པར་དོགས་མཁན་ཚོས་རྫ་གྷ་ལོལ་ལྐོག་གསོད་གཏོང་བའི་འཐབ་ཇུས་ཀྱང་བཤམས་མྱོང་།
  འོན་ཀྱང་ཨེ་ཇིབ་ཀྱི་མི་རིགས་རིང་ལུགས་སྨྲ་བ་དང་དབྱིན་ཇི་སྲིད་གཞུང་གཉིས་དབར་མུ་མཐུད་ལྷག་པའི་ཕམ་ཁའི་རྒྱུ་རྐྱེན་དངོས་ནི་གཞི་རྩའི་འདུམ་འགྲིག་ལ་ཐུག་ཡོད།
དེ་ཡང་རང་རྒྱལ་ནང་བགེགས་སུ་གྱུར་པའི་ཕན་ཚུན་འདུམ་འགྲིག་གི་རྒྱུ་རྐྱེན་དང་གཅིག་མཚུངས་ཤིག་ཡིན་ལ། ཨེ་ཇིབ་ཀྱི་མི་རིགས་རིང་ལུགས་སྨྲ་བ་ཚོས་དབྱིན་ཇི་སྲིད་གཞུང་གིས་ཨེ་ཇིབ་ནང་བཏོན་པའི་དགོས་འདོད་ཀུན་སྣང་མེད་དུ་བསྐྱུར་བའི་རེ་བ་གཏན་ནས་མེད།
  ཁོ་ཚོས་དབྱིན་གཞུང་གི་མོས་འདུན་ཐད་གྲོས་མོལ་བྱ་འཆར་གྲ་སྒྲིགས་གང་ལེགས་བགྱིས་ཡོད་དེ། དབྱིན་ཇི་སྲིད་གཞུང་གི་འདོད་མོས་གཙོ་བོ་དེ་གོང་མའི་ཚོང་འབྲེལ་དང་མ་འོངས་པའི་དམག་ཇུས། གནད་དོན་གཞན་དག་གི་ཐད་དུའང་དཀྱེལ་ཡངས་གནང་རྩིས་རེད་མོད། འོན་ཀྱང་ཁོང་ཚོར་ཐོབ་པའི་རང་དབང་དང་རང་བཙན་ལ་ཉེ་རིང་དང་ཕྱོགས་ལྷུང་གི་ལྟ་ཚུལ་མི་བདོག་པར། རང་བཙན་གྱི་བདག་དབང་ཆ་ཚང་ཞིག་ཁས་ལེན་བགྱིད་ཚེ། ཁོ་རང་ཚོས་གོང་སྨོས་ཀྱི་གནད་དོན་དེ་དག་གི་སྐོར་ལ་གྲོས་འདེབས་བྱེད་ལས་ཆེ།
  ཕྱོགས་གཞན་ཞིག་ནས་དབྱིན་ཇི་བས་རང་བཙན་གྱི་བདག་དབང་ཅི་ཙམ་སྤྲོད་མིན་དེ་རང་ཉིད་ཀྱི་དོན་ཞིག་ཡིན་པ་དང་། རང་བཙན་གྱི་གནད་དོན་དེ་རང་གི་དགོས་འདུན་གྱི་བགེགས་སུ་ཤར་ཡང་སྲིད་པས། ཅིས་ཀྱང་ཐོག་མར་ཁེ་སྤོགས་དེ་སྲུང་སྐྱོབ་བྱེད་པར་བསམས།
  དེའི་རྐྱེན་གྱིས། ཁོ་ཚོའི་དབར་གཞི་མཐུན་གྱི་གྲོས་མ་འཆམ་པ་རེད། ཡིན་ན་ཡང་། དབྱིན་ཇི་སྲིད་གཞུང་གིས་མི་འགྱངས་པར་སྦྱོར་ངན་ཞིག་རྩོམ་དགོས་པར་འདོད་དེ། ཕ་རོལ་བོ་མོས་མཐུན་ཡོད་མེད་ལ་མ་བལྟས་པར། སྤྱི་ལོ 1922 ལོ་ཟླ་བ 2 ཚེས 28 ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོ་ཚོས་བཤད་རྒྱུར། མ་འོངས་པ་ན་ཨེ་ཇིབ་འདི་ཉིད “རང་བཙན་གཙང་མའི་རྒྱལ་ཁབ” ཅིག་ཏུ་ངོས་འཛིན་བྱེད་རྒྱུ་དེ་ཡང་ཅུང་ཚད་ལས་འདས་ན། ཡུན་རིང་གི་བསམ་གཞིགས་ལས་གཤམ་གྱི་དོན་ཚན་བཞི་དེ་གདམས་པ་ཡིན་ཟེར།
  དོན་ཚན་དང་པོ། ཨེ་ཇིབ་ནང་དབྱིན་ཇིའི་བཙན་རྒྱལ་གྱི་འབྲེལ་ལམ་དང་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོབ།
  དོན་ཚན་གཉིས་པ། ཕྱིའི་བཙན་འཛུལ་དང་། ཐད་ཀའི་དང་ཐད་ཀར་མ་ཡིན་པའི་ཐེ་བྱུས་སོགས་ལས་ཨེ་ཇིབ་རྒྱལ་ཁབ་བརྟན་སྲུང་བྱེད་པ།
  དོན་ཚན་གསུམ་པ། ཨེ་ཇིབ་ནང་ཕྱི་གླིང་གི་འདོད་མོས་དང་གྲངས་ཉུང་མི་རིགས་སྲུང་སྐྱོབ།
  དོན་ཚན་བཞི་བ། སཱོ་ཌན་རྒྱལ་ཁབ་ཀྱི་མ་འོངས་པའི་གནད་དོན་བཅས་རེད།
