གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མདོའི་དམངས་གླུ་གཅེས་བསྡུས་ལས་སྨྲེང་གླུའི་སྐོར།༡

2008-11-03 21:29:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

      མ་མེད་ན་ཆུ་ཁོལ་འཁྱགས་པ་རེད།
སྐྱ་ས་ལེ་སྐྱ་མདའ་གཏོང་དུས་ན།།
ང་ད་ལོངས་ཟེར་བའི་ཕ་ཞིག་དགོས།།
ཕ་མེད་ན་ནམ་མཁའ་སྟོང་བ་རེད།།
 
སེར་གྱི་ལེ་ཉི་རྩེ་ཤར་དུས་ན།།
ང་ད་ཐུངས་ཟེར་བའི་མ་ཞིག་དགོས།།
མ་མེད་ན་ཆུ་འ(ཁོལ་འཁྱགས་པ་རེད།།
 
དགྲ་ནག་པོ་ཁས་ནས་འབུད་དུས་ན།།
ང་མདའ་བཟུང་ཟེར་བའི་སྤུན་ཞིག་དགོས།།
སྤུན་མེད་ན་མདའ་ཤིང་སྒྲོ་མེད་རེད།།
 
      ང་མ་མེད་བུ་མོ་མཐའ་ན་ཡོད།
འབྲོང་གི་འབྲོང་ལུང་གོང་མ་ན།།
འབྲོང་ཕ་འཛོམས་མ་འཛོམས་གཤར་ནས་ཐལ།།
ང་འབྲོང་ཕྲུག་མ་མེད་གཞུག་ན་ཡོད།།
མགོ་རུ་ཐུར་ལྡེམ་མེ་སྙིང་རེ་རྗེ།།
 
རྐྱང་གི་རྐྱང་ལུང་གོང་མ་ན།།
རྐྱང་ཕ་འཛོམས་མ་འཛོམས་འདུར་ནས་ཐལ།།
ང་མ་མེད་རྐྱང་ཕྲུག་གཞུག་ན་ཡོད།།
མགོ་རྔོག་ཆུང་ལྡེམ་མེ་སྙིང་རེ་རྗེ།།
 
དེ་རིང་ཁྲོམ་པའི་གྲལ་མགོ་ན།།
ན་ཟླ་ཕ་འཛོམས་མ་འཛོམས་རེད།།
ང་མ་མེད་བུ་མོ་མཐའ་ན་ཡོད།།
མིག་མིག་ཆུ་གོར་རེ་སྙིང་རེ་རྗེ།།
 
      དྲིན་ལན་བསབ་པའི་བུ་ཕྲུག་དཀོན།
ལ་དང་བདེ་དང་ཐུར་དང་གསུམ།།
རྟ་འདོ་བའི་ཡན་ན་དྲིན་ཆེན་མེད།།
དྲིན་ལན་བསབ་པའི་རྟ་བདག་དཀོན།།
 
ཚེ་འདི་དང་ཕྱི་མ་བར་དོ་གསུམ།།
ཕ་བླ་མའི་ཡན་ན་དྲིན་ཆེན་མེད།།
དྲིན་ལན་བསབ་པའི་ཡོན་བདག་དཀོན།།
 
གྲང་དང་ལྟོགས་དང་སྐོམ་པ་གསུམ།།
ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད།།
དྲིན་ལན་བསབ་པའི་བུ་ཕྲུག་དཀོན།།
 
       ཕ་ཨ་ཁུ་རྣམས་ལ་གླུ་རེ་ལེན།
ཕ་ཨ་ཁུ་རྣམས་ལ་གླུ་རེ་ལེན།།
ཆང་བདུད་རྩི་ཡོད་ན་སྤྱི་མོ་བྱོས།།
ཕ་ཨ་ཁུ་རི་མགོའི་(བ་ཁ)་འདྲ།།
རི་བ་ཁ་ནམ་ཐོར་ཆ་མེད་རེད།།
 
སྤུན་ན་ཟླ་རྣམས་ལ་གླུ་རེ་ལེན།།
ཟས་ཞིམ་པོ་ཡོད་ན་སྤྱི་མོ་བྱོས།།
སྤུན་ན་ཟླ་(མཐོ་རངས)་སྐར་ཆེན་འདྲ།།
བུ་སྤུན་ཁ་ནམ་ཐོར་ཆ་མེད་རེད།།
 
མ་སྲུ་མོ་རྣམས་ལ་གླུ་རེ་ལེན།།
དུས་རྒྱུན་དུ་ཕ་མར་བརྩི་བཀུར་བྱོས།།
ཁྱིམ་བཟའ་ཚང་སྡོང་མགོའི་བྱ་ཚང་འདྲ།།
ད་སྐྱིད་རུང་ནམ་སྡུག་ཆ་མེད་རེད།།
 
