གསོན་བཞིན་པ་ནི་མ་གཞི་ནས་བདེ་སྐྱིད་ཅིག་ཡིན།
ཚེ་སྲོག་གི་ངོ་བོ་ནི་རྣམ་རྟོག་གི་བར་སྣང་ཆེན་པོ་ཞིག་གི་ནང་དུ་ཁྱོད་ཀྱིས་བྱ་སྤྱོད་སྤེལ་ནས་དེ་ཁེངས་ཚུལ་བྱེད་པ་དེ་ཡིན།ཁྱོད་ཀྱི་བྱ་སྤྱོད་དེ་ལས་སྐྱེད་པའི་དོན་སྙིང་དང་རིན་ཐང་ཕུད།ཁྱོད་ཀྱི་བཞག་པ་ནི་འདྲ་བརྙན་ནང་གི་ཁྱོད་ཀྱི་སྐད་སྒྲ་དང་གདོང་རིས།ད་དུང་ཁྱོད་ཀྱིས་བསྒྲུབས་མྱོངས་བའི་བྱ་བ་དེ་དག་དང་ཤུལ་དུ་བཞག་པའི་དཔེ་ཆ་དེ་དག་ཙམ་ཡིན།ཡང་ན་ཁྱོད་ཀྱིས་གཞན་ལ་རོགས་རམ་བྱས་ནས་བློ་བསྐྱེད་ཐོབ་ཏུ་བཅུག་པ་དང་སྤྲོ་སྣང་སྦྱིན་པའི་བརྒྱུད་རིམ་འདི་དག་ཡིན།
གལ་ཏེ་ཁྱོད་ཀྱིས་རང་གི་སེམས་ཁམས་ལ་འགྱུར་བ་ངོ་མ་གཏོང་མགོ་བརྩམས་ན།ཁྱོད་ཀྱིས་བྱ་དངོས་མང་པོ་ཞིག་ཀྱང་དེ་དང་མཉམ་དུ་འགྱུར་བ་འགྲོ་བཞིན་པ་ཤེས་ཐུབ།
ལོ་མང་པོའི་སྔོན་དུ་ངས་སྔར་རྒྱུན་བཞིན་སློབ་གསོ་ཨུ་ཡོན་ལྷན་ཁང་དུ་བྱ་བ་སྒྲུབ་སྐབས།ཅ་ཅོ་ཅུང་ཟད་ཙམ་གྱིས་ཀྱང་ང་རང་རྩོམ་འབྲི་ཐབས་མེད་པར་གྱུར།སྐབས་དེར་ང་དང་ནང་མི་ཁང་པ་གཅིག་གི་ནང་དུ་བསྡད་ཡོད་པས་རྩོམ་འབྲི་ཐབས་མེད་ཅིང་།ང་རང་ཉིད་ལ་ཁང་པ་ཞིག་ཡོད་པའི་རེ་འདོད་ཆེན་པོ་ཡོད།ངས་ཁང་པ་དགོས་ཅེས་རེ་བ་འདོན་དུས།གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ང་ལ་འདི་འདྲའི་ན་ཚ་མང་པོ་ག་རེ་རེད།མི་སུས་རྩོམ་འབྲི་མི་ཐུབ་པ་རེད་ཅེས་སྐྱོན་བརྗོད་བྱས་བྱུང་།དོན་དེས་ང་རང་གཉིད་ལས་བསད་ཤིང་།དེ་ནས་བཟུང་ངས་རང་ཉིད་ལ་སྦྱོང་བརྡར་བྱས་ནས།ཉེ་འགྲམ་དུ་མི་གཞན་ཡོད་ཀྱང་མེད་ཀྱང་རྩོམ་འབྲི་ཐུབ་པ་བྱས་པ་ཡིན།ཡུན་རིང་འདི་ལྟར་གོམས་རྗེས།ཁོར་ཡུག་འུར་ཟིང་ཅི་འདྲའི་ཆེ་རུང་ངས་གང་འདོད་དུ་རྩོམ་འབྲི་ཐུབ་པ་བྱུང་།