  བཀའ་བརྒྱ་དེ་དག་ནི་རང་རྒྱལ་ནང་ཁྱིམ་མི་ཞིག་གིས་རང་གི་ཉེ་དུ་ཀུན་ལ་ཐུགས་ཁུར་བྱེད་པ་དང་འདྲ་ཞིང་། ཁོ་ཚོའི་བུ་ཕྲུག་རྣམས་བས་མཐར་གནས་འཆའ་སྟབས། ང་ཚོས་དེ་ལ “ཉེན་སྲུང” ཞེས་འབོད།
ཨེ་ཇིབ་ཀྱི་ངོས་ནས་བཀའ་བཀོད་དེ་དག་དང་ལེན་བྱེད་ཐབས་མེད་འདུག།རྒྱུ་མཚན་ལྟོས་ས་བལྟོས་འཇོག་གིས་དེ་དོན་ནི་ཆེས་སྤྱིར་བཏང་ཞིག་དང་ཆེས་ཉེས་མེད་དྭངས་གཙང་ཞིག་ཏུ་སྣང་མོད། དོན་ལ་ཕྱི་ནང་གི་འགལ་རྐྱེན་གང་ཞིག་ཡིན་ཡང་རུང་། ཁོ་ཚོར་རང་དབང་རང་བཙན་དངོས་མ་ཞིག་མེད་ཅེས་པའི་གོ་དོན་མ་ཡིན་ནམ།
  དེས་ན། སྤྱི་ལོ 1922 ལོའི་ཟླ 2 ཚེས 28 ཉིན་གྱི་རང་བཙན་བསྒྲགས་གཏམ་དེ་ནི་དབྱིན་གཞུང་གི་ཕྱོགས་གཅིག་ཁོ་ནའི་སྦྱོར་ངན་ཙམ་ཡིན་ཕྱིན། ཨེ་ཇིབ་པས་ཀྱང་དེ་ཙམ་གྱི་རང་དབང་དང་རང་བཙན་ཞིག་རྟོགས་ཐབས་བྲལ་བ་རེད།
འདས་པའི་ལོ་ངོ་འདི་དག་གི་རིང་ལ་ཨེ་ཇིབ་ནང་མི་དམངས་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་པར་དབྱིན་ཇི་སྲིད་གཞུང་གིས་ཐུགས་ཁུར་མཛད་པའི་བཀའ་བཀོད་དེའི་ཁྲོད་ཀྱི ”རང་དབང་དང་རང་བཙན” བྱ་བའི་གོ་དོན་ནི་ཅི་ཞིག་ཡིན་ནམ།
དེ་ཙམ་གྱི་རང་དབང་དང་རང་བཙན་ཞིག་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་འགོ་ཁྲིད་ཚོའི་འོག་མི་ལོ་གཅིག་དང་ཕྱེད་ལྷག་ལ་རྒྱུན་བསྲིངས་ཏེ། ཨེ་ཇིབ་པའི་རྒྱལ་ཁབ་འདི་ཉིད “ཁྲིམས་ཆད་གུ་ཡངས་ཀྱི་བྱ་འགུལ” ནང་བརྒྱུད་སྤྲོད་བྱས་རྗེས་ད་གཟོད་གཞི་ནས་མཇུག་ལྡོག་པ་ཡིན། ཁྲིམས་ཆད་གུ་ཡངས་ཀྱི་བྱ་འགུལ་དེ་ལ་བཙན་རྒྱལ་རིང་ལུགས་ཀྱི་དུས་སྐལ་ནང་འགན་འཁྲི་ཡོད་དོ་ཅོག་གི་འགོ་ཁྲིད་ཚོའི་བྱས་ཉེས་ལ་རང་དབང་གི་རྩ་ཁྲིམས་ཞེས་སུ་འབོད།
དེ་འདྲའི་རང་དབང་དང་རང་བཙན་གསར་བ་ཞིག་ཡུལ་དེའི་རྒྱལ་པོ་ཧྥའོ་རྡཱ་བྱ་བའི་དབང་ཤུགས་འོག་གི་ལོག་སྤྱོད་རྩ་འཛུགས་ཤིག་དང་བཅས་ཨེ་ཇིབ་པར་ལེགས་སྐྱེས་སུ་བསྩལ་ཅིང་། དེ་འདྲའི་ས་སྐྱོང་བ་ཞིག་ཆེས་དབུལ་ཞིང་ཕོངས་པའི་ཨེ་ཇིབ་མི་དམངས་ལ་ཆེད་དུ་བཙན་འགེལ་བྱས་པ་རེད།
  རྒྱལ་པོ་ཧྥའོ་རྡཱ་དང་དབྱིན་ཇིའི་དཔོན་རིགས་ཚོ་ཧ་ཅང་ཁ་འཆམ་གྲོས་འཆམ་བྱུང་པ་དང་། ཕྱོགས་གཉིས་གས་མི་རིགས་རིང་ལུགས་སྨྲ་བར་དགག་ཅིང་ཨེ་ཇིབ་མི་དམངས་རང་བཙན་བྱེད་པའི་བསམ་ཚུལ་ལ་རྒོལ་པ། ཐ་ན་གྲོས་ཚོགས་ཀྱི་སྲིད་གཞུང་ལ་དེ་བས་ཀྱང་འཐད་པར་མི་འཛིན།