       བན་སེར་མོ་བསམ་པ་མེད་ནི་ཚོ།
བན་སེར་མོ་བསམ་པ་མེད་ནི་ཚོས།།
རྒྱབ་ཆོས་གོས་བཙོངས་ནས་ཤམ་ཐབས་བཟོས།།
ཆོས་གོས་བྱིན་རླབས་ཚེ་གཅིག་རེད།།
ཤམ་ཐབས་གོན་ཚད་ལོ་གཅིག་རེད།།
 
སྟག་ཤ་ར་བསམ་པ་མེད་ནི་ཚོས།།
བོའུ་ཁྲ་རིང་འདོ་རིགས་རྟ་ལ་བརྗེས།།
བོའུ་ཁྲ་རིང་གྲགས་སྐད་ཚེ་གཅིག་རེད།།
རྟ་འདོ་བའི་གོམ་པ་ལོ་གཅིག་རེད།།
 
ཡུལ་ཕ་མ་བསམ་པ་མེད་ནི་ཚོས།།
མ་བུ་མོ་བཙོངས་ནས་མཛོ་མོ་ཉོས།།
བུ་མོའི་མནའ་སྡུག་ཚེ་གཅིག་རེད།།
མཛོ་མོའི་འོ་མ་ལོ་གཅིག་རེད།།
 
      དྲིན་མ་ལོ་མེད་པའི་དྭ་ཕྲུག་ཐོགས།
སྤང་མེ་ལོང་ཁུག་གི་རྐྱང་ཕྲུག་ང༌།།
རྐྱང་མ་ལོ་ཉག་ཕྲན་མདའ་ཡིས་བསད།།
འཕྲས་ཡ་མཐས་བརྒྱབ་ཀྱང་མ་མཐས་བརྒྱབ།།
རྐྱང་ཁ་དཀར་ཐོགས་པ་དེ་དོན་ཡིན།།
 
རྫ་རོག་པོ་ཁུག་གི་འབྲོང་ཕྲུག་ང༌།།
འབྲོང་མ་ལོ་གཟར་མོ་རྦབ་ཀྱིས་བསད།།
རྭས་མ་མཐས་གཡུག་ཀྱང་མ་མཐས་གཡུག།
འབྲོང་རུ་དམར་ཐོགས་པ་དེ་དོན་ཡིན།།
 
སྤུན་ན་ཟླའི་གྲལ་གྱི་དྭ་ཕྲུག་ང༌།།
དྲིན་མ་ལོ་མི་རྟག་འཆི་བས་ཁྱེར།།
ཁྱིམ་ཨ་ཁུས་སྡིགས་ཤིང་ཕུ་ནུས་བཀར།།
ང་དྭ་ཕྲུག་ཐོགས་པ་དེ་དོན་ཡིན།།
 
       ཁྱད་མེད་གསུམ་གྱི་གླུ།
རྟ་འདོ་བའི་ན་ཚོད་ཆུང་དུས་སུ།།
རྗེ་བླ་མ་བསྐྱལ་ནས་དབུས་ལ་སོང༌།།
རུ་བཀལ་འགེལ་བྱེད་དུས་རྒན་རྒོན་བསྐྱལ།།
ལོ་ལོན་ནས་རྟ་བོ་རྒས་དུས་ན།།
གོང་རིན་ཐང་བཅད་ནས་གཞན་ལ་བཙོངས།།
དྲིན་ཕ་མ་བཙོངས་དང་ཁྱད་པར་མེད།།
 
འབྲི་ཐུལ་མ་ན་ཚོད་ཆུང་དུས་སུ།།
མར་ཆུར་བ་བླངས་ནས་བཟའ་ཚང་གསོས།།
སྨུག་གྱི་ལེ་ལྷས་ར་ནོར་གྱིས་བཀང༌།།
འབྲི་ཐུལ་མའི་ན་ཚོད་རྒས་དུས་ན།།
འབྲི་ཐུལ་མ་བཤས་ནས་དགུན་ཤ་བྱས།།
དྲིན་ཕ་མ་བཤས་དང་ཁྱད་པར་མེད།།
 