དེ་ལྟ་བུའི་རིགས་ནི་དོན་དངོས་ཐོག་སྐྱོན་ཆུང་ཙག་ཡིན་ཞིང་།སྐྱོན་ཆུང་དེ་རིགས་བཅོས་རྒྱུ་ཡོད་པའི་གནས་ལུགས་དེ་ངེས་པར་དུ་གསལ་པོར་ཤེས་དགོས།རང་ཉིད་ཀྱི་སྐྱོན་ཆ་ཤེས་རྗེས་དེ་འཆོས་དགོས།དེ་ནི་ང་ཚོས་བཤད་ཀྱིན་པའི་“དམིགས་བཅོས་”ཞེས་པ་དེ་རེད།གོམས་གཤིས་དམིགས་སུ་བཅོས་དགོས་པའི་རྒྱུ་མཚན་ནི།ང་ཚོས་རང་ཉིད་ཀྱི་ནང་སེམས་ཀྱི་ལྷིང་འཇགས་ལ་བྱ་དངོས་གང་རུང་གིས་འགྱུར་ལྡོག་གཏོང་དུ་འཇུག་མི་རུང་བ་དེ་ཡིན།
ངའི་ཨ་ཕ་ཚེ་ལས་འདས་དུས།ཉེ་འགྲམ་དུ་དར་ཅིག་རིང་ངུ་འབོད་དང་ཆོ་ངེས་ཁེངས་སོང་།འོན་ཀྱང་ང་རང་སྔར་བཞིན་ལྷིང་འཇགས་ཡིན།ཨ་ཕ་ཚེ་ལས་འདས་སྐབས་ང་རང་ཡིད་སེམས་ཧ་ཅང་སྐྱོ་པོ་བྱུང་མོད།འོན་ཀྱང་སྐྱོ་སྣང་འདིས་སྔར་བཞིན་ངའི་ལྷིང་འཇགས་ལ་ཤུགས་རྐྱེན་ཐེབས་མེད་ལ་ངའི་སེམས་ཁམས་ལ་གྲགས་འགུལ་ཡང་མ་བྱུང་།
དེར་བརྟེན།ཐོག་མར་རང་ཉིད་ལ་འགྱུར་ལྡོག་གཏོང་བ་ནས་མགོ་བརྩམས་པ་དང་ད་ལྟ་ནས་མགོ་བརྩམས་དགོས།མ་འོངས་པར་རེ་བ་བཅོལ་ནས་སྒུག་མི་རུང་ལ་གཞན་ལ་རེ་བ་འཆང་མི་རུང་ཞིང་།གཉེན་ཉེ་སྤུན་མཆེད་ལ་དེ་བས་ཀྱང་རེ་ལྟོས་བྱེད་མི་རུང་།ངེས་པར་དུ་རང་ཉིད་ལ་འགྱུར་ལྡོག་བཏང་སྟེ།གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་རང་ཉིད་ཀྱི་བློ་སེམས་རང་ཉིད་ལ་དྲང་བར་གནས་ཐུབ་པ་དང་རང་ཉིད་ཀྱི་ལྷག་བསམ་རྣམ་དག་དེ་སྲུང་ཐུབ་པ་བྱེད་དགོས།ཁྱོད་ཀྱི་རང་སེམས་རང་བདག་བྱེད་ཐུབ་པའི་སྐབས་སུ།ཁྱོད་ནི་ལྷིང་འཇགས་དང་དགའ་སྐྱིད།རང་དབང་བཅས་ཐོབ་སྟེ།ཉིན་རེ་བཞིན་སྔར་ལས་བདེ་ཐང་དང་གནས་བཟོད་བདེ་བར་འཁོད་ཐུབ་པ་ཡིན།
