གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚར་གཏམ་གཅེས་བཏུས།

2014-06-09 07:24:00 ས་སྐྱ་བ་བསོད་ཚེས་བཏུས་ཤིང་བསྒྲ ཀློག་གྲངས། མཆན ཡོད།

           
            རྫུན་མི་ཤེས་པའི་བྱིས་པ་ལོ་བརྒྱད།

  ཨ་མ་ཕྱི་ལ་ཕྱིན་པས་བུ་གཉིས་པོས་མར་བརྐུས་ཏེ་མར་སྤགས་ཡིད་ཚིམས་པ་ཞིག་བཟས། བུ་རྒན་པས་ཆུང་བར་དེ་དོན་ཨ་མས་མ་ཤེས་པ་བྱ་དགོས་པའི་ཁ་ཏ་ལན་མང་བྱས། ཨ་མ་ལོག་ཡོང་སྟེ་ཁྱིམ་གྱི་སྒོར་འཛུལ་མ་ཐག་བུ་ཆུང་བས་སེམས་རྩ་འཁོལ་པོའི་ངང་ནས་ཨ་མ་ལགས་དེ་རིང་ང་དང་ཨ་ཇོས་མར་བརྐུས་མེད་ཅེས་བཤད།།

           འགན་འཁྲི་མེད་པའི་ཁྱོ་ག
  སྐྱུར་དད་ཆེ་ལ་སྐྱུར་འགོང་མང་བའི་ཁྱོ་གས་རྣམ་ཀུན་ཆང་འཐུང་ཤོ་རྒྱག་གི་ལས་ཀ་ཁོ་ན་བྱས་ཏེ་ཁྱིམ་ཚང་གི་དོན་དག་ཆེ་ཆུང་ཚང་མར་འཐུས་ཤོར་ཡོང་གི་ཡོད། ཆུང་མས་དེ་འདྲ་མ་བཟོད་པས་ཁོ་ཆང་གིས་རྦད་དེ་བཟི་བའི་དུས་ཤིག་ལ་མིག་ཆུ་ནར་ནར་གྱིས་ཨ་ཇོས་རྟག་པར་དེ་འདྲ་བྱས་ཏེ་བསྡད་ན་ནང་འདིའི་འགན་སུས་འཁྱེར་གྱི་རེད་དམ་ཞེས་དྲིས་པར་ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ནང་གི་འགན་ཀ་བས་འཁྱེར་གྱི་རེད་ཅེས་ལན་བཏབ།།

          དབང་ཤེད་ཅན་གྱི་ཁྱོ་ག
  སྐྱུར་འགོང་ཚ་ལ་དབང་ཤེད་ཆེ་བའི་ཁྱོ་གས་ཆང་གིས་བཟི་ཚེ་རྒྱུན་གཏན་ནས་ཆུང་མར་དོན་མེད་ཀྱི་བརྙས་བཅོས་མང་པོ་བཤད་ཀྱི་ཡོད། ཁོ་ཆང་གིས་བཟི་སྟེ་ནང་ལ་ལོག་ཡོང་སྐབས་ཁྱིམ་གྱི་སྒོར་འཛུལ་མ་ཐག་མོ་རེ་ཐུག་པར་ཚ་ཞན་དྲགས་འདུག་ཟེར། ཆུང་མས་ད་ལྟ་ཐུག་པ་བསྐོལ་རྒྱུ་ཡིན་བྱས་པས་ཁོས་བསྐོལ་རྒྱུ་ཡིན་ཡང་ཞན་དྲགས་འདུག་ཅེས་བཤད། དེ་ནས་ཁོས་མོ་རེ་ཁྱོད་ཕྱིན་ནས་ཁྱི་མ་གིར་རྩ་སྟེར་ཤོག་ཟེར། ཆུང་མས་ཁྱིས་རྩ་བཟའ་ཡི་མི་འདུག་བྱས་པས་ཁོས་འོ་ན་ང་བཟའ་དགོས་རེད་དམ་ཞེས་བཤད། དེ་རྗེས་ཁོས་མོ་རེ་ང་ལ་ཉལ་ས་བཟོས་ཤིག་ཟེར། ཆུང་མས་ཉལ་ས་ད་ཅི་ནས་བཟོས་ཚར་བྱས་པས་ཁོས་གྱང་ལ་མཛུབ་མོ་བཙུགས་ཏེ་ང་ལ་ཉལ་ས་འདི་རུ་བཟོ་དགོས་ཅེས་ཆུང་མར་རྙོག་དྲ་བཤད།།

