གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་སེང་ཆེན་སྐྱེས་པའི་རྟོགས་པ་བརྗོད་པ་ལས་འཁྲུངས་གླིང་མེ་ཏོག་ར་བ་ཞེས་བྱ་བ་བཞུགས་སོ།། (ཚན་བཤུས།)

2010-08-16 07:30:00 དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས ཀློག་གྲངས། མཆན ཡོད།

རྒྱ་ཚའི་སྐུ་ལས་ཟླ་བ་ཡར་ངོ་ལྟར་ཟླ་རེ་ལས་ཀྱང་ཟླ་རེ་སྐུ་ཕུང་བསྐྱེད་ཆེ་བར་བྱུང་སྟེ། སྐུ་ཚད་རྫོགས་པ་ན། རྒྱ་མི་ཆེན་གྱིས་ཚ་བོ་གསུམ་མགྲོན་དུ་བོས་ནས། ས་ཐམ་འཇང་གི་སྲས་པོ་ཉི་ཁྲི་སྐར་ཆེན།  ཨ་ཆེན་ཧོར་གྱིས་སྲས་ལྷ་བུ་ལེགས་པོ།  གདོང་འབུམ་པ་རྒྱ་ཚ་ཞལ་དཀར་བཅས་ཚ་བོ་གསུམ་ལ།  གཞན་ལ་མེད་པའི་ཁྱད་ནོར་མང་པོ་དང༌། རྟ་རེ་དང་གྲི་རེ།  ཁྲབ་རེ་གཙོས་གསེར་དངུལ་ཇ་དར་སོགས་ཚན་གྲངས་བརྒྱ་རེ་གནང་སྦྱིན་མཛད་ནས།  ཚ་བོ་བསམ་དོན་འགྲུབ་རྒྱུ་གསུམ།།
སྙན་དར་ལུང་མ་ཡེངས་གླུ་ལ་ཉོན།།
དོན་འབྲས་བུ་མ་བརྗེད་ཡིད་ལ་ཟུངས།།
ཡང་དག་པའི་གཏམ་ཚིག་གསུམ་ཡོད་གསུངས་ནས།  གསུང་ཁུ་བྱུག་གི་གདངས་ལ་དྲངས་ནས་གླུ་འདི་ལྟར་བླངས་སོ།།
འོ་ན་ཡང༌། ཨ་ལ་གླུ་ཡི་ལེན་ལུགས་རེད།། ཐ་ལ་ངག་གིས་འགུག་ལུགས་རེད།།
སྐྱབས་བསླུ་མེད་རིན་ཆེན་རྣམ་གསུམ།། མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས།།
ས་འདི་ཡི་ས་ངོ་མ་ཤེས་ན།། རྒྱ་རྗེ་འཕྲུལ་གྱི་ཕོ་བྲང་རེད།།
དགུང་ཨ་སྔོན་ཁེབས་པའི་ཆེ་ཞེང་དང༌།།  ས་དོག་མོ་ཆགས་པའི་གཞི་མ་ལ།།
ང་རྒྱ་ནག་ཁྲིམས་ཀྱི་བདག་པོ་ཡིན།། དེ་ནས་ང་ལ་ཉན་རྒྱུ་ལ།།
གནའ་མི་གཏམ་ལ་འདི་འདྲ་ཡོད།།  རི་རབ་རྒྱ་མཚོ་དཔོན་པོ་གསུམ།།
གཡོ་འགུལ་མེད་པར་བརྟན་ན་བཟང༌།། གཏམ་དང་འདུན་མ་ཉག་ཕྲན་གསུམ།།
ཡོ་འཁྱོགས་མེད་པར་དྲང་ན་བཟང༌།། གྱོད་དང་གཞུ་མོ་ཞགས་པ་གསུམ།།
གར་འཐེན་ས་ལ་འཁྱོགས་ན་བཟང༌།།  སྡེ་ཆེན་གཡོ་འཁྲུགས་ཡོང་བའི་ཚེ།།
དཔོན་ཆེན་པོ་མི་འགུལ་བརྟན་དགོས་ལགས།། རྒྱ་ནག་པོའི་ཕ་རུས་དུང་ལས་དཀར།།