  རྒྱལ་པོ་ཧྥའོ་རྡཱ་ཡིས་རང་ཉིད་ནི་སྲིད་གཞུང་དུ་བསམས་ཤིང་། དེ་མཚུངས་ཀྱི་སྦྱོར་ངན་ཡང་ཡིད་མགུ་པ་ཞིག་བརྩམས་པ་མ་ཟད། གྲོས་ཚོགས་ལས་འཐུས་མི་རྣམས་ཕྱིར་ཕུད་བཏང་སྟེ་སྲིད་མཐའ་སྒེར་སྡོམ་རིང་ལུགས་ཀྱི་ལམ་ལ་གཞོལ་ཞིང་། རང་ཉིད་ཕམ་ཉེས་སུ་མི་གཏོང་བའི་དབྱིན་ཇིའི་སྲིད་གཞུང་གི་མེ་མདའི་སོ་གྲིར་ཡིད་རྟོན་པ་བཅས་བྱེད།
  དབྱིན་ཇི་སྲིད་གཞུང་གིས་ཨེ་ཇིབ་རང་བཙན་གྱི་བསྒྲགས་གཏམ་སྤེལ་རྗེས་ཀྱི་ཐོག་མའི “གཞན་ཕན་རིག་ལུགས་ཀྱི་བྱ་འགུལ” དེ་ནི་ཨེ་ཇིབ་ཀྱི་སྲིད་སྐྱོང་ལམ་ལུགས་གསར་བའི་འོག་གི་ཟུར་ཡོལ་དཔོན་རིགས་ཚོའི་གྱོང་གུན་གསབ་པར་དངུལ་ལོ་འབོར་ཆེན་སྤྲོད་དགོས་པའི་བླང་བྱ་བཏོན་པ་དེ་རེད།
  ཨེ་ཇིབ་ཀྱི་སྲིད་གཞུང་ལྟ་བུའི་རྒྱལ་པོ་ཧྥའོ་རྡཱ་ཡིས་འཕྲལ་མ་ཉིད་དུ་དེ་དོན་ལ་ངོས་ལེན་གནང་སྟེ་ཡོ་སྒོར 6,500,000 ལྷག་ཅིག་སྐྱིན་འཚབ་དུ་སྤྲད་ཅིང་། ཡང་མཐོ་རིམ་དཔོན་རིགས་གཅིག་ལ་ཡོ་སྒོར 8,500,000 ལྷག་བསྩལ།
ཆེས་ཡི་གར་འོང་བ་ཞིག་ནི་དཔོན་རིགས་དེ་དག་གི་ཁྲོད་ཀྱི་ཁ་ཅིག (ལས་འཁྱུར་དུ་གུན་གསབ་ཀྱི་དངུལ་ལོ་འབོར་ཆེན་ཐོབ་མཁན་དག་ཡིན) མོས་མཐུན་དམིགས་བསལ་བ་ཞིག་གི་འོག་ཡང་བསྐྱར་དཔོན་གནས་སུ་བསྐོ་བཞག་བྱས་པ་དེ་རེད།
བུ་མོ་ལགས། ཨེ་ཇིབ་ནི་རྒྱལ་ཁབ་ཆེན་པོ་ཞིག་མ་ཡིན་པར། དེ་ནི1ཞིང་ཆེན་རིམ་འདུས་རྒྱལ་ཁབ་ཁག་ཅིག་གི་མི་འབོར་གྱི་སུམ་ཆའི་གཅིག་ཙམ་ལས་མེད་པ་དྲན་པར་གྱིས།
  “མི་རིགས་དེའི་སྟོབས་འབྱོར་ཡོད་རྒུ་ལས་གྲུབ་པའི” ཨེ་ཇིབ་ཀྱི་སྲིད་ཚོགས་དེ་ནི་དཀྱེལ་ཡངས་ངང་རེ་ཞིག་ཁ་རོག་གེར་བསྡད། དོན་དམ། རྩ་འཛུགས་གསར་པ་དེ་ལ་སྲིད་ཀྱི་དབང་ཤུགས་རྒྱས་པ་ནས་བཟུང་། ཨེ་ཇིབ་ཀྱི་འཐུས་ཚབ་པ་ཚོར་ཉག་ཕྲ་བའི་དུས་ཚོད་ཞིག་ལས་ལྷག་མེད།
  བདག་གི་བློ་ཡིས་དཔག་ན། རྒྱུན་གཏན་གྱི་འཐུས་ཚབ་པ་ཞིག་གི་ལས་ཞུགས་དུས་ཡུན་མཐར་སྤྱད་མྱོང་བའི་འཐུས་མི་གཅིག་ཀྱང་མེད་པ་འདྲ་ཞིང་། ཡང་དང་བསྐྱར་དུ་ཁོ་པ་ཚོ་རྒྱལ་པོ་ཧྥའོ་རྡཱ་ཡི་དབང་ཤེད་འོག་གློ་བུར་བའི་འཚེ་བ་ཞིག་དང་འཕྲད་ནས་ཡོད། རྒྱལ་པོ་ཧྥ་རྡཱ་ཡིས་སྒྲིག་འཛུགས་དེ་ལ་བག་ཟོན་དང་དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ལམ་དུ་སྙེག་སྟེ་སྲིད་དབང་བཟུང་།
  སྤྱི་ལོ 1923 ལོར་འཐུས་མི་གསར་བའི་འདེམས་བསྐོ་ཐོག་དང་པོར་ཚུགས་པ་དང་། ཡུལ་དེའི་སྤྱི་དཔོན་རྫ་གྷ་ལོལ་དང་ཁོང་གི་སྲིད་ཚོགས (གོང་སྨོས་ཀྱི་ཨེ་ཇིབ་ཀྱི་འཐུས་ཚབ་ཚོགས་པ) གིས་རྒྱལ་ཁབ་དེའི་སྒྲེར་གཅོད་རིང་ལུགས་ཀྱི་སྲིད་ལུགས་རྩ་གཏོར་བཏང་བ་རེད།
  འདེམས་བསྐོའི་ཁྲོད་ཁོ་ཚོར་འོས་ཤོག་བརྒྱ་ཆའི 90 དང་གྲོས་ཚོགས་ཀྱི་རྐུབ་སྟེགས 214 ལས 177 བཅས་ཐོབ་པ་དང་། དབྱིན་ཇིའི་སྲིད་གཞུང་དང་ལྷན་དུ་ཁོ་ཚོས་གྲོས་ཚོགས་ཀྱི་ལས་ཡུན་གཏན་ལ་འབེབ་པར་ཤ་ཐང་རུས་ཐང་གིས་འབད་ཅིང་། དམིགས་འབེན་དེའི་ཕྱིར་རྫ་གྷ་ལོལ་གྲོང་ཁྱེར་ལོན་ཌོན་དུ་བསྐྱོད་པ་རེད།
