གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་སྒོར་ཁུག་མ་གང་།

2015-01-30 10:23:24 ཨ་ལེ་ཁི་ཞེ•ལེས་ཐིག་ཝེ་ནོ་ཡ། ཀློག་གྲངས། མཆན ཡོད།

  ཚེས༡༣ཉིན། གཟའ་པ་སངས། ཞོགས་པ། མོ་སི་ཁོ་སྨྱོ་ནད་སྨན་ཁང་།
“སྨན་པ། ང་ནང་དུ་ཡོང་ན་ཆོག་གམ”སྐྲ་ཅུང་ཙམ་ལས་ཤུད་ཚར་ཞིང་སྒལ་བ་ཏོག་ཙམ་སྒུར་བའི་མི་དར་མ་ཞིག་སེམས་ཁམས་སྒོ་བསྟེན་ཁང་ཏུ་འཛུལ་ཡོང་།
“ལེ་ཆོག ཕེབས་རོགས། ཁྱོད་ཀྱི་གང་ནས་བདེ་ཐང་མིན་པའི་སྣང་བ་འཆར་རམ”གཟུགས་པོ་སྐམ་ཞིང་རིད་ལ་རྫ་མདོག་གི་མིག་ཤེལ་གྱོན་པའི་སྨན་པས་སྐད་མགོ་སྙོམས་པོས་དྲིས་མོད། འོན་ལག་པའི་ནང་གི་ཚགས་པར་དང་སྨྱུ་གུ་སར་མ་བཞག་པར་ཡི་གེ་སྐོང་འབྲིའི་རོལ་རྩེད་རྩེད་ཀྱིན་བདའ།
“མི་ཤེས། ངས་མི་ཚང་མས་སྨྱོད་ནད་སྨན་པ་བཙལ་གྱིན་པ་མཐོང་བས་ང་ཡང་ཡོང་བ་ཡིན།”
“ཨིན། ཧ་ཅང་བཟང་གི འོ་ན་ཁྱོས་འཕྲལ་དུ་རང་ཉིད་ནི་སྨྱོ་ནད་ཡིན་པ་ཁས་ལེན་བྱས། ད་སྐབས་མི་མང་པོ་སྒོར་མོའི་ཆེད་ནད་རིགས་འདི་ཕོག་གིན་ཡོད”ཞེས་ཡི་གེ་སྐོང་ཞོར་དུ་བཤད་ཞོར་བྱས།
“ཨོ། གནམ་བདག འདི་ནི་སྐྱི་གཡའ་བ་ཞིག་རེད། ང་ངོ་མས་སྒོར་མོའི་དོན་དག་གི་ཆེད་ཁྱོད་བཙལ་དུ་འོངས་བ་ཡིན། སྨན་པ།”
“ཧི། ངས་ཚོད་དཔག་བྱས་འགྲིག་སོང་། ཁྱོས་ད་དུང་ཤོད་དང་། དོན་དག་ཅི་ཞིག་ཡིན་ནམ”སྨན་པས“སྒོར་མོ”ཞེས་པའི་ཡིག་འབྲུ་ཐོས་རྗེས་སྨྱུ་གུ་མར་བཞག
“སྨན་པ། ཁྱོས་ང་ལ་རོགས་ཐུབ་པར་སྨོན། ཉིན་འགའི་སྔོན་ངས་སྒོར་མོ་མང་པོ་ཞིག་རྙེད …………”
“སྒོར་མོ། མང་པོ་ཞིག རྙེད་ཐལ། ཅི་ཙམ་ཡོད”སྨན་པས་གདོང་མི་དར་མར་གཏད་དེ་མིག་ཤེལ་འོག་གི་མིག་མདངས་སྐད་ཅིག་ཙམ་ལ་གསལ་ལེར་འཚེར།
“རེད་ཡ། ཁུག་མ་གང་།”
“ཨ། ཁུག་མ་གང་། ཁྱོད་འཚུབ་ཆ་མ་ལངས། དལ་མོར་ཤོད།”
“ང་འཚུབ་ཆ་ལངས་ཀྱིན་མེད། སྨན་པ། ཁྱེད་ཀྱིས་ངའི་ལག་པ་ཙུང་ཙམ་ལྷོད་ན་ཆོག་གམ།” སྨན་པས་ལག་པ་ལྷོད་ནས་མིག་ཕུར་ཕུར་ཙམ་བྱས།
