གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་གཡོའི་དད་པ།

2012-12-24 16:50:00 ཀྲིན་ཧེ་ཞོ། ཀློག་གྲངས། མཆན ཡོད།

  ༡༩༨༡ལོའི་ཟླ༡༡པར། ཧྥ་རན་སིའི་གནམ་བསྐོས་སྙན་ངག་པ་རེམ་བྷོའི(Rimbaud)[i]དབུགས་ཀྱི་རྒྱུ་བ་འགག་ཁ་མར་ཁོའི་ཨ་ཅེས་ཆོས་དཔོན་ཞིག་གདན་དྲངས་ཏེ་རང་གི་ནུ་བོར་མཐའ་མཇུག་གི་དབང་བསྐུར་ཏུ་བཅུག           ཆོས་དཔོན་དེས་གནམ་བསྐོས་སྙན་ངག་པ་འདིའི་ཁྱད་དུ་འཕགས་པའི་མཛད་རྣམ་ཤེས་པ་པ་ན་གུས་སེམས་ཆེན་པོ་སྐྱེས། ཁོས་རེམ་བྷོ་ལགས་ནི་དཀོན་མཆོག་ཤིག་ཅིག་ཏུའང་མི་རྩི་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་ནའང་གུས་སེམས་ལ་སྔར་བཞིན་གཡོ་བ་མེད་པར་གཟབ་ནན་ངང་ཁོའི་ཨ་ཅེ་ལ་གསུངས་དོན“ཞི་མོ། ཁྱོད་ཀྱི་ནུ་བོ་ལ་དད་པ་ཡོད་འདུག ཁྱོད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། ཁོའི་དད་པ་དེ་ངས་མཐོང་ཆོས་སུ་མ་དམིགས་པའི་མི་གཡོ་བའི་དད་པ་རིགས་ཤིག་རེད”་ཅེས་གསུངས།
   ༡༨༨༢ལོའི་ཟླ༤བའི་ཚེས་༡༩་ཉིན། ཏར་ཝུན་ལགས་ཁོང་གི་ཆུང་མ་ཨེ་མཱ་ཡི་པང་ནས་གཏན་དུ་གཉིད་སོང་། ཏར་ཝུན་གྱིས་ཁོང་ཉིད་ཐང་ཨིན་སྡེ་བ་ན་ཡོད་པའི་ཁྱིམ་རྒྱུད་དུར་ཁྲོད་དུ་ཕུ་བོ་ཡི་ལཱ་ཙི་མཱ་དང་འོ་ཀྲི་ཡི་བུ་མོ་ཆེ་བ་ཨན་ཉི་དང་ལྷན་དུ་དུར་འཇུག་བྱ་དགོས་པའི་ཁ་ཆེམས་བཞག ཁོའི་སྡེ་མི་དང་ཁྱིམ་མི་ཚང་མས་ཀྱང་ཁོང་ཉིད་ལོ་ངོ་༤༠ལ་འཚོ་མྱོང་སའི་དོག་མོ་འདི་རུ་གཏན་དུ་གཉིད་བཏུབ་པའི་སྨོན་ལམ་བརྒྱབ། ཡིན་ནའང་། དབྱིན་ཇིའི་འཕྲིན་སྦྱོར་གྱིས་ཏར་ཝུན་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་དམིགས་ཏེ། ཁོང་མཛངས་མེས་མཚུན་ཁང་(先贤祠)དུ་--------བེ་སི་མེན་སི་ཐི།(City of Westminster)རྒྱལ་ཁབ་ཀྱི་ངོས་ནས་གདུང་འཇུག་བྱེད་འོས་པའི་རྣམ་འགྱུར་བསྟན། དེ་ལྟར། འཕྲིན་སྦྱོར་གྱི་སྒྲོག་འབོད་ཀྱིས་བསྐུལ་ཏེ་དབྱིན་ཇིས་གོང་རིམ་སློབ་ཚོགས་ཀྱི་ཚོགས་གཙོས་ཏར་ཝུན་གྱི་ཁྱིམ་མིར་འཕྲིན་ཡིག་བྲིས་ཏེ་ཁོང་གི་སྐུ་གདུང་བེ་སི་མེན་སི་ཐི་ཆོས་ཁང་ཆེན་མོར་གཞུག་ཆོག་པའི་རེ་བ་བཏོན། དེའི་རྗེས་སུ་ལི་ནེ་ཨུན་སློབ་ཚོགས་(Linnaean