  ཡུལ་དེར་འབྱོར་ནས་ཀྱང་ཕྱོགས་གཉིས་ཀའི་ལྟ་ཚུལ་མ་མཐུན་པར། གནད་དོན་འགའ་ཞིག་ཐད་ཀྱི་གྲོས་ཆོད་ཁག་མེད་པར་བཟོས། གྲོས་ཆོད་དེ་དག་གི་ཁྲོད་ཀྱི་གཅིག་ནི་སཱོ་ཌན་རྒྱལ་ཁབ་ཀྱི་གནད་དོན་རེད།
  སཱོ་ཌན་ནི་ཨེ་ཇིབ་ཀྱི་ལྷོ་ཕྱོགས་སུ་གནས་པའི་རྒྱལ་ཁབ་ཅིག་རེད་ལ། ཡུལ་དེའི་མི་རིགས་དང་སྐད་ཡིག་སོགས་ཨེ་ཇིབ་དང་གཏན་ནས་མི་འདྲ།
  འཛམ་གླིང་སྟེང་གི་ཆུ་བོ་ཆེས་རིང་ཤོས་ནཱེལ (Nile) ཞུ་བའང་སྟོད་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་ཐད་སོར་སཱོ་ཌན་རྒྱལ་ཁབ་བརྒྱུད་ནས་རྒྱུ་བཞིན་འདུག་ཅིང་། ཆུ་བོ་ནཱེལ་ནི་ཨེ་ཇིབ་པའི་ཚེ་སྲོག་གི་ཟུང་ཁྲག་ཐོག་མར་རྒྱུ་བའི་ལོ་རྒྱུས་ཡིག་ཚང (ལོ་ངོ 7000 ནས 8000 ལྷག་གི་ཡར་སྔོན་ལ་གོ) དུ་བཀོད་ཡོད།
  ཨེ་ཇིབ་པ་ཡོངས་ཀྱི་ཞིང་ལས་དང་འཚོ་གནས་ཡང་ལོ་རེའི་ཆུ་བོ་ནཱེལ་གྱི་ཤཱ་འོད་དང་འབྲེལ་ནས་ཡོད་ལ། ཆུ་བོ་དེས་ཁོ་པ་ཚོར2ཨ་བྷེ་སི་ནེ་ཡཱ་བྱ་བའི་ས་མཐོའི་ཡུལ་གྲུ་ཁག་ལས་ས་རྒྱུ་ལེགས་པོ་མཁོ་འདོན་བྱེད་ཀྱི་ཡོད་སྟབས། ཨེ་ཇིབ་ནི་སྔོན་མའི་བྱེ་ཐང་སྐམ་པོ་ཞིག་ལས་ཐོན་སྐྱེད་ཆེས་བཟང་པའི་གཤིན་སར་གྱུར་བ་རེད།
 གོང་སྨོས་ཀྱི་དབྱིན་ཇི་གྲོས་ཚོགས་ཀྱི་ཆབ་སྲིད་པ་མཱིལ་ནྲ་ཡིས་ཆུ་བོ་ནཱེལ་གྱི་ཁྱབ་ཁོངས་ཟིན་ཐོར་བཀོད་པ་གཤམ་གསལ་ལྟར་རོ།།
  དེ་འདྲའི་ཆུ་བོ་ཆེན་པོ་ཞིག་གིས་རྒྱུན་སྤྱོད་ཀྱི་བཏུང་ཆུ་མཁོ་འདོན་བྱེད་པ་ནི་མིའི་བློ་ཡིད་ལས་འགོངས་པ་ཞིག་རེད་ལ། ཆུ་བོ་དེ་ནི་ཨེ་ཇིབ་ཀྱི་དཔལ་འབྱོར་དར་རྒྱས་དང་འཚོ་བ་བདེ་འཇགས་དང་འབྲེལ་པ་དམ་ཟབ་ཡོད་པ་བསྙོན་དུ་མེད་མོད། ཆུ་བོའི་སྟོད་རྒྱུད་ཀྱི་ཁྱབ་ཁོངས་འགའ་ཞིག་ཨེ་ཇིབ་ཀྱི་དབང་བསྒྱུར་འོག་མེད་ན། དེ་ཡང་ཚེ་སྲོག་གི་ཉེན་ཁའི་གསང་བ་དག་ཕྱི་རུ་བརྟོལ་པ་ཞིག་ལོས་ཡིན།
  སཱོ་ཌན་རྒྱལ་ཁབ་ནི་ཆུ་བོ་ནཱེལ་གྱི་སྟོད་རྒྱུད་ཁྱབ་ཁོངས་སུ་གཏོགས་པས། སཱོ་ཌན་ནི་ཨེ་ཇིབ་པའི་ཚེ་སྲོག་ལྟ་བུ་ཡིན།
  གནའ་བོའི་དུས་སུ་སཱོ་ཌན་རྒྱལ་ཁབ་ནི་དབྱིན་ཇི་དང་ཨེ་ཇིབ་ཀྱི་དབང་སྒྱུར་འོག་ཚུད་པར་འདོད་ཅིང་། སཱོ་ཌན་རྒྱལ་ཁབ་ཀྱི་མིང་ལའང3ཨེན་གྷ་ལཱོ . ཨེ་ཇིབ . སཱོ་ཌན་ཞེས་འབོད།
དབྱིན་ཇི་བས་ཨེ་ཇིབ་མི་དམངས་ཆབ་འོག་ཏུ་བཙུད་པའི་དུས་སྐབས་སུ་ཁེ་བཟང་གི་རྩོད་གླེང་ཅི་ཡང་མེད་ལ། ཨེ་ཇིབ་ཀྱི་ཁྱབ་ཆེ་བའི་དངུལ་ལོའི་ཉོ་ཚོང་དེའང་སཱོ་ཌན་རྒྱལ་ཁབ་ནང་གོ་སྤྱོད་བྱེད་བཞིན་མཆིས།