           སྐྱུར་འགོང་།
  ཁྱིམ་ཚང་ཞིག་ལ་མི་སྐྱུར་འགོང་ཚ་པོ་ཞིག་ཡོད་པས་ནམ་རྒྱུན་ཁོ་ཆང་གིས་བཟི་སྟེ་ལོག་ཡོང་ན་ནང་མི་གཞན་དག་རྣམས་ཁོ་ལ་སྐྲག་སྟེ་སྡོད་དགོས་ཀྱི་ཡོད། མཚམས་རེ་ཁོས་རྙོག་དྲ་དེ་འདྲ་བཟོ་ཡི་ཡོད་དེ། ཁོ་བཟི་ནས་ལོག་ཡོང་ན་གདན་ཁྲིའི་ཐོག་ཏུ་བསྡད་རྗེས་གདངས་དབྱངས་རིང་པོའི་ཐོག་ནས་ཧ་རོགས་ཡ་ཟེར། དེས་ན་ནང་མི་ཚང་མ་སྐྲག་སྟེ་ཁ་རོག་གེར་སྡོད་ཀྱི་ཡོད། དེ་རྗེས་ཁོས་ཧུ་ཡུགས་ཟེར་བས་ནང་མི་ཚོ་སྔར་བས་ཁུ་སིམ་མེར་སྡོད་དགོས་ཀྱི་ཡོད། མཐའ་མཇུག་ཁོས་སྐད་ཤུགས་ཆེན་པོས་ཤི་རི་རི་ཞེས་ཟེར་གྱི་ཡོད་པས་ནང་མི་ཚང་མ་དབང་མེད་དུ་བགད་མོ་ཤོར་འགྲོ་ཡི་ཡོད། དེ་མ་ཐག་ཁོས་རྙོག་དྲ་འགོ་བཙུགས་ཏེ་འདི་ལྟར་ཟེར་གྱི་ཡོད། ཧ་རོགས་བྱས་ན་གང་ཡང་མི་ཟེར། ཧུ་ཡུགས་བྱས་ན་གང་ཡང་མི་ཟེར། ཤི་རི་རི་བྱས་ན་བགད་མོ་དགོད་ཀྱི་འདུག་པས། ང་བསྡད་པ་ལས་ཤི་བར་ཁྱོད་ཚོས་དགའ་བ་བྱེད་ཀྱི་འདུག་པས་ང་ཤི་བར་འགྲོ་ཡི་ཡིན་ཟེར་ཤོར་ཤོར་བྱེད་ཀྱི་ཡོད་པས་ནང་མི་ཚང་མས་ཁོ་འཇུས་ཏེ་ཞུ་བ་མི་འབུལ་རང་འབུལ་ལ་ཐུག་གི་ཡོད།                     