ཁྱི་ཆུང་ཆུང་ཁྱི་ལག་ཡིན་དུས་སུ།།
མཚན་ཕྱུགས་རིའི་མཐའ་ལ་སྐོར་རྒྱུག་བྱེད།།
ཉིན་སྐྱང་རེངས་སྒོ་སྲུང་མི་ངན་བཀག།
ཁྱི་རྒས་ནས་མཚེར་ལ་ལྷུང་སོང་ན།།
རུ་བཀལ་འགེལ་བྱེད་དུས་མཚེར་ནས་བསྐྱུར།།
དྲིན་ཕ་མ་བསྐྱུར་དང་ཁྱད་པར་མེད།།
 
      ཕྱིར་འཁོར་ནས་ལྟ་དོན་དེ་འདྲ་རེད།
ང་བན་ཆུང་དབུས་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་སྒར་ལ་བལྟས།།
ངའི་བཀའ་དྲིན་གསུམ་ལྡན་བླ་མ་དེ།།
སྒ་ཁྲ་(ཁའི་)ཤུལ་ན་ལུས་ནས་ཡོད།།
ཕྱིར་འཁོར་ནས་ལྟ་དོན་དེ་འདྲ་རེད།།
 
སྟག་ཤ་ར་ཇག་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་མཁར་ལ་བལྟས།།
སྡེ་གཉོམ་ཆུང་སྐྱོང་གི་དཔོན་པོ་དེ།།
མཁར་སྐྱ་མོའི་ཤུལ་ན་ལུས་ནས་ཡོད།།
ཕྱིར་འཁོར་ནས་ལྟ་དོན་དེ་འདྲ་རེད།།
 
མ་བུ་མོ་གནས་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་ཡུལ་ལ་བལྟས།།
ལོ་རྒས་པའི་དྲིན་ཅན་ཕ་མ་དེ།།
གཞི་ཕ་ཤུལ་དེ་ན་ལུས་ནས་ཡོད།།
ཕྱིར་འཁོར་ནས་ལྟ་དོན་དེ་འདྲ་རེད།།
 
       རང་བཞིན་གསུམ་གྱི་གླུ།
སྤྲིན་དཀར་ནག་གཉིས་ཀྱི་བར་མཚམས་ན།།
འཛམ་གླིང་ཉི་མ་ནུབ་ལ་ཁད།།
ཡུལ་ཕ་མ་དེ་ཡི་རང་བཞིན་རེད།།
ཟས་ཞིམ་པོ་ཡོད་ན་དེ་ལ་དྲོངས།།
 
འབྲུ་ཤུག་སྔོན་མོའི་ཡང་རྩེ་ན།།
བྱ་ཁུ་བྱུག་སྔོན་མོ་འཕུར་ལ་ཁད།།
མ་བུ་མོ་དེ་ཡི་རང་བཞིན་རེད།།
གོས་ཡག་པོ་ཡོད་ན་དེ་ལ་སྐོན།།
 
ཁྱིམ་གནས་ཁང་འདི་ཡི་མདུན་རི་ན།།
ཤིང་ལྗོན་པའི་ཡལ་ག་ཆག་ལ་ཁད།།
ནང་བཟའ་བ་དེ་ཡི་རང་བཞིན་རེད།།
ཚིག་འཇམ་པོའི་ཁ་ཏ་དེ་ལ་བྱོས།།
 
       མིག་རི་མོ་ཅན་གྱི་བུ་ཕྲུག་ཚོ།
སྐེད་གཡུ་བྱུར་འདོགས་པའི་བུ་མོ་ཚོས།།
ཁྱོད་བཀལ་འཁེལ་འཐག་གསུམ་སྦྲ་ལ་བྱོས།།
ཞེང་ཀླད་ནས་འཐོར་ན་འགྱོད་ལེ་ཅི།།
 
ལག་འུར་ཆ་འཛིན་པའི་ཕྱུགས་རྫི་ཚོས།།
ཁྱོད་ཉ་ར་འཚོ་སྐྱོང་ལུག་ལ་བྱོས།།
དཔྱིད་ནད་ངན་བྱུང་ན་འགྱོད་ལེ་ཅི།།
 
མིག་རི་མོ་ཅན་གྱི་བུ་ཕྲུག་ཚོས།།
ཁྱོད་ཁ་ལེན་ཚིག་བརྩི་ཕ་མར་གྱིས།།
ལོ་རྒས་པས་ཐུབ་ན་འགྱོད་ལེ་ཅི།།
 
      རྭ་ཆ་བརྒྱད་སྐྱེ་ས་ཤ་བོའི་མགོ
རྭ་ཆ་བརྒྱད་སྐྱེ་ས་ཤ་བོའི་མགོ།
སྐྱེ་དགོས་པ་ཤ་བོའི་བསོད་ནམས་རེད།།
ཕོག་དགོས་པ་ཤ་བོའི་སྔོན་ལས་རེད།།
 