དོན་དངོས་སུ། སྤྱི་ལོ 1924 ལོར་དབྱིན་ཇིའི་གྲོས་ཚོགས་སུ་མངའ་སྡེ་བློན་ཆེན་ཁཱོར་རྫོན (རྒྱ་གར་ནང་དབྱིན་ཇའི་སྤྱི་ཁྱབ་པ་དང་ཕྱིས་སུ་དབྱིན་ཇིའི་སྲིད་བློན་ཏུ་གདམས) བྱ་བས་སྐད་ཆ་འདི་འདྲ་ཞིག་སྨྲས་དོན། གལ་ཏེ་སཱོ་ཌན་རྒྱལ་ཁབ་ནི་ཨེ་ཇིབ་ཀྱིས་འགན་དུ་བླངས་པའི་ནོར་སྲིད་ཀྱི་འགྲོ་གྲོན་ཞིག་མིན་ཚེ། དེ་ནི་མ་རྩ་སྟོངས་པའི་ཚོང་པ་ལྟ་བུ་ཞིག་ཡིན་ཟེར།
  འདི་ལས་མཐོང་ཐུབ་པ་ནི། དབྱིན་ཇིའི་སྲིད་གཞུང་གིས་སཱོ་ཌན་རྒྱལ་ཁབ་ནི་ཨེ་ཇིབ་དང་འབྲེལ་བ་ཅི་ཡང་མེད་པའི་གནད་ཀར་ཕྱོགས་དོན་ཡང་། མ་གཞི་ཁོ་པ་ཚོས་སཱོ་ཌན་རྒྱལ་ཁབ་བདག་གིར་འཛིན་འདོད་པ་རེད།
ཕྱོགས་གཞན་ཞིག་ནས། ཨེ་ཇིབ་པའི་སེམས་སུ། ཁོ་ཚོའི་འཚོ་གནས་ནི་ཆུ་བོ་ནཱེལ་གྱི་སྟོད་རྒྱུད་ལ་བཏང་འཛིན་བྱེད་པའི་སཱོ་ཌན་མི་རིགས་དང་དམ་དུ་སྦྲིལ་སྟབས། ཁེ་ཕན་གྱི་རྩོད་རྙོག་དེ་འདྲ་ཕྱུངས་པར་འདོད།
སྤྱི་ལོ 1924 ལོར། དབྱིན་ཇིའི་སྲིད་གཞུང་དང་སེ་རྡཱ་རྫ་གྷ་ལོལ་གཉིས་དབར་སཱོ་ཌན་རྒྱལ་ཁབ་ཀྱི་གནད་དོན་ཐད་གྲོས་བསྡུར་བྱེད་སྐབས། སཱོ་ཌན་མི་དམངས་ཀྱིས་ཁོ་པ་ཚོ་ནི་ཕྱོགས་མང་པོ་ཞིག་ནས་ཨེ་ཇིབ་དང་འབྲལ་ཐབས་མེད་པའི་བསམ་ཚུལ་བསྟན་པ་རེད།
  དེར་བརྟེན། དབྱིན་ཇི་བས་ཁོ་ཚོར་ཉེས་ཆད་དྲག་པོ་བཏང་ཞིང་། སྦྱོར་ངན་དེ་ཨེ་ཇིབ་སྲིད་གཞུང་ལ་གོ་སྡུར་ཙམ་ཡང་མ་ཞུས་པར་རང་འདོད་དུ་བསྒྲུབས་པ་ཤ་སྟག་ཡིན། འཛིན་སྐྱོང་ཟུང་འབྲེལ་ཡིན་རུང་། ཨེ་ཇིབ་ཀྱིས་ཕ་རོལ་བོར་དངུལ་ལོ་འབོར་ཆེན་སྤྲོད་དགོས་བྱུང་།
  ཨེ་ཇིབ་ཀྱི་རང་དབང་བསྒྲགས་གཏམ་དུ་འབོད་པའི་དབྱིན་ཇི་སྲིད་གཞུང་གི་བཀའ་བཀོད་གཞན་ཞིག་ནི་ཕྱི་གླིང་བའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཕྱིར། ཕྱི་གླིང་གི་ཁེ་ཕན་ནི་ཅི་ཞིག་ཡིན་ནམ།
ཐེངས་སྔོན་མར་སྤྲིངས་པའི་འཕྲིན་ཡིག་ཏུ་ངས་ཁྱེད་རང་ལ་བཤད་ཟིན་པ་ལྟར། ཏུར་ཀི་གོང་མའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཞན་དུས་ཤིག་ལ། ཕྱིའི་དབང་ཤུགས་ཀྱི་རྐྱེན་གྱིས། ཡུལ་ལུང་དེའི་ནང་སྒྲིག་སྲོལ་སྣ་ཚོགས་ཤིག་བཙལ་འགེལ་བྱས་པ་དང་བསྟུན། ཏུར་ཀིའི་ཡུལ་མི་ཚོར་བྱ་སྤྱོད་ཀྱང་ཁྱད་པར་བ་ཞིག་བཟུང་སྐད།
  ཡོ་རོབ་ཀྱི་ཕྱི་གླིང་བ་འདི་དག་གིས་ཁྲིམས་འགལ་གྱི་ལས་ཇི་འདྲ་བསགས་ཀྱང་། ཁོ་པ་ཚོ་རང་རྒྱལ་གྱི་ཕྱི་སྡོད་དོན་གཅོད་དམ་གཞུང་ཚབ། ཡང་ན་ཆེས་མཐོའི་ཕྱི་འབྲེལ་ཁྲིམས་ཁང་མ་གཏོགས་ཏུར་ཀིའི་རྩ་ཁྲིམས་སམ་ཁྲིམས་ཐོག་ནས་ཕྱིར་ཕུད་གཏོང་ཐུབ་མེད་ལ། ཁོ་ཚོར་ད་དུང་དམིགས་བསལ་གྱི་ཁེ་དབང་གཞན་ཞིག་བདོག་པ་ནི་ཁྲལ་རིགས་ལ་དེ་འདྲའི་རང་དབང་ཞིག་ལྡན་པ་དེ་རེད།