           སྣང་བ་འཁྲུལ་བའི་ར་བཟི་བ།
  བཀྲིས་ཆང་གིས་ཡོངས་སུ་བཟི་ཞིང་སྣང་བ་འཁྲུལ་ཡོད་ཀྱང་གོམས་གཤིས་ཀྱི་དབང་གིས་གྲོགས་པོ་ཚོའི་ལྐོག་ཏུ་བར་གསེང་ལ་གཅིག་པུར་འཁྱར་འཁྱོར་ངང་ནང་ལ་ལོག་ཁུལ་བྱས། འོན་ཀྱང་ཁོ་ཆང་གིས་བཟི་ཤུགས་ཆེ་བས་ལམ་བར་དུ་འོག་ཆུ་ཡོད་སའི་ཁང་པ་ཞིག་གི་རྒྱབ་ཏུ་གན་རྐྱལ་ངང་གཉིད་དུ་ཤོར། མཚན་གུང་ལ་ཆར་པ་བབས་པས་འོག་ཆུའི་ཆུ་ཐད་ཀར་ཁོའི་ཁ་ནང་ལ་འཛུལ། འོན་ཀྱང་བཀྲིས་ཀྱི་སྣང་བ་འཁྲུལ་ཡོད་པས་ཁོས་གྲོགས་པོ་ད་ང་རྦད་དེ་བཟི་སོང་ཨུ་བླུགས་དགུ་བླུགས་མ་བྱེད་རོགས་ཟེར། དེ་ནས་ཆར་པ་དང་འོག་ཆུ་ཆད་མཚམས་སུ་བཀྲིས་སྐྱུག་པ་མང་པོ་ཤོར། ལྟོ་འཚོལ་དུ་ཡོང་བའི་སྲང་ཁྱི་ཞིག་གིས་ཁོའི་སྐྱུག་པ་དང་ཁ་དང་འགྲམ་པར་ལྕེ་ལྡག་བྱས་པས་བཀྲིས་ཀྱི་སྣང་བར་སྲང་ཁྱི་གྲོགས་པོར་འཁྲུལ་ཏེ་གྲོགས་པོ་རང་སྐྱིད་པོ་བྱས་ཏེ་འཐུངས། ངའི་ཁ་ང་རང་གིས་ཕྱིས་ཆོག་ཟེར། ཡུད་ཙམ་ནས་ཁོ་ཡར་ལངས་ཏེ་མུ་མཐུད་དུ་ཁྱིམ་གྱི་ཕྱོགས་སུ་འགྲོ་ཁུལ་བྱས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁོའི་སྟོད་གོས་ལམ་འགྲམ་གྱི་ལྕང་མར་འཁོན། སྣང་བ་འཁྲུལ་བའི་བཀྲིས་ཀྱིས་མདུན་དུ་ཁོ་ན་འཐེན་ཞིང་ཕྱིར་འཐེན་གོམ་པ་གང་ཡང་མ་བྱས་པར་གྲོགས་པོ་ད་ང་གཏོང་རོགས་ང་རྦད་དེ་བཟི་འདུག རྗེས་མར་ང་ཚོ་སྐྱིད་པོ་བྱས་ནས་འཐུང་ཆོག་ཟེར་ཞིང་ནམ་མ་ལངས་བར་ལྕང་སྡོང་ལ་སྐད་ཆ་ལྡབ་ལྡིབ་སྨྲས་ནས་བསྡད།།

           འུ་ཐུག་པའི་སྨོན་ལམ།
  ཕ་ཡུལ་གཙང་ནས་ཡིན་པའི་མི་ཞིག་ལྷ་སར་ཇོ་བོ་མཇལ་བར་ཕྱིན་པ་དང་། དེ་ཉིན་ཆོས་མཇལ་བའི་གྲལ་སྟར་ཁྲོད་དུ་གྲྭ་བཙུན་དང་ཁམས་པ་མང་པོ་མཉམ་དུ་སྟབས་འཁེལ་བས་དེ་དག་གིས་རང་རང་ཤེས་ཚོད་ཀྱིས་སྐྱབས་འགྲོ་དང་སྨོན་ལམ། བསྟོད་པ་ཅི་རིགས་སྐད་ཤུགས་མཐོ་ལ་བར་མ་ཆད་པར་ཞལ་འདོན་བྱས། འོན་ཀྱང་གཙང་གི་ཨ་ཇོ་དེས་ཨོཾ་མ་ཎི་པདྨེ་ཧཱུཾ་ཁོ་ན་ལས་ཤེས་ཀྱི་མེད་པས་སེམས་ལ་ཕྲག་དོག་དང་མི་བདེ་བའི་སྣང་བ་ངང་གིས་སྐྱེས་ཏེ་རང་གི་ལག་ནང་གི་མཆོད་རྐོང་ཆེ་ཙམ་དེར་བལྟ་ཞོར་དུ་ཇོ་བོ་རིན་པོ་ཆེ་མཁྱེན་ཁ་མཁས་ལོས་ལ་མ་གཟིགས་རོགས་མཆོད་རྐོང་ཆེ་ལོས་ལ་གཟིགས་རོགས་གནང་ཞེས་སྨོན་ལམ་བརྒྱབ།།