གལ་ཏེ་ཁྱོད་ཀྱིས་ཐོག་མར་རང་ཉིད་ལ་འགྱུར་བ་བཏང་ན།དཔེ་ཆ་འདི་དཔར་སྐྲུན་འགྲེམ་སྤེལ་བྱས་པ་ལས་ཀྱང་སྣང་བ་སྤྲོ་བ་ཡིན།འདི་ནི་ངས་རྒྱུན་དུ་དུས་ཚོད་མང་པོ་བཀོལ་ནས་ལས་འབྲེལ་ཐོགས་པའི་མི་ཁ་ཤས་དང་ཁ་བརྡ་བྱེད་པའི་རྒྱུ་མཚན་ཡང་དེ་དོན་ཡིན།དེ་ཡང་ཁོ་ཚོའི་བྱ་སྤྱོད་ནི་ངས་བྲིས་པའི་དཔེ་དེབ་གང་རུང་ཞིག་དང་འདྲ་མཚུངས་ཀྱི་རིན་ཐང་ལྡན་ཡོད།གཅིག་བྱས་ན་འཇིག་རྟེན་འདིར་ངའི་དཔེ་དེབ་དེ་དགོས་པ་ཡོད་མི་སྲིད།འོན་ཀྱང་ངའི་ཉེ་འགྲམ་གྱི་སྐྱེ་བོ་དེ་དག་དགོས་པ་ཡོད།ཁོ་ཚོས་རང་ཉིད་ལ་འགྱུར་ལྡོག་བཏང་ནས་བདེ་སྐྱིད་ཐོབ་པའི་བྱ་སྤྱོད་དེ་རིགས་ཀྱིས་རང་ཤུགས་སུ་འཇིག་རྟེན་ལ་ཤུགས་རྐྱེན་ཐེབས་ནས་འཇིག་རྟེན་འདིར་འགྱུར་ལྡོག་བཏང་བ་ཡིན།
ལས་ཀ་ཡིན་ནའང་འདྲ་དགའ་ཕྱོགས་ཡིན་ནའང་འདྲ།མི་སུ་འདྲ་ཞིག་གིས་བྱ་བ་གང་ཞིག་སྒྲུབ་ཀྱང་དོན་དུ་དེ་ནི་འཚོ་བཅུད་བསྡུ་ལེན་བྱེད་བཞིན་པ་ཡིན་ལ།འཚོ་བཅུད་འདི་དག་ནི་དཀའ་སྡུག་འཕྲད་རྗེས་བློ་གྲོས་སྐྱེད་པ་དང་།མཛེས་སྡུག་ལྡན་པའི་བྱ་བར་འཕྲད་སྐབས་བདེ་སྐྱིད་མྱོང་རྒྱུ་བྱུང་བ།དེ་བཞིན་མི་ཚེའི་ནང་གི་རྩ་ཆེའི་ཉམས་མྱོང་སོགས་ཡིན།ཁྱོད་ཀྱིས་མི་ཚེའི་ཁྲོད་ཀྱི་བྱ་བ་མང་པོ་ཞིག་ལས་འགན་ཞིག་ལ་ངོས་འཛིན་མི་རུང་ཞིང་།ཁྱོད་ཀྱིས་རང་ཉིད་ཀྱིས་དེའི་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱེད་བཞིན་ཡོད་པ་རྟོགས་དགོས།དེ་ལྟར་ཁྱོད་ཀྱིས་ལས་ཀའི་ལོངས་སྤྱོད་དང་འཚོ་བའི་མྱོང་རོལ་གྱི་སྐབས་སུ་ཧ་ཅང་སྤྲོ་ཞིང་སྐྱིད་པ་ཚོར་ཐུབ།གལ་ཏེ་ཁྱོད་ཀྱིས་དམིགས་འདུན་ཞིག་བཅངས་ཡོད་ན་དེ་ཡང་ལོངས་སུ་སྤྱོད་དགོས།
ཁ་རྒྱུན་ལ་“སྐྱིད་དང་མི་སྐྱིད་གང་རིན་རུང་མི་ཚེ་གཅིག་ནི་འདི་ལྟར་ཡིན་པས།འཚོ་བ་བདེ་སྐྱིད་ལྡན་པའི་སྒོ་ནས་མི་སྐྱེལ་བའི་རྒྱུ་མཚན་གང་ཡོད་”ཞེས་པའི་སྐད་ཆ་འདི་ནི་ཧ་ཅང་ཡང་དག་པ་ཞིག་ཡིན།ཁྱོད་རང་སྐྱིད་པོ་ཡོད་ནའང་འདྲ་མེད་ནའང་འདྲ།ལས་འཕྲོ་ཡོད་ན་ས་ཐག་རིང་ཡང་འཕྲད།ལས་འཕྲོ་མེད་ན་འཕྲད་ཀྱང་ངོ་མི་ཤེས་ཟེར་བ་བཞིན་འཕྲད་དགོས་པ་ནི་ནམ་ཡང་འཕྲད་ཡོང་ཞིང་འདས་དགོས་པ་ཡང་ནམ་ཡང་འདས་སྲིད།ཅིའི་ཕྱིར་ནང་སེམས་ཀྱི་ལྷིང་འཇགས་རྒྱུན་འཁྱོངས་བྱས་ཏེ་མིག་མདུན་གྱི་ལོངས་སྤྱོད་ལ་རོལ་མི་ཐུབ་པ་ཡིན།ཤེས་དགོས་པ་ཞིག་ལ་ང་ཚོ་གསོན་བཞིན་པ་ནི་མ་གཞི་ནས་བསྟོད་བཀུར་བྱེད་འོས་པའི་བྱ་བཟང་ཞིག་ཡིན།གོང་མ་རྒྱལ་པོ་དང་ཞི་དྲག་དཔོན་རིགས་་མང་པོ་ཞིག་གིས་དཀའ་ངལ་སྣ་ཚོགས་མྱངས་པ་དེ་ནི་ཡུན་རིང་འཚོ་གནས་ཐུབ་པའི་ཐབས་ཤེས་ཤིག་འཚོལ་ཆེད་ཡིན།ང་ཚོ་ད་དུང་གསོན་པོར་འཚོ་བཞིན་མཆིས་ན།སྐར་མ་རེ་རེ་བཞིན་ལོངས་སུ་མི་སྤྱོད་དོན་ཅི་ཡིན།
རྐང་ཐང་དུ་འགྲོ་བའི་སྐབས་སུ་རྐང་ཐང་དུ་འགྲོ་བའི་སྤྲོ་སྣང་ཞིག་མྱོང་བ་དང་ཁེར་རྐྱང་དུ་འགྲོ་བའི་སྐབས་སུ་ཁེར་རྐྱང་དུ་འགྲོ་བའི་སྤྲོ་སྣང་ཞིག་ཐོབ་ཡོང་བས།ང་ཚོས་ག་དུས་ཡིན་རུང་སྤྲོ་སྣང་དེ་མྱོང་བ་དང་སྤྲོ་སྣང་དེ་ལ་ཞིབ་ལྟ།སྤྲོ་སྣང་དེ་ལོངས་སྤྱོད་བཅས་བྱེད་ཤེས་དགོས།སེམས་ནི་མེ་ལོང་དང་འདྲ་བར་འཇིག་རྟེན་འདིའི་སྟེང་གི་ཡོད་ཚད་གསལ་ཤེས་ཐུབ་པ་ཡིན་མོད།འོན་ཀྱང་མེ་ལོང་ནི་རྒྱུན་ལྡན་འགུལ་མེད་དེ་རང་ཡིན།འདི་ལྟར་ཉིན་རེ་བཞིན་སྤྲོ་སྐྱིད་ཚོར་ཡོང་བ་ཡིན།མི་སུ་དང་བྱ་བ་གང་གིས་ཀྱང་ཁྱོད་ཀྱི་སྤྲོ་སྣང་དེ་རིགས་ལ་གཡོ་འགུལ་གཏོང་མི་ཐུབ་ཅིང་ད་དུང་སྤྲོ་སྣང་འདིར་ཆ་རྐྱེན་ཐོལ་པ་ཅི་ཡང་མེད་པར་ཁྱོད་ཀྱིས་ཉོ་འཚོང་རྒྱག་པ་ལྟར་ཕར་སྤྲོད་ཚུར་ལེན་སོགས་གང་ཡང་བྱེད་དགོས་པ་མིན།
མི་ལ་ལས་རང་གི་ཟླ་བོ་སྐྱིད་པོ་ཡོང་ཐབས་བྱེད་ཅིང་།ཁོ་མོའི་བློ་སྒོ་ཕྱེ་བ་དང་ཁོ་མོར་བསྟོད་བསྔགས་གཏོང་གི་ཡོད་ལ།ཅ་ལག་མང་པོ་ཞིག་ཉོས་ནས་ཁོ་མོར་བྱིན་གྱི་ཡོད།འོན་ཀྱང་འདི་ལྟར་བྱས་ན་ཁོ་མོར་སྐབས་འཕྲལ་གྱི་བདེ་བ་ཕྲན་བུ་མ་གཏོགས་སྦྱིན་མི་ཐུབ།དེའི་རྒྱུ་མཚན་ནི་ཁོ་རང་ཉིད་ཀྱང་སྐྱིད་པོ་མེད་དེ།ཁོ་པ་རང་ཉིད་ཀྱིས་དངོས་པོ་མང་པོ་ཞིག་བློས་གཏོང་མི་ཐུབ་པས།བློ་རིག་གི་འོད་ཟེར་རྣོན་པོས་ཁོ་མོའི་བློ་སེམས་གསལ་དུ་འཇུག་ཐབས་མེད་པ་སྨོས་མེད་རེད།