དེ་བཅད་གཞོག་མི་ཡོད་གསེར་དང་འདྲ།།  རྟ་རྒྱ་བྱ་རྨ་བྱ་ཆུ་བྱ་གསུམ།།
ཤར་རྒྱ་ནག་ཡུལ་གྱི་རྟ་གཡང་ཡིན།།  ངས་ཚོ་བོ་གསུམ་ལ་ཞོན་རྟ་འབུལ།།
དུང་ཁྲབ་དཀར་མོ་རྒྱང་ཡག་གཅིག།  གཡུ་ཁྲབ་སྔོན་མོ་སྟོང་ཐུབ་གཉིས།།
ལྕགས་ཁྲབ་ནག་པོ་ཐོག་འགོག་གསུམ།།  མི་མིན་ལྷ་ཡིས་འཕྲུལ་བཟོ་ཡིན།།
མཚོན་སྔོན་མོས་མི་ཆོད་སྲོག་གི་མཁར།།  དཔའ་ཞལ་ལུ་ཉི་ཁྲི་ལྷ་བུ་གསུམ།།
ལུས་མི་འཇིག་སྲིག་གི་བཙན་རྫོང་སྦྱིན།།  ཤར་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ནས།།
བྱ་ཤང་ཤང་གསུམ་དེ་ལྕགས་ཕྱེས་གསོས།། ལྕགས་ཕྱེ་ཡར་ལ་སྐྱུགས་པ་དེ།།
ནམ་ཡར་ལངས་སྐྱ་རེངས་ཤར་བའི་དུས།། སྲིན་པོའི་མགར་བས་བརྡུངས་པ་ཡིན།།
གྲི་དགུ་ཟི་ནམ་མཁའ་སྐྱ་རེངས་བཏགས།།  ཕོ་ལྕགས་ཁྲོ་ཆུ་ཁོལ་འདྲ་བརྡུངས།།
མོ་ལྕགས་རྣོ་ལྕགས་ངར་མ་བརྡུངས།།  བུ་ལྕགས་གློག་ཞགས་འཁྱུགས་འདྲ་བརྡུངས།།
བཀྲ་རི་མོ་ཆུ་གཉེར་བབས་འདྲ་ཡོད།།  འདི་བཟུང་ན་ཕར་རྒོལ་ཟིལ་གྱིས་ནོན།།
གཡུགས་ན་བྲག་རི་ཐལ་བར་གཏོང༌།། ཡང་ལྕགས་ཕྱེ་མར་ལ་འགྲིམས་པ་དེ།།
ཡམ་ཤུད་བཙན་གྱི་མགར་བ་དེས།།  ནུབ་མུན་པའི་སྨག་ལ་བརྡུངས་པ་ཡིན།།
གྲི་ཨ་ཟི་དུག་རལ་འབར་བ་ཟེར།། ལྟག་པ་སྐྱ་རེངས་ཤར་འདྲ་ཡིན།།
སོ་ཁ་མུན་པ་འཐིབས་འདྲ་ཡིན།།  ཐོག་རི་མོ་རྒྱ་མཚོ་འཁྱིལ་འདྲ་ཡོད།།
ངར་ལྕགས་སྲིན་པོ་ཁྲོས་འདྲ་ཡིན།།  གཉེན་ལྕགས་མདུད་པ་བརྒྱབ་འདྲ་ཡིན།།
གཡུགས་ན་དགྲ་སྲོག་གཅོད་ལ་རྔམས།།  ཧོར་ལྷ་འུ་ལེགས་པ་ཁྱོད་ལ་འབུལ།།
ལྕགས་ཁོག་པའི་ནང་ནས་ལུས་པ་དེ།།  ཐོ་རངས་མགར་བས་བརྡུངས་པ་ཡིན།།
ཁྲོ་ཚ་ཁྲོ་བརྡུངས་བྱས་པ་ཡིན།།  ངར་ཆུ་སྲིན་པོའི་ཁྲག་ལ་བྱས།།
གྲི་ལྟག་ཡག་པས་དགྲ་ལྷ་འཁོར།།  དགྲ་ལྷའི་གཟི་མདངས་ལམ་མེ་ཡོད།།
སོ་ཁ་ནག་ལ་གཤིན་རྗེ་འཁོར།།  སྲོག་གཅོད་དུག་རླངས་འཐིབས་སེ་ཡོད།།
བཀྲ་རི་མོ་ཆུ་གཉེར་འཁྱིལ་འདྲ་ཡོད།།  ཆུ་བོའི་གཞུང་ལ་བརྒྱབ་པའི་ཚེ།།
རླུང་གྲི་ཆུ་བོ་ཡར་བསྒྱུར་ཟེར།།  སྨད་རྒྱ་ནག་ཡུལ་ན་ཡོད་པའི་དུས།།
རྒྱ་གྲི་མུ་ཟི་སྐམ་འཕྲུལ་ཟེར།།  གླིང་འབུམ་པ་རྒྱ་ཚའི་ཕ་གྲི་བྱོས།།
གསེར་དངུལ་དར་གྱི་ལེ་ཚན་དང༌།།སྣ་ཚོགས་ཇ་ཡི་འབུལ་བ་སོགས།།
བརྒྱ་འབུལ་རེ་རེའི་དགའ་སྟོན་ཡོད།།དེ་ཚ་ཞང་ཐུག་པའི་མཇལ་སྟོན་ཡིན།།
ཡུལ་གླིང་བའི་སྲིད་དབང་འཛིན་པའི་དུས།།བཙན་པོ་རྣམས་ཀྱིས་གཉའ་གནོན་དང༌།།
ཉམ་ཆུང་སྐྱོང་བའི་ཕ་མ་བྱོས།།  ལས་བདེན་རྫུན་སྨྱུག་མ་གཤགས་འདྲ་བྱོས།།
བློ་ཤེས་ཅན་སྐྱ་རེངས་ལངས་འདྲ་དགོས།།  ཐབས་ཤེས་རབ་ཉི་མ་ཤར་འདྲ་དགོས།།
ཇུས་གྲུ་བཞི་ས་ཆུ་དྲོས་འདྲ་བྱོས།།  ལས་ཨུ་ཚུགས་གཅིག་པོས་འགྲུབ་པ་མིན།།
ཁྲིམས་ཉེ་རིང་མེད་མཉམ་སྐྱོངས་བྱོས།།  རང་དགའ་སའི་ངོ་འཛིན་བྱེད་མི་ཉན།།
རྒྱུ་ནོམ་པའི་མང་ཉུང་བསམ་མི་རུང༌།།  གནའ་མིའི་གཏམ་ལ་འདི་འདྲ་ཡོད།།
རོང་ལོ་དགུ་འགྲིམས་པའི་ཁྱུང་དཀར་མཛོ།། ཁལ་ལྗིད་མོས་རྒྱབ་ཤ་གཅོད་མི་བསམ།།
ཚོང་འགྲོ་གྲངས་མང་ན་གོ་ཐང་མེད།།  ཇག་ཐེངས་དགུ་སོང་བའི་འདོ་རིག་རྟ།།
ལྕགས་ཚ་མོས་རྒྱབ་དེད་མི་བསམ་སྟེ།། ཇག་འགྲོ་གྲངས་མང་ན་ཁྲིག་བཞག་མེད།།
མདའ་ཐེངས་དགུ་བཞག་པའི་ཤོག་པ་ལ།། ཞེ་བསམ་པས་གནོད་སེམས་ག་ལ་འཛིན།།
སྡེའི་ལར་རྒྱ་བརྩད་ན་གོ་ཐང་མེད།། ངའི་རྒྱ་ནག་སྙིང་བཅུད་ཚ་བོ་གསུམ།།
གཉེན་ཉེ་ལ་ནང་འཁྲུགས་འོང་བསམ་མེད།། སྡེ་ཆེན་པོ་འཁྲུགས་ན་ལ་ཐང་མེད།།
བློ་མི་འཁྲུགས་སེམས་ལ་འཛིན་རྒྱ་ལ།།  བུ་སྤུན་གསུམ་སྐུ་ཚེ་རིང་བར་ཤོག།
མཚོན་རིགས་གསུམ་ཤུབས་ནས་མཉམ་འདྲེན་བྱོས།།  རྟ་སྤུན་གསུམ་ཁ་རར་མཉམ་འདོགས་བྱོས།།གླུ་གོ་ན་ཞང་བོའི་ཁ་ཏ་ཡིན།། མ་གོ་གླུ་ལ་འགྲེལ་བ་མེད།།རྒྱལ་སྲས་གསུམ་གྱིས་ཐུགས་ལ་ཟུངས།།  ཞེས་གསུངས་ནས་ཚད་མེད་པའི་དགའ་སྤྲོའི་ངང༌།  རྒྱལ་སྲས་གསུམ་དང་བློན་འཁོར་རྟ་དྲེལ་བཅས་སོ་སོ་རང་གི་ཡུལ་དུ་བདེ་བར་ཕེབས་སོ།།  

རྩོམ་ཁུངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།