“དེ་འདྲའི་ཨ་སྒོར་ཁུག་རྒན་གང་ཚང་མ་ནི་བརྒྱ་ཤོག་ཡིན། གཟའ་མིག་དམར་ཉིན་ང་སྔ་དྲོར་ལངས་ཏེ་ལུས་ཕུང་སྦྱོང་བརྡར་བྱེད་པར་ཕྱིན། ར་སྐོར་གྱིི་སྒོར་བུད་མ་ཐག་ཁུག་མ་ཞིག་ཡོད་པ་མཐོང་ཞིང་གད་སྙིགས་སྡུད་སའི་ཁུག་མ་ནག་པོ་དེའི་རིགས་ཡིན། ངས་སུ་ཞིག་གིས་བསམ་གཟས་ནས་འཕངས་པའམ་ཡང་ན་གད་སྙིགས་འདྲུད་འཁོར་སྟེང་མར་ལྷུང་བ་ཡིན་པར་བསམ་སྟེ་ཡར་འཐུས་པ་ན་ལྗིད་ཏིག་པའི་ཚོར་བ་ཞིག་སྐྱེས་ཤིང་ཁ་ཕྱེ་ནས་བལྟ་དུས། ཨ། ཚང་མ་ནི་སྒོར་མོ་ཡིན་པར་མ་ཟད་ཨ་སྒོར་ཡིན།”
“ཨོ། ཨ་སྒོར། ཁུག་རྒན་གང་།”
“སྨན་པ། ཁྱེད་ཀྱིས…… ངའི་སྒྲོག་གུ་བཏོག་སོང……… ཨིན། ཨ་སྒོར་ཡིན། མ་འཆུག དཔང་མི་མེད་ལ་་་་་ཁུངས་སྣེའང་མེད་པས། ཨིན། ངས་བལྟས་ན…………”
“མཚམས་ཞོག ང་སེམས་ཁམས་རིག་པའི་སྨན་པ་ཡིན། ང་ལ་ཚོད་དཔག་ཅིག་བྱེད་དུ་ཆུག ངས་བསམ་ན་འདི་འདྲའི་མང་བའི་སྒོར་མོ་ཁྱེད་ཀྱིས་བསྡུ་རྩིས་ཡོད། འགྲིག་གམ་མི་འགྲིག”
“ཁྱོས་ཚོད་དཔག་བྱས་ནས་མ་འགྲིག སྨན་པ། ངས་བསམ་ན་གཞན་པ་བཙལ་དུ་འོངས་བར་ངེས། སྔོན་ལ་སྒུག་ནས་བལྟ། ཡིན་ནའང་ཡུལ་ནས་ཉིན་གཉིས་གསུམ་ཙམ་ལ་སྒུག་ཀྱང་བཙལ་མཁན་མ་བྱུང་།
“ཉིན་གཉིས་ལ་སྒུག་ཟིན། ཁྱོད་ཀྱི་ཀླད་ཆེན་ལ་གདོང་རྡེག་ཕོག་མེད་དམ།”
“མེད།”
“དཔེར་ན། གློ་རྡེག་ལ …… ”
“ཁྱེད་ཀྱིས་ང་དངོས་པོ་ཞིག་གི་ཐོག་གདོང་རྡེག་ཕོག་ཡོད་མེད་འདྲི་བ་ཡིན་ནམ། མ་མྱོང་། གདོང་རྡེག་ཕོག་མ་མྱོང་། མི་གཞན་པས་རྡུང་ཡང་མ་མྱོང་།”
“ནང་དོན་ལྡན། ཅིའི་ཕྱིར་འདི་འདྲ་ཞིག་ཏུ་སྲིད་དམ། འོ་ན་ཁྱོད་ཉ་གང་ཟླ་བའི་མཚན་མོར་ཡང་ཐོག་ཏུ་སོང་ནས་སྐད་གསེང་མཐོན་པོས་རེ་འབོད་བྱེད་འདོད་དམ།”
“ང་ལ་རྩ་བ་ནས་བསམ་ཚུལ་དེ་རིགས་མེད། ཡང་ཐོག་ཏུ་ཅི་ཞིག་ཡོད་དམ།”
“ཨོ། ཅི་ཡང་མེད། ངས་རང་དགར་འདྲི་བ་ཙམ་ཡིན། ཡང་གཅིག་བཤད་ན། ཁྱོས་ཉིན་གཉིས་ལ་སྒུག་ཀྱང་བཙལ་མཁན་མེད།”
“རེད། སྨན་པ། དེའི་འཕྲོར་ངས་ཡང་བསམ་རྒྱུར…… ”
“མཚམས་ཞོག ཡང་ང་ལ་ཚོད་དཔག་ཅིག་བྱེད་དུ་ཆུག ཐེངས་འདིར་ཁྱོས་སྒོར་མོ་འདི་དག་བསྡུ་རྒྱུའི་ཐག་གིས་བཅད་ཡོད།”