མི་ཞིག་བསྒྱུར་དགོས་ན།ཁྱོད་ཀྱིས་ངེས་པར་དུ་ཁོའི་སེམས་ཁམས་བསྒྱུར་དགོས།མིའི་སེམས་ཁམས་བསྒྱུར་ཐབས་ནི་ཁོའི་ཀླད་པ་བཀྲུ་བ་མིན་ལ།བཙན་ཤེད་ཀྱིས་ཁྱོད་ཀྱི་འདོད་ཚུལ་དག་ཁོའི་སེམས་སུ་ལྡུག་ཐབས་བྱེད་པ་ཡང་མིན་པར།ཁྱོད་ཀྱི་མི་ཚེའི་ཁྲོད་ཀྱི་ལེགས་ཉེས་སྤང་བླངས་གི་འོད་ཟེར་ཞིག་གིས་ཕར་ཕྱོགས་ཀྱི་སེམས་པ་གསལ་བར་བྱས་ཏེ།ཕར་ཕྱོགས་ཁོ་རང་ལའང་བློ་རིག་འོད་ཟེར་དེ་འདྲ་ཡོད་དུ་འཇུག་དགོས།
དེའི་ཕྱིར་ངེས་པར་དུ་བྱ་བ་རེ་རེའི་ཁྲོད་དུ་རང་སེམས་སྙོམས་སྒྲིག་བྱེད་དགོས་ཤིང་།དགའ་སྤྲོ་དང་སྡུག་བསྔལ་གང་ཡིན་ན་ཡང་།དེ་ཚང་མ་རང་གི་མི་ཚེའི་ལོངས་སྤྱོད་དུ་ཁ་སྒྱུར་དགོས།སེམས་ཁྲལ་དང་དཀའ་སྡུག་ཡོད་ཀྱང་མི་ཚེའི་ལོངས་སྤྱོད་བྱེད་ཤེས་དགོས།མིག་མདུན་གྱི་ཡོད་ཚད་མྱུར་དུ་མེད་པར་གྱུར་སྲིད་པ་དེ་ནམ་ཡང་ཡིད་ལ་འཛིན་དགོས།
ཕ་མ་གཉིས་པོ་ད་དུང་བདེ་ཐང་ཡིན་ཚེ་མཚམས་རེ་ཁོ་ཚོར་སུན་སྣང་ཡོད་ཀྱང་སྐྱོན་གང་ཡང་མེད་དེ།རྒྱུ་མཚན་ནི་ད་ལྟ་ཁོ་ཚོས་ད་དུང་སུན་སྣང་ཚོར་ཐུབ་རྒྱུ་ཡོད་ཅིང་།སླད་ཕྱིན་ཉིན་ཞིག་ལ་ཁྱོད་ཀྱིས་ཁོ་ཚོར་སུན་སྣང་སྐྱེ་རུ་འཇུག་འདོད་ཀྱང་རེ་འདོད་དེ་འགྲུབ་མི་སྲིད།ལེང་ཀྲོའུ་ཡི་མིས་རྒྱུན་དུ་“ཕ་མ་ནི་མ་གཞི་ནས་སྐུ་འདྲའི་མདུན་གྱི་སྒྲོན་མེ་ཡིན་ཞིང་།ཕུ་རྒྱག་ཐེངས་གཅིག་ལ་ནམ་ཡང་གར་སོང་ཆ་མེད་དུ་གྱུར་འགྲོ་”ཟེར་གྱི་ཡོད།དོན་འདི་རྟོགས་རྗེས་ཕ་མ་གཉིས་ལ་སུན་སྣང་དང་སེམས་ཁྲལ་ཡོད་པ་མཐོང་ནའང་ཁྱོད་ནི་ཧ་ཅང་བསོད་ནམས་བདེ་སྐྱིད་དང་ལྡན་པ་ཡིན།དེར་བརྟེན་ང་ཚོས་རྒྱུན་དུ་གཅེས་སྤྲས་བྱེད་ཤེས་དགོས་ཞེས་བཤད་ཀྱི་ཡོད།