  ཕྱི་གླིང་བའི་ཆེས་རྩ་ཆེ་ཞིང་དམིགས་བསལ་གྱི་ཁེ་དབང་དེ་དག་ལ “མགོ་བཏགས་རྩིས་འབུལ” ཅེས་འབོད་ཅིང་། དེ་ཡང་ཚད་ངེས་ཅན་ཞིག་གི་ཐད་ནས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཅིག་གི་ཆེས་མཐོ་བའི་བདག་དབང་མགོ་འབུལ་ཞུས་པ་རེད།
དེའི་རྒྱུ་མཚན་ནི། ཏུར་ཀི་པ་ཚོས་ཕ་རོལ་པོ་ལ་བཟོད་བསྲན་དེ་འདྲ་མི་བྱེད་ཐབས་མེད་ཡིན་ཕྱིན། ཏུར་ཀིའི་མངའ་ཁོངས་སུ་ཚུད་པའི་རྒྱལ་ཕྲན་འགའ་ཞིག་གིས་ཀྱང་ཡོ་རོབ་པར་མགོ་འདོགས་ཞུ་དགོས་པ་བྱུང་།
དེ་འདྲའི་རྩིས་ཐང་ཞིག་གི་ཁྲོད་ཡོངས་སུ་དབྱིན་ཇིའི་དབང་བསྒྱུར་འོག་བྱིངས་པའི་ཨེ་ཇིབ་ནི་སྲིད་དབང་གི་མིང་ཙམ་ལས་མེད་པའི་ཏུར་ཀི་གོང་མའི་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་དང་སྡུག་གཅོད་ཡ་ང་བ་བཏང་ཞིང་། མགོ་བཏགས་རྩིས་འབུལ་བྱེད་མཁན་དག་ལ་བཙན་རྒྱལ་རིང་ལུགས་ཀྱི་ཁྲིམས་ལུགས་ལག་ཏུ་བསྟར་བཞིན་མཆིས།
  དེ་འདྲའི་བསོད་བདེ་ཆེན་པོ་ཞིག་གི་དུས་སྐལ་ནང་ཕྱི་གླིང་གི་མ་རྩ་རིང་ལུགས་པ་དང་མི་སེར་སྤེལ་བའི་ཁེ་ལས་པ་གཙོ་བོ་འགའ་ཞིག་བཅས་གྲོང་ཁྱེར་ནང་འཕེལ་བསྐྱེད་བྱུང་བ་རེད།
དཔྱ་ཁྲལ་ཅི་ཡང་འཇལ་མི་དགོས་པར་ཕྱོགས་མང་པོ་ཞིག་ནས་རང་གི་བདེ་འཇགས་འགན་སྲུང་དང་འཚོ་གནས་ཡར་རྒྱས་སམ་འབྱོར་ཕྱུག་ཅན་ལ་བསྐུལ་བའི་ལམ་ལུགས་རྩ་གཏོར་གཏོང་བ་ལ་མཐའ་གཅིག་ཏུ་རྒྱབ་འགལ་བྱེད་པ་ནི་ཆོས་ཉིད་ཅིག་རེད་ལ། དབྱིན་ཇི་སྲིད་གཞུང་གིས་སྲུང་བྱུར་འཛིན་པའང་ཕྱི་གླིང་བའི་ཁེ་དབང་འབའ་ཞིག་རེད།
  ཨེ་ཇིབ་ཀྱིས་ཁོ་རང་ཚོར་སྤྲོད་པའི་རང་དབང་དང་རང་བཙན་ནི་ཚུལ་མཐུན་ཞིག་མིན་པའི་ཁར། རྒྱལ་ཁབ་ཀྱི་དཔྱ་ཁྲལ་ཡོང་སྒོ་ཡོངས་སུ་ཤོར་བའི་སྒྲིག་སྲོལ་ཞིག་དང་དུ་ལེན་ག་ལ་སྲིད།
གལ་ཏེ་འབྱོར་ཕྱུག་ཅན་ཡོད་དོ་ཅོག་དཔྱ་ཁྲལ་དང་གཡོལ་པའི་དབང་དུ་བཏང་ན། སྤྱི་ཚོགས་ཀྱི་གནས་བབ་ལ་འཕོ་འགྱུར་གཏོང་བའི་བྱེད་ལས་དེའང་ཟོལ་མེད་དྲང་གཞག་གི་རྒྱ་མིག་ཆེན་པོ་ཞིག་གི་སྟེང་འཇལ་ཐབས་བྲལ་ཞིང་། དབྱིན་ཇི་སྲིད་གཞུང་གིས་ཐད་ཀར་དབང་བསྒྱུར་པའི་དུས་ཡུན་རིང་པོའི་ནང་ཁོ་ཚོས་གྲོང་གསེབ་ཀྱི་འཚོ་གནས་དང་། འཕྲོད་བསྟེན། གཞི་རིམ་སློབ་གསོ་བཅས་ཡར་བསྐུལ་གཏོང་བའི་བྱ་འགུལ་ཅི་ཡང་སྤེལ་མེད།
དེའི་རྐྱེན་གྱིས། སྲིད་སྐྱོང་བ་ཁའེ་མཱེལ (ཏུར་ཀིའི་དམག་སྤྱི་ཆེན་མོ་དང་སྲིད་འཛིན་ཐོག་མ་ཡིན) ཞུ་བ་འདེམས་བསྐོ་ལས་རྣམ་པར་རྒྱལ་རྗེས་དེ་སྔའི་མགོ་བཏགས་རྩིས་འབུལ་གྱི་རྩ་དོན་འོག་གི་ཏུར་ཀི་པ་ཚོ་བཙན་རྒྱལ་རིང་ལུགས་ཀྱི་དབང་དྲག་འོག་ནས་ཡོངས་སུ་ཐར་ཐུབ་པ་བྱུང་།