Society)ཀྱི་ཚོགས་གཙོ་དང་འཐུས་མི་གཅིག་ལྩོགས་པ་ཇོན་ལོའུ་བྷ་ཁི་(John lu buck)དང་ཏར་ཝུན་གྱི་ཁྱིམ་མཚེས་གཉིས་ཀྱིས་འཐུས་མི་༢༨ཀྱི་མོས་མཐུན་མིང་རྟགས་བསྡུས་ཏེ་བེ་སི་མེན་སི་ཐི་ཆོས་ཁང་ཆེན་མོའི་ཚོགས་གཙོ་ལ་རེ་འདུན་ཞུས། སྐབས་དེར་ཧྥ་རན་སིར་འཚམས་འདྲི་བྱེད་ཀྱིན་པའི་ཆོས་གཙོས་རེ་འདུན་ཡི་གེ་ལག་ཏུ་མ་འབྱོར་གོང་ནས་ཕྱིར་གློག་འཕྲིན་བཏང་སྟེ་ཇི་བཞིན་བྱེད་ཆོག་པའི་བཀའ་ལན་བསྩལ། ཟླ༤བའི་ཚེས༢༦ཉིན། ཏར་ཝུན་ལགས་ཀྱི་སྐུ་གདུང་“ཤེས་རབ་དང་སྤྱང་གྲུང་གི་གདམས་པ་ཐོབ་པའི་མི་འདི་བསོད་ནམས་ཆེ”ཞེས་པའི་སྙན་ཚིག་གི་དབྱངས་རྟའི་ཁྲོད་དངོས་སུ་ཉིའུ་ཏུན་གྱི་བང་སོའི་འགབ་ཏུ་སྦས།
   དེ་ལྟ་ནའང་། ཡེ་ཤུ་ཆོས་ལུགས་ཀྱི་རྩ་བའི་རིག་གཞུང་ལ་གཡོ་འགུལ་བཟོས་མྱོང་བའི་མི་འདི་ཆོས་ཁང་ཆེན་མོའི་ནང་གདུང་འཇུག་བྱས་པར་འོས་འཚམས་མ་རེད་ཅེས་སུས་ཀྱང་མ་བཤད། ལྷག་དོན《འཕྲལ་ཤོག》(时报)གིས“ཆོས་ཁང་ཆེན་མོ་འདིར་སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོ་འདི་མཁོ་བ་ནི།  སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོ་འདིར་ཆོས་ཁང་འདི་མཁོ་བ་ལས་ལྷག་གོ།”ཞེས་པའི་གདེང་འཇོག་བྱས་ཤིང་། ཆོས་ཚོགས་ཀྱི་《སྐྱ་རེངས་ཚགས་པར》་གྱིས་“ང་ཚོས་ཁོང་གི་གཞུང་ལུགས་ཆ་ཚང་ལ་བློ་སེམས་འདུན་ཐབས་མེད་མོད། ང་ཚོས་ཁོང་གི་འཚོ་བ་ལ་དགའ་གུས་བྱེད”ཅེས་གཟེངས་མཐོན་པོར་སྨྲས་ལ། 《ཆོས་ཚོགས་འཕྲལ་ཤོག》གིས་ཐད་ཀར་དུ་ཏར་ཝུན་ནི“ཡེ་ཤུ་ཆོས་ལུགས་པའི་མི་ཆེན”ཞིག་རེད་ཅེས་བཤད།