གསོན་པོར་འཚོ་ཞིང་གནས་པ་ནི་བདེ་སྐྱིད་ཅིག་ཡིན་ཏེ།དེ་འདྲའི་ལྟོས་བཅས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་ཚོགས་པའི་དབང་གིས་ཁྱོད་ཀྱི་ཕ་མ་གཉིས་མཉམ་དུ་སྦྲེལ་ནས་ཁོ་ཚོས་ཁྱོད་རང་སྐྱེས་ཤིང་།དེ་ནས་ཁྱོད་བདེ་མ་ཐང་མ་དང་བདེ་འཇགས་ངང་འཚར་ལོངས་བྱུང་ལ།རང་དབང་རང་བདག་གི་མི་ཚེ་ཞིག་གི་མགོ་བརྩམས་པ་ནི་ལས་སླ་མོ་ཞིག་རྩ་བ་ནས་མ་རེད།ངའི་ཨ་ཕ་སྐུ་ཚེ་འདས་ཟིན།ད་ཆ་ཕ་མའི་ཁ་རྩོད་རྒྱག་པའི་སྐད་སྒྲ་ཉན་འདོད་ཀྱང་གང་ནས་ཐོས་རྒྱུ་ཡོད།དེའི་ཕྱིར་སྐབས་རེ་ཁ་རྩོད་རྒྱག་པ་དེ་ཡང་བདེ་སྐྱིད་ཅིག་ཡིན་ཏེ།དེའི་རྒྱུ་མཚན་ཡང་འདི་དག་ཚང་མ་ནི་ང་ཚོའི་ཚེ་སྲོག་གནས་ཀྱིན་པའི་བདེན་དཔང་ཡིན་ཞིང་།དོན་འདིས་ཁྱོད་ད་དུང་གསོན་པོར་འཚོ་བཞིན་པ་གསལ་བཤད་བྱས་ཡོད།འོན་ཀྱང་ཚེ་སྲོག་དང་དེ་བཞིན་དཔང་རྟགས་དེ་དག་མྱུར་དུ་མེད་པར་འགྱུར་སྲིད་ལ།ལུས་པོ་ཡང་མེད་པར་འགྱུར་ཞིང་སྔ་ཕྱིར་ཐམས་ཅད་མེད་པར་འགྱུར་འགྲོཚེ་སྲོག་གི་ངོ་བོ་ནི་རྣམ་རྟོག་གི་བར་སྣང་ཆེན་པོ་ཞིག་གི་ནང་དུ་ཁྱོད་ཀྱིས་བྱ་སྤྱོད་སྤེལ་ནས་དེ་ཁེངས་ཚུལ་བྱེད་པ་དེ་ཡིན།ཁྱོད་ཀྱི་བྱ་སྤྱོད་དེ་ལས་སྐྱེད་པའི་དོན་སྙིང་དང་རིན་ཐང་ཕུད།ཁྱོད་ཀྱི་བཞག་པ་ནི་འདྲ་བརྙན་ནང་གི་ཁྱོད་ཀྱི་སྐད་སྒྲ་དང་གདོང་རིས།ད་དུང་ཁྱོད་ཀྱིས་བསྒྲུབས་མྱོངས་བའི་བྱ་བ་དེ་དག་དང་ཤུལ་དུ་བཞག་པའི་དཔེ་ཆ་དེ་དག་ཙམ་ཡིན།ཡང་ན་ཁྱོད་ཀྱིས་གཞན་ལ་རོགས་རམ་བྱས་ནས་བློ་བསྐྱེད་ཐོབ་ཏུ་བཅུག་པ་དང་སྤྲོ་སྣང་སྦྱིན་པའི་བརྒྱུད་རིམ་འདི་དག་ཡིན།