“མ་རེད། སྨན་པ། ང་ཉེན་རྟོག་ཁང་ལ་སྒོར་མོ་བཙལ་མཁན་ཡོད་མེད་འདྲི་རུ་འགྲོ་རྒྱུ། དྲིས་ཏེ་སྒོར་མོོ་སྤྲོད་མཁན་དང་བཙལ་མཁན་མ་བྱུང་ཟེར་ན། མུ་མཐུད་དུ་ཤོག་སྒོར་རྡོག་གཅིག་ཁྱེར་ཏེ་དངུལ་ཁང་ནང་སོང་ནས་ཁོ་ཚོ་ལ་སྒོར་མོ་འདི་དག་རྫུན་མ་ཡིན་མིན་ལ་ཞིབ་བཤེར་བྱེད་དུ་འཇུག་དགོས། དེ་མིན་ན་ཅིའི་ཕྱིར་བཙལ་མཁན་མེད་པ་ཡིན་ནམ།”
“ཧ་ཅང་བཟང་། ཁྱོད་ཧ་ཅང་རིག་རྒོད་རེད། ཡག་པོ་རེད། ཁྱོས་འདང་རྒྱབ་པ་ཧ་ཅང་འགྲིག དེ་འདྲའི་མང་བའི་སྒོར་མོར་བདག་པོ་མེད་ན་རྫུན་མ་ཡིན་ཀྱང་སྲིད། རེད་ཡ། ཁྱོས་ཞིབ་འདང་རེ་རྒྱོབ་དང་། ཁྱོད་སྔོན་ཆད་མཐོ་ས་ནས་མར་ལྷུང་མྱོང་ངམ། དཔེར་ན་རྟ་ཐོག ཁང་བའི་ཐོག …………”
“རྩ་བ་ནས་མེད།”
“འོ་ན་ཧ་ཅང་བཟང་། བཀའ་འདྲི་ཞུ་རྒྱུར་ཁྱེད་ཚོའི་ཁྱིད་རྒྱུད་ལ་བརྒྱལ་གཟེར་ནད་ཀྱི་ཟིན་ཐོ་ཡོད་དམ།”
“མེད།”
“མེད་པ་ཐག་ཆོད་ཡིན་ནམ། དཔེར་ན་ཁྱོད་ཀྱི་སྤོ་བོ་དང་རྨོ་བོ ………………… ”
“མེད།”
“བརྒྱལ་གཟེར། གཟའ་ནད་ཀྱང་ཟེར། མེད་དམ།”
“རྩ་བ་ནས་མེད།”
“ཨིན། འདི་མཚར་བོ་རེད། དེས་ན་ཁྱོས་ང་དྲང་མོར་ཤོད་དང་། ཁྱོད་ཀྱི་ལག་པ་རློན་པ་གློག་སྐུད་ཀྱི་སྣེར་རེག་དུས་ཚོར་བ་ཅི་འབྱུང་ངམ།”
“ང་། ངས་རྩ་བ་ནས་གློག་སྐུད་ལ་རེག་མ་མྱོང་།”
“ཡིད་སྐྱོ་བ་ལ། འོ་ན …………… དངུལ་ཁང་ལ་ཐོན་རྗེས་ཅི་འདྲ་རེད།”
“ཁོ་ཚོས་བཤད་ན་ཨ་སྒོར་ནི་ངོ་མ་ཡིན་ཟེར། དེའི་ཁྲོད་ལས་བཟོ་བ་གཉིས་ཡོང་ནས་ང་ལ་སྒོར་མོ་ཅི་ཙམ་ཡོད་པ་དང་ཁོ་ཚོར་དངུལ་ལོར་
བརྗེ་འགྲུལ་བྱེད་མིན་དྲིས། གཞུང་ཕྱོགས་གོང་བཅལ་རིན་གོང་ལས་ཤོག་སྒོར་ལུའུ་པུའུ༥༠ཡིས་མང་། ངས་སྒོར་མོ་རང་གི་མིན་པས་མི་བརྗེ་ཞེས་བཤད། ཁོ་ཚོས་ང་ལ‘སྨྱོན་པ’ཞེས་ཁ་རྡུང་གཏོང་བཞིན་ཡི་ཆད་ཀྱིས་བུད་སོང་། ང་དངུལ་ཁང་ནས་ཕྱིར་བུད་རྗེས་སེམས་སུ་སྐྱུར་ཞོག ད་ལྟ …… ”
“མཚམས་ཞོག ཡང་ང་ལ་ཆེས་མཐའ་མཇུག་གི་ཚོད་དཔག་བྱེད་དུ་ཆུག ཐེངས་འདིར་ཚོད་དཔག་བྱས་ནས་འགྲིག་པ་ཐག་ཆོད་ཡིན།”
“ཨིན། བཟང་གི ཁྱེད་ཀྱིས་ཚོད་དཔག་བྱས་དང་བལྟ།”