  དོན་དམ་པར། ཏར་ཝུན་གཤེགས་ཁར་ལྷ་ལ་ཡིད་མི་རྟོན་པར་མ་ཟད་ཡེ་ཤུ་ཆོས་ལུགས་ལ་ལོག་ལྟ་དྲག་པོ་སྐྱེས་ཡོད། ཁོང་འཇིག་རྟེན་དུ་བཞུགས་དུས་རང་གི་ཆོས་ལུགས་ཀྱི་ལང་ཕྱོགས་ཕྱི་སོར་བསྒྲག་པར་མི་འདོད། འདི་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་ཁོང་རྩོད་གཞི་སློང་བར་མི་སྤྲོ་བས་དང་གཉིས་ནས་ལྷ་ལ་ཡིད་མི་རྟོན་པའི་ལང་ཕྱོས་འདི་མི་ཡོན་ཚད་ཅན་འབའ་ཞིག་ལ་འགབ་ཅིང་། མི་སེར་དཀྱུས་མ་དག་ལྷ་མེད་སྨྲ་བར་སྒྱུར་བའི་དུས་ཀྱི་མེ་ཏོག་ད་དུང་མ་སྨིན་པར་འདོད་པས་ཡིན། ཡིན་ནའང་། སྒེར་གྱི་ཁོར་ཡུག་ནས་ཁོང་གིས་རང་གི་ཡེ་ཤུ་ཆོས་ལུགས་ལ་རྒོལ་བའི་ལང་ཕྱོགས་འགེབས་པར་མི་བྱེད་དེ། ཁོང་གི་རང་རྣམ་གྱི་ས་བཅད་གཅིག་དུ་ཆེད་དུ་རང་གི་དད་པ་གླེང་ཡོད། ཁོང་གིས་དཀོན་མཆོག་གཞི་གྲུབ་པའི་སྒྲུབ་བྱེད་སྣ་ཚོགས་ལ་དགག་དམོད་བྱས་ཏེ་དཀོན་མཆོག་གཞི་གྲུབ་པར་ཡིད་རྟོན་བྱེད་ཆོག་པའི་རྒྱུ་མཚན་ཅི་ཡང་མ་འདུག་པར་དགོངས།
  རེམ་བྷོ་དང་ཏར་ཝུན་གཉིས་ཀས་ལྷ་ལ་ཡིད་མི་རྟོན། འོན་ཏེ། ཁོང་གཉིས་ལ་མི་གཡོ་བའི་དད་པ་ཡོད། ཆོས་དཔོན་དེས་བར་མ་དོ་རུ་འཕྱན་པའི་རེམ་བྷོ་ལ་ཆེས་མཐའ་མཇུག་གི་དབང་བསྐུར་བ་དང་། ཏར་ཝུན་ལགས་བེ་སི་མེན་སི་ཐི་ཆོས་ཁང་ཆེན་མོའི་ནང་དུ་ད་ལྟའི་བར་དུ་ཞི་འཇམ་གྱིས་གཟིམས་ཡོད། “ལྷ་ལ་ཡིད་མི་རྟོན་པའི་ལང་ཕྱོགས་འདི་མི་ཡོན་ཚད་ཅན་འབའ་ཞིག་ལ་འགབ་ཅིང་། མི་སེར་དཀྱུས་མ་དག་ལྷ་མེད་སྨྲ་བར་སྒྱུར་བའི་དུས་ཀྱི་མེ་ཏོག་ད་དུང་མ་སྨིན་པ་འདོད།”ལོ་ཡི་འཁོར་མོ༡༠༠ལྷག་འགོར་སོང་། བདག་གིས་ཏར་ཝུན་ལགས་ཀྱིས་གསུངས་པའི་དུས་ཀྱི་མེ་ཏོག་དེ་སྨིན་ཡོད་མིན་མི་ཤེས། ང་ཡིས་ཤེས་པ་འབའ་ཞིག་ནི་དད་པ་གང་ཡང་མེད་པའི་མི་དེ་ཤིན་ཏུ་ཞེད་སའི་གནས་ཡིན་པ་དེའོ།།
                    ༨/༡༢
      རེམ་བྷོ།   Rimbaud 兰波 དུས་རབས་༡༩་བའི་ཧྥ་རན་སིའི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཡིན། བརྩམས་ཆོས《དམྱལ་ཁམས་ཀྱི་དུས་ཚིགས་གཅིག》སོགས་ཡོད།
       
                      ༼དུས་དེབ་ཀློག་པ་པོ་ལས་རྨས་མས་བསྒྱུར༽
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།