ཁྱོད་ཀྱིས་ནམ་ཞིག་ལ་དངོས་པོ་ཐམས་ཅད་ལ་ལོངས་སུ་སྤྱོད་ཐུབ་བམ་ཟེར་ན།ཁེ་ཕན་ལས་བརྒལ་བའི་ལྷིང་འཇགས་ཀྱི་ཁྲོད་དང་།འཇིག་རྟེན་ལས་འདས་ཤིང་དམིགས་མེད་བཏང་སྙོམས་ཅན་གྱི་ལྷག་བསམ་གྱི་ཁྲོད་ནས།ཞི་ཞིང་ལྷིང་བའི་ངང་འཇིག་རྟེན་འདིར་དོ་སྣང་བྱེད་སྐབས།ད་གཟོད་ཁྱོད་ཀྱིས་སྔོན་ཆད་ཚོར་མྱོང་མེད་པའི་བདེ་སྐྱིད་མང་པོ་ཞིག་ལ་རིམ་གྱིས་ལོངས་སྤྱོད་བྱེད་ཐུབ།དེའི་དུས་ཁྱོད་ཀྱི་ཚེ་སྲོག་ལ་བྲོ་བ་གཞན་ཞིག་གིས་ཁེངས་ཡོང་།བྲོ་བ་ཅི་ཞིག་ཡིན་རུང་ཁྱོད་ཀྱིས་དེ་ལ་རོལ་མྱོང་བྱེད་དགོས།རང་གིས་བསྒྲུབ་དགོས་པའི་བྱ་བ་ཚང་མ་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་དང་ལེགས་པོར་སྒྲུབ་རྗེས།ཁྱོད་ཀྱིས་རང་སེམས་བག་ཕེབས་པོར་བཞག་ན་འགྲིག་ཅིང་།བྱ་བ་དེས་ཁྱོད་རང་ཡིད་ཚིམས་ཚད་ཇི་ཙམ་ཡོང་རྒྱུའི་རེ་བ་མ་འཆང་།རང་ཉིད་བློ་ཡིད་ཚིམས་པའི་ཆེད་དུ་དམིགས་སུ་བྱ་བ་ག་གེ་མོ་ཞིག་བསྒྲུབ་ཀྱང་མི་དགོས།རྒྱལ་ཕམ་གང་ཡིན་རུང་ཧ་ཧ་ཧུ་ཧུའི་བགད་མོའི་ཁྲོད་བཏང་སྙོམས་ངང་གནས་ན་ཧ་ཅང་སྤྲོ་སྣང་འཕེལ་ངེས་ཡིན།སྦས་མི་ཐུབ་པ་ནི་གང་ལྟར་ཀྱང་སྦས་ཐབས་མེད་ལ།ལྦུ་བ་ནི་ནམ་ཡང་ལྦུ་བ་ཡིན།དོན་འདི་ནི་ཁྱོད་དགའ་རུང་མི་དགའ་རུང་རང་འདོད་དུ་ཚོད་འཛིན་བྱེད་ཐུབ་པ་ཞིག་མིན་ནོ།།ངས་དཔེ་ཆུང་ཆུང་ཞིག་བཞག་ན།ལོ་ཉི་ཤུ་རྩ་བཞི་ལ་སོན་པའི་ན་གཞོན་ཞིག་གིས་རྒྱུན་དུ་གཏམ་བཤད་བྱེད་བཞིན་ཡོད།ཁོའི་གཏམ་བཤད་ལ་ངན་སྐུལ་གྱི་ཤུགས་རྐྱེན་ཆེན་པོ་ལྡན་པས།ཁོ་རང་ཐེངས་མང་པོར་ཐལ་མོའི་རྡེབ་སྒྲས་བསྐོར་མྱོང་།འོན་ཀྱང་གཏམ་བཤད་ཚར་རྗེས་ཐལ་མོའི་རྡེབ་སྒྲའང་མེད་པར་གྱུར།གལ་ཏེ་ཁོའི་གཏམ་བཤད་ནང་དུ་ཁོ་རང་ལ་མངའ་བའི་ཁྱད་གཤིས་དེ་མེད་ན།སྔོན་ཆད་ཁོ་ལ་ཐོབ་པའི་ཐལ་མོ་རྡེབ་སྒྲ་དང་སྔོན་ཆད་ཀྱི་གཟི་བརྗིད་སོགས་དེ་དག་ལྦུ་བ་ལྟར་མྱུར་དུ་མེད་པར་གྱུར་ཏེ།དུས་ཚོད་ཀྱི་འཁོར་འགྲོས་ཁྲོད་ཤུལ་མེད་དུ་ཡལ་ངེས་ཤིང་།དེ་ཁོའི་ལུས་ཕུང་མེད་པར་གྱུར་པའི་མྱུར་ཚད་ལས་ཀྱང་ལྡབ་མང་པོས་མགྱོགས་པ་དང་།ཡོད་ཚད་མི་རྣམས་ཀྱི་དྲན་ཤེས་ཀྱི་འགྱུར་བག་དང་བསྟུན་ནས་མྱུར་དུ་རྨེག་མེད་དུ་འགྱུར་འགྲོ་བ་ཡིན།