དུང་དཀར་མོ་སྐྱེ་ས་རྒྱ་མཚོའི་གཏིང༌།།
འབུད་དགོས་པ་དུང་གི་བསོད་ནམས་རེད།།
ལེན་དགོས་པ་དུང་གི་སྔོན་ལས་རེད།།
 
མ་བུ་མོ་སྐྱེ་ས་ཕ་མའི་ཡུལ།།
སྐྱེ་དགོས་པ་ཕ་མའི་བསོད་ནམས་རེད།།
འགྲོ་དགོས་པ་བུ་མོའི་སྔོན་ལས་རེད།།
 
         འཛམ་གླིང་ཉི་མ་ཀུན་ལ་མཁོ།
འཛམ་གླིང་ཉི་མ་ཀུན་ལ་མཁོ།།
ནང་སྒོས་སུ་ཐག་རིང་མགྲོན་པོར་མཁོ།།
 
འདོ་རིགས་རྟ་བོ་ཀུན་ལ་མཁོ།།
ནང་སྒོས་སུ་ཇག་པའི་བུ་ལ་མཁོ།།
 
དྲིན་ཆེན་ཕ་ན་ཀུན་ལ་མཁོ།།
ནང་སྒོས་སུ་གནས་འགྲོའི་བུ་མོར་མཁོ།།
 
        མིག་མཆི་མ་གོར་རེ་སྙིང་རེ་རྗེ།
སྐྱ་ས་ལེ་ནམ་མཁའ་ལངས་དུས་ན།།
ལུག་འཚེར་མོ་མ་འབའ་བུ་འབའ་བྱེད།།
མ་མེད་པའི་ལུ་གུ་མཐའ་ན་འབའ།།
བལ་ཁ་ཆུན་ལྡེམ་མེ་སྙིང་རེ་རྗེ།།
 
སེར་གྱི་ལེ་ཉི་རྩེ་འཇོག་དུས་ན།།
འབྲི་ཐུལ་མས་མ་ངུར་བེའུ་ངུར་བྱེད།།
མ་མེད་པའི་བེའུ་མཐའ་ནས་ངུར།།
མགོ་བེའུ་རྭ་ལྡེམ་མེ་སྙིང་རེ་རྗེ།།
 
ནག་འཐིབས་བེ་མུན་མགོ་རུབ་དུས་ན།།
ཡུལ་ཕ་མ་མ་འབོད་བུ་འབོད་བྱེད།།
མ་མེད་པའི་དྭ་ཕྲུག་སྒོ་ཁར་ངུས།།
མིག་མཆི་མ་གོར་རེ་སྙིང་རེ་རྗེ།།
 
       རྟ་འདོ་བའི་སྤུ་རྩེ་དཀར་ནོ་འདི།
རྟ་འདོ་བའི་སྤུ་རྩེ་དཀར་ནོ་འདི།།
འདི་ཆུང་རྟགས་མ་རེད་རྒས་རྟགས་རེད།།
ལྕག་ཕྲ་མོས་མ་འབྲབ་རྟ་བདག་ཚོ།།
རྟ་རྒས་ན་ལྕག་སྣེ་ཐེག་རབས་མེད།།
 
མཛོ་ཁྱུང་དཀར་རྭ་རྩེ་རྣོ་ནོ་འདི།།
མཛོ་ཆུང་རྟགས་མ་རེད་རྒས་རྟགས་རེད།།
ཁལ་སུམ་དོ་མ་འགེལ་རྒྱུ་བདག་ཚོ།།
མཛོ་རྒས་ན་སུམ་དོ་ཐེག་རབས་རེད།།
 
ཡུལ་ཕ་མའི་སྐྲ་ལོ་དཀར་ནོ་འདི།།
ལོ་ཆུང་རྟགས་མ་རེད་རྒས་རྟགས་རེད།།
ཚིག་གནོད་ནི་མ་བཤད་བུ་ཆུང་ཚོ།།
མི་རྒས་ན་ཚིག་རྩུབ་ཐེག་རབས་མེད།།
 
       བན་སེར་མོ་ཁྱོད་ལ་ཁ་བརྡ་བྱེད།
བན་སེར་མོ་ཁྱོད་ལ་ཁ་བརྡ་བྱེད།།
ཆོས་ཀུན་རིག་བློ་ལ་འཛིན་ཡག་བྱོས།།
བན་སེར་མོ་གྲལ་ལ་ཞུགས་དུས་སུ།།
ཆོས་འདྲི་ས་ཡོད་ཀྱང་འདྲི་ཚུལ་མེད།།
 