  ངས་འདིར་གླིང་བར་བྱ་བ་ཞིག་ནི། རྒྱ་ནག་གིས་ཀྱང་མགོ་བཏགས་རྩིས་འབུལ་ལྟ་བུའི་དཀའ་གནད་གཅིག་མཚུངས་ཤིག་ལ་འཐབ་རྩོད་བྱེད་བཞིན་འདུག་ཅིང་། དུས་རབས་བཅུ་དགུ་པའི་དུས་ཡུད་ཙམ་རིང་ལ་ཁོ་པ་ཚོ་འཇར་པན་བཙན་རྒྱལ་པས་བདག་གིར་བཟུང་མྱོང་ནའང་། ཆེར་མ་འགྱངས་པར་རྒྱ་ནག་གི་སྟོབས་འབྱོར་རྒྱས་པ་དང་སྦྲགས། འཇར་པན་པའི་མོས་འདུན་དང་ལེན་མ་བགྱིས་པ་རེད།
  དེས་ན་ཕྱི་གླིང་བའི་ཁེ་ཕན་གནད་དོན་དེ་ནི་དབྱིན་ཇི་དང་ཨེ་ཇིབ་གཉིས་དབར་གྱི་མི་སེར་སྤེལ་བའི་འགོག་རྐྱེན་གཞན་ཞིག་ཡིན་པ་རེད།
ཁེ་དབང་དེ་དག་རྒྱུན་པར་རང་དབང་གི་ལམ་དུ་ཡོད་ན། ཁོ་རང་ཚོའི་ནམ་ནམ་ཞར་ཞར་དུ་དཀྱེལ་ཡངས་པའི་བློ་རྒྱ་དང་བཅས་དབྱིན་ཇི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་བར་ཁག་ཐག་བགྱིས། དེ་ཡང་སྤྱི་ལོ 1922 ལོའི་ཟླ 2 རང་བཙན་བསྒྲགས་གཏམ་ཁྲོད་ཀྱི་བཀའ་བཀོད་ཅིག་ལོས་ཡིན།
  གྲངས་ཉུང་མི་རིགས་དེའི་གཙོ་ཆེ་བ4ཨེ་ཇིབ་ཀྱི་གདོད་མའི་མི་རིགས་ཡིན་ཞིང་། ཁོ་པ་ཚོ་གནའ་བོའི་ཨེ་ཇིབ་མི་རིགས་ཀྱི་གདུང་རྒྱུད་འཛིན་མཁན་ཡིན་པར་ཁས་འཆེས་ན། ཨེ་ཇིབ་ནང་གི་རིགས་རུས་ཆེས་རྙིང་གྲས་དེ་ཡིན་པར་བཞེད། ཁོ་ཚོ་ཡོ་རོབ་གླིང་དུ་ཡི་ཤུའི་ཆོས་ལུགས་མ་དར་སྔོན་ནས་ཡི་ཤུའི་ཆོས་ལུགས་ལ་དད་ཅིང་གུས་པའི་མི་རིགས་ཤིག་རེད།
  དབྱིན་ཇི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་འདི་ལ་བཅངས་པའི་ཐུགས་ཁུར་དེའི་དྲིན་དུ། ལྡོག་སྟེ་ཨེ་ཇིབ་གདོད་མའི་མི་རིགས་དེས་མ་མགུ་བའི་ངང་དབྱིན་ཇི་བས་ཁོ་རང་ཚོ་བསུན་གཙེར་མི་བཟོ་བའི་བླང་བྱ་བཏོན་པ་རེད།
སྤྱི་ལོ 1922 ལོའི་ཟླ 2 དབྱིན་ཇི་སྲིད་གཞུང་གི་རང་བཙན་བསྒྲགས་གཏམ་སྤེལ་རྗེས་ཆེར་མ་འགོར་བར། གདོད་མའི་ཨེ་ཇིབ་མི་རིགས་དེས་ཚོགས་ཆེན་ཞིག་གི་སྟེང་འདུ་འཛོམས་བྱུང་བ་དང་། “མི་རིགས་ཀྱི་མངོན་འདོད་མཐའ་འཁྱོལ་དང་། གྲངས་ཉུང་མི་རིགས་མཐུན་སྒྲིལ་གྱི་ཁེ་དབང་སྲུང་སྐྱོབ། གྲངས་ཉུང་མི་རིགས་ཡོངས་ཁྱབ་ཀྱི་འཐུས་ཚབ་བཅས་བློས་གཏོང་གིས” གནད་དོན་ཐག་བཅད།
  གྲངས་ཉུང་མི་རིགས་ཀྱི་ཐག་བཅད་དེ་ལ་དབྱིན་ཇི་སྲིད་གཞུང་གི་ངོས་ནས་ཁོ་པ་ཚོར་སྲུང་སྐྱོབ་བྱེད་ཁུལ་གྱིས་རྒོལ་གཏམ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཡོངས་ཀྱི་གནད་དོན་དེ་ནི་གྲོས་མོལ་གྱི་བླང་བྱའི་འགེགས་སུ་གྱུར།