ང་དང་འབྲེལ་འདྲིས་བྱེད་མྱོང་བའི་མི་ཚང་མར་ངས་སེམས་འགུལ་ཐེབས་སུ་བཅུག་པའམ་ཡང་ན་འགྱུར་ལྡོག་བཏང་མྱོང་།དེ་ནི་ངའི་འཚོ་བ་རོལ་སྟངས་འདི་མ་གཞི་ནས་ཡག་པོ་ཡོད་པས་ཡིན།དེའི་ཕྱིར་ངའི་བསམ་པར་ཁྱོད་ཀྱིས་ཀྱང་རིམ་བཞིན་གནས་ལུགས་འདི་ལ་མྱོང་རོལ་བྱ་ཐུབ་སྟེ།རང་ཉིད་ལ་སེམས་ཁྲལ་བྱེད་དུ་མི་འཇུག་པར།ངེས་པར་དུ་ལུས་བདེ་སེམས་སྐྱིད་དང་ཞི་བདེ་ལྷིང་ཆགས་ཀྱི་སྒོ་ནས་འཚོ་བར་རོལ་ཏེ།སྒྱིད་ལུག་སྤངས་ནས་འབད་བརྩོན་ལྷོད་མེད་བྱེད་དགོས།དོན་དག་སྒྲུབ་དུས་ནན་ནན་ཏན་ཏན་བྱས་ན་འགྲིག་ལ་དེའི་འཇུག་འབྲས་ཐད་དེ་ཙམ་བསམ་བློ་གཏོང་དགོས་དོན་མེད།ཡག་པོ་བསྒྲུབ་ན་ཧ་ཅང་དགའ་སྤྲོ་འབྱུང་ལ་ཡག་པོ་དེ་ཙམ་མ་བྱུང་ནའང་སྐྱོན་མེད།ཁྱོད་ཀྱིས་ཀྱང་རང་གིས་སྒྲུབ་ཐུབ་པའི་ནུས་ཤུགས་ཡོད་རྒུ་བཏོན་ཐུབ་པ་ཙམ་ཡིན།སེམས་ཁམས་འདི་འདྲ་བ་ཞིག་རྒྱུན་འཁྱོངས་བྱས་ན་ཁྱོད་ཀྱིས་འཚོ་བ་ཧ་ཅང་བག་ཕེབས་ངང་རོལ་ཐུབ་པའོ།།
བསམ་བློའི་གོ་རྟོགས་ཆེན་པོ་ངོ་མ་ནི་རེ་འདོད་གང་ཡང་མེད་པ་དེ་ཡིན།དོན་ཆེན་གྲུབ་མཁན་ལ་རེ་འདོད་མེད།དེར་བརྟེན་མི་བུ་རླབས་ཆེན་ནི་ཕུགས་བསམ་མེད་ཟེར་བ་ཡིན།རྒྱུ་མཚན་ནི་རེ་འདོད་གང་ཡང་མེད་པའི་དབང་གིས་ཁོས་བྱ་བ་མང་པོ་ཞིག་བསྒྲུབས་ཡོད་ཀྱང་དོན་དུ་བྱ་བ་ཅི་ཡང་བསྒྲུབ་མ་མྱོང་བ་དང་འདྲའོ།།སྟོན་པས་བགྲང་བྱ་བཞི་བཅུ་ལྷག་ལ་ཆོས་གསུངས་ཀྱང་ཡིག་འབྲུ་གཅིག་ཀྱང་བསྟན་མེད།རྒྱུ་མཚན་ནི་ཁོང་གི་སེམས་ནང་ནམ་ཡང་བྱ་བ་དེ་དག་ལ་ཨུ་ཚུགས་འཁྲེགས་འཛིན་བྱས་མེད་དོ།།
20261108
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