མ་བུ་མོ་ཁྱོད་ལ་ཁ་བརྡ་བྱེད།།
ལག་ལས་ཀའི་ཕྱོགས་ལ་འབད་པ་བྱོས།།
ལག་ལས་ཀར་འབད་པ་མ་བྱས་ན།།
ཁྲ་ཀྲིག་གེར་མགྲོན་པོ་འབབ་དུས་ན།།
བློ་འདྲི་ས་ཡོད་ཀྱང་འདྲི་ཚུལ་མེད།།
 
       ཕ་བླ་མ་ཀུན་རིག་གསུང་ནི་ཚོ།
ཕ་བླ་མ་ཀུན་རིག་གསུང་ནི་ཚོ།།
གློག་དམར་པོ་འདྲ་བའི་ལྕེ་ཞིག་དགོས།།
ལྕེ་མེད་ན་ཀུན་རིག་གསུང་ཁ་དཀའ།་
 
སྟག་ཤ་ར་ཇག་ལ་འགྲོ་ནི་ཚོ།།
སྟག་དམར་ཡག་འདྲ་བའི་དཔའ་ཞིག་དགོས།།
དཔའ་མེད་ན་ཇག་ལ་འགྲོ་ཁ་དཀའ།།
 
མ་བུ་མོ་གནས་ལ་འགྲོ་ནི་ཚོ།།
དུང་གོར་མོ་འདྲ་བའི་ཁོག་ཅིག་དགོས།།
ཁོག་མེད་ན་གནས་ལ་འགྲོ་ཁ་དཀའ།།
 
      ཕ་མ་གཉིས་ཀ་འཛོམ་རྒྱུ་ན།
རྟ་ཞིག་ཡོད་དེ་སྒ་ཞིག་མེད།།
རྟ་སྒ་གཉིས་ཀ་འཛོམ་རྒྱུ་ན།།
རྟ་མང་གྲས་ནས་རྒྱུག་ན་འདོད།།
 
མདའ་ཞིག་ཡོད་དེ་གཞུ་ཞིག་མེད།།
མདའ་གཞུ་གཉིས་ཀ་ཡོད་རྒྱུ་ན།།
གཞུ་བཀུག་ནས་མདའ་ཞིག་འཕེན་ན་འདོད།།
 
ཕ་ཞིག་ཡོད་དེ་མ་ཞིག་མེད།།
ཕ་མ་གཉིས་ཀ་འཛོམ་རྒྱུ་ན།།
ཁྲོམ་པའི་གྲལ་ནས་རྩེ་ན་འདོད།།
 
     ཆོས་ཀུན་རིག་རང་གི་འགྲོ་རོགས་རེད།
བན་སེར་མོ་དབུས་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་སྒར་ལ་བལྟས།།
སྒར་ལ་མ་ལྟ་ཆོས་ལ་ལྟོས།།
ཆོས་ཀུན་རིག་རང་གི་འགྲོ་རོགས་རེད།།
 
སྟག་ཤ་ར་ཇག་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་སྡེ་ལ་བལྟས།།
སྡེ་ལ་མ་ལྟ་བོའུ་ལ་ལྟོས།།
བོའུ་ཁྲ་རིང་རང་གི་འགྲོ་རོགས་རེད།།
 
མ་བུ་མོ་གནས་ལ་འགྲོ་དུས་སུ།།
ཁ་ཕྱིར་ལ་འཁོར་ནས་མ་ལ་ལྟོས།།
མ་ལ་མ་ལྟ་གཡུ་ལ་ལྟོས།།
གཡུ་བྱུ་རུ་རང་གི་འགྲོ་རོགས་རེད།།
 
     ནང་མ་སྲུ་འཚོགས་ན་འཐུང་རྐྱང་རེད།
ཕ་བླ་མའི་བསམ་པ་དཀར་པོ་རེད།།
ཤོག་བུ་དཀར་པོ་ཆོས་ལ་བསྒྱུར།།
ནང་བན་ཆུང་འཚོགས་ན་འདོན་རྐྱང་རེད།།
 
ཨ་ཁུའི་བསམ་པ་དཀར་པོ་རེད།།
འབྲོང་རྭ་སྨུག་པོ་གཞུ་ལ་བཀུག།
བུ་དཔའ་བོ་ཡོང་ན་འཕེན་རྐྱང་རེད།།
 
ཨ་ནེའི་བསམ་པ་དཀར་པོ་རེད།།
ནས་རིགས་སྔོན་མོ་ཆང་ལ་བསྒྱུར།།
ནང་མ་སྲུ་འཚོགས་ན་འཐུང་རྐྱང་རེད།།
 
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།