དོན་དངོས་སུ། ཨེ་ཇིབ་གདོད་མའི་མི་རིགས་དེའང་མི་རིགས་རང་དབང་གི་འཐད་རྩོད་དུ་ཞུགས་པ་རེད་ཅིང་། ཨེ་ཇིབ་ཀྱི་འཐུས་ཚབ་ཚོགས་པའི་གཙོ་འཛིན་རྫ་གྷ་ལོལ་གྱི་ཆེས་བློ་བ་ཉེ་བའི་དཔུང་རོགས་མང་ཤོས་ཤིག་ཀྱང་མི་རིགས་འདིའི་མི་ཡིན།
འགལ་བ་ལྟག་སྤྲོད་དུ་སོང་བའི་ལྟ་ཚུལ་དང་དངོས་འབྲེལ་གྱི་ཁེ་དབང་རྩོད་གླེང་དེའི་རྐྱེན་གྱིས། སྤྱི་ལོ 1924 ལོའི་དབྱིན་ཇི་དང་ཨེ་ཇིབ་ཀྱི་སྤྱི་དཔོན་སེ་རྡཱ་རྫ་གྷ་ལོལ་དང་ཁོའི་དཔུང་རོགས་ཚོའི་དབར་གྱི་ཆིངས་ཡིག་དེ་དག་ཀྱང་ཐོར་ཞིག་ཏུ་སོང་བ་རེད།
དབྱིན་ཇི་སྲིད་གཞུང་གིས་གནད་དོན་འདིའི་ཐད་ལ་སྡང་ཟུག་ཆེན་པོ་བྱེད་ཅིང་། ཨེ་ཇིབ་ནང་ཁོ་པ་ཚོ་དེ་སྔའི་ཁ་ཕྱོགས་ལ་གོམས་འདྲིས་ཆེ་སྟེ། གྲོང་ཁྱེར་སེ་རཱོ་ནང་འཐུས་མི་གསར་བ་གཟུ་ལམ་པ་འགའ་ཞིག་དང་། དམིགས་སུ་ཨེ་ཇིབ་ཀྱི་འཐུས་ཚབ་ཚོགས་པའི་འགོ་ཁྲིད་གཏུམ་པོ་ཁག་ཅིག་རྙེད་དེ།
  བཙན་རྒྱལ་རིང་ལུགས་ཀྱི་བྱ་སྤྱོད་དེའི་རྗེས་སུ། ཁོ་ཚོས་ཨེ་ཇིབ་ཀྱི་གྲོས་ཚོགས་དང་འཐུས་ཚབ་ཚོགས་པར་བསླབ་བྱ་ཞིག་མྱོང་བར་འཇུག་རྒྱུ་ཐག་བཅད།
  ཆེར་མ་ལེན་པར་ཁོ་ཚོ་གོ་སྐབས་ཤིག་དང་འཕྲད་ཅིང་བློ་ཡིད་ལས་འགོངས་པའི་ཐབས་ཇུས་དེའི་ཁྲོད་ཁོ་པ་ཚོས་ཨེ་ཇིབ་འདི་ཉིད་བདག་གར་བཟུང་ཞིང་ཁེ་སྤོགས་གཉེར་བ་རེད། གནས་ཚུལ་དེའི་བྱུང་རབས་ཐེངས་རྗེས་མའི་འཕྲིན་ཡིག་ཏུ་ངས་ཁྱེད་ལ་འཆད་པར་བྱ་ཞིང་། འཕྲིན་ཡིག་ཅིག་གི་ངོས་ནས་བརྗོད་ནའང་གནས་ཚུལ་དེ་ནི་ཐོས་པ་ཀུན་སྨོན་ཞིག་ཡིན་འོས། རྒྱུ་མཚན་དེ་ནི་དེང་གི་བཙན་རྒྱལ་རིང་ལུགས་ཀྱི་བྱེད་ལས་སུ་གཟིགས་པའི་མེ་ལོང་ལྟ་བུ་ཡིན།
                                སྤྱི་ལོ 1933 ལོའི་ཟླ་བ 5 ཚེས 20 ཉིན་སྦྱར།
 
ཟུར་མཆན།
1 རྒྱལ་ཕྲན་མཉམ་འབྲེལ (United Provinces) ནི་སྤྱི་ལོ 1579 ལོར་དེང་གི་སྤྱི་མཐུན་རྒྱལ་ཁབ་ནཱེ་རྡིར་ལན་ཌི (Netherland) ཡི་མངའ་སྡེ་ཁག་གཅིག་གྱུར་བྱས་པ་དང་། སྤྱི་ལོ 1950 ལོར་གཅིག་གྱུར་བྱུང་པའི་རྒྱ་གར་གྱི་ཨོ་ཌིར་མངའ་སྡེ་མཉམ་འབྲེལ (Uttar Pradesh) ཁག་བཅས་སུ་གོ།
2 ཨེ་བྷེ་སི་ནེ་ཡཱ (Abyssinia) བྱ་བ་དེང་གི་ལྷོ་ཨ་ཧྥི་རི་ཀའི་ཤར་ནུབ་ཁུལ་གྱི་རྒྱལ་ཁབ་ཨ་ཐཱོ་ཧྥེ་ཡཱ (Ethiopia) རྒྱལ་ཁབ་ལ་དངོས་འཛིན།
3 ཨེན་གྷ་ལཱོ (Anglo) བྱ་བ་ཡོ་རོབ་ནུབ་མའམ། ཡང་ན་གནའ་བོའི་དབྱིན་ཇིའི་མི་རིགས་དཀར་པོ་ལ་གོ།
4 (Copts) མི་རིགས་འདི་ནི་གནའ་བོའི་ཧེ་ལིན (The Hellenistic) དང་རོ་མའི་འོག་ཏུ་ཤོར་བའི་ཨེ་ཇིབ་གདོད་མའི་མི་རིགས་ཡིན།
                                      ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།