“ད་ལྟ། ངས་བསམ་ན་ཁྱོས་མཇུག་མཐར་སྒོར་མོ་འདི་རང་གིས་བསྡུ་རྒྱུའི་ཐག་གིས་བཅད་ཟིན།”
“རང་ཉིད་ཀྱིས་བསྡུ་རྒྱུ། ཡིན་ནའང་སྒོར་མོ་འདི་དག་ངའི་མིན་ཡ།”
“ཨ། གླེན་པ། ད་ལྟ་སྒོར་མོ་འདི་དག་གང་ན་ཡོད།”
“ངས་བསམ་བློ་ཕར་གཏོང་ཚུར་གཏོང་བྱས་ནས་སྒོར་མོ་འདི་དག་ཁྱེད་ལ་ཁྱེར་ཡོང་རྒྱུའི་ཐག་གིས་བཅད …………… ”
“ཨོ། རེད་དམ། བཀའ་དྲིན་ཆེ། ཁྱོད་མི་འདི་ཧ་ཅང་བཟང་། ད་དུང་ང་སེམས་ལ་དྲན་གྱིན་ཡོད ……………… ”
“ཡིན་ནའང་ང་ད་ཅི་ལམ་དུ་འགྲོ་སྐབས་སུ་འདང་རེ་རྒྱབ་ན་སྒོར་མོ་འདིས་མི་རྣམས་ལ་སྡུག་བསྔལ་དང་དཀའ་སྡུག་ཅི་འདྲ་ཞིག་བསྐྱལ་ཡོད་པ་རེད་ཨང་། ངས་ཁྱེད་ལ་བྱིན་ན …………གནོད་བསྐྱལ་བ་མ་ཡིན་ནམ། ངས་བསམ་ན་ཐད་ཀར་འཕངས་ཚེ་རན་པོ་འདུག”
“ཅི་ཟེར། འཕངས་རྒྱུ། ཁྱོད་ངོ་མ་ལྷད་མེད་ཀྱི་གླེན་པ་དང་རིག་རྟུལ། སྨྱོན་པ་ཞིག་རེད། མྱུར་བར་ཤོད། གང་ལ་འཕངས་ཟིན།”
“ངས‘ཟླ་བཅུ་བའི་གསར་བརྗེ་ལོ་འཁོར་ལྔ་བཅུའི’ཟམ་ཆེན་སྟེང་འགྲེངས་ཏེ་སྒོར་མོ་འདི་དག་ཆུ་ནང་དུ་འཕངས་བར་འདོད ……ཨེ། སྨན་པ། ཁྱོད་འདི་ནས་གང་ལ་འགྲོ་རྒྱུ། ཨེ། འདི་འདྲའི་མགྱོགས་པར་གཟུགས་མེད་དུ་གྱུར། ངས་ད་དུང་བཤད་ཚར་མེད། ཇི་ལྟར་བྲོས་སོང་ངམ།”
  སྐྱེས་པ་ཡར་ལངས་ཏེ་རྗེས་སུ་རྒྱུགས་གྲབས་བྱས། འདང་ཞིག་བརྒྱབ་སྟེ་ཡང་ཁེར་ལབ་ཆིག་བཤད་ཀྱིས་བཤད་དོན“ངས་ད་དུང་བཤད་ཚར་མེད…………ང་ཟམ་ཆེན་སྟེང་འགྲེངས་ཏེ་སྒོར་མོ་མར་འཕེན་སྐབས་སུ་གློ་རྡེག་ལ་ཉེན་རྟོག་པ་ཞིག་གིས་ཉེན་ཟོན་དབྱུག་པ་ཞིག་བཟུང་ནས་ངའི་མགོ་ཐོག་ཏུ་གཏད་དེ་རྒྱབ་འོངས། ང་སྐྲག་ནས་སད་བྱུང ………ཨེ། ཉེ་སྔོན་ངས་རྒྱུན་དུ་རྨི་ལམ་འདི་རིགས་རྨི། ཅི་བྱུང་བ་ཡིན་ནམ …………སྨན་པས་ཀྱང་ང་ནད་ཅི་ཞིག་ཡིན་པ་མ་བཤད་པར་བྲོས་སོང་། གྲལ་བསྒྲིགས་ཐོ་འགོད་ཀྱི་ཉིན་ཕྱེད་ནུས་ཤུགས་སྟོང་ཟད་དུ་བཏང ……… སྐྱུར་ཞོག ངས་ཡང་སྨན་པ་གཞན་པ་ཞིག་ལ་སྒུག་དང་ཆོག ………… ”

ཀླུ་མཁར་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།