           མཱ་ཅང་།
  ནམ་རྒྱུན་གྱི་དུས་ཚོད་མང་ཆེ་བ་མཱ་ཅང་ཁོ་ནར་མགོ་འཁོར་ནས་སྡོད་མཁན་གྱི་མི་ཞིག་ཉིན་གཅིག་སྦག་རོགས་འགའ་དང་མཉམ་དུ་མཆོད་མཇལ་བྱེད་པར་ཕྱིན། ལྷ་ཁང་གི་ནང་དུ་སླེབས་རྗེས་ཁོས་རང་གི་ལག་ནང་གི་མཆོད་མར་བཞུར་མ་ཇ་དམ་གང་པོ་དེ་དཀོན་གཉེར་ལ་སྤྲད་རྗེས་སྐུ་ཞབས་ལགས་འདི་ནས་ཟ་ཐིགས་ཤིག་སྐྱོན་རོགས་གནང་ཞེས་ཐལ་བས་ཁོའི་རོགས་པ་རྣམས་གད་མོ་དབང་མེད་དུ་ཤོར།། ༼དོན་དུ་མཆོད་ཐིགས་སྐྱོན་རོགས་ལབ་དགོས་ཀྱང་ཁོས་མཱ་ཅང་རྒྱག་སྐབས་ཀྱི་རྒྱུན་སྤྱོད་སྐད་ཆ་ཟ་ཐིགས་སྐྱོན་རོགས་གནང་ཞེས་ཐལ་ནོར་བྱུང་།

           ཨ་མ་འར་དུང་།
  ཉིན་མོའི་དུས་ཚོད་ལ་མཱ་ཅང་ཁོ་ན་རྒྱག་མཁན་གྱི་ཨ་མས་མཚན་གུང་ལ་རང་གི་མལ་སར་བཅུག་ཡོད་པའི་ཕྲུ་གུའི་སྣ་ཡི་ཨི་ཁུང་གཉིས་ལག་པས་ཕུར་ཕུར་བྱེད་བཞིན་འར་དུང་འར་དུང་ཞེས་གཉིད་ལབ་བརྒྱབ་པས་ཕྲུ་གུ་དབུགས་སུམ་ཐེབས་ནས་གཉིད་ལས་ཧར་སད་བརྒྱབ།།

          གླེན་རྟགས་ཅན་གྱི་འབྲོག་པ།
  གཙང་སྟོད་ཀྱི་འབྲོག་སྡེ་ཆེན་པོ་ཞིག་ནས་མི་ཚེ་ཕྱེད་ཀ་རྫི་བོ་བྱས་པའི་ཨ་ཇོ་ཚེ་ཕུན་ཐེངས་ཤིག་ཆོས་གྲོགས་འགའ་དང་ལྷན་དུ་ལྷ་སར་ཆོས་མཇལ་དུ་འགྲོ་སྐལ་བྱུང་། དེ་ཉིན་ཁོ་ཚོ་ཕོ་བྲང་པོ་ཏ་ལའི་ཡང་རྩེར་བྱོན་པ་དང་ཨ་ཇོ་ཚེ་ཕུན་གྱིས་ལྷ་སའི་ཡུལ་ལྗོངས་ཀུན་ལ་ཐུར་བལྟ་ཞིག་བྱས་རྗེས་ཨ་ཙི་ལྷ་ས་ཟེར་བ་འདི་ང་ཚོའི་གཡུ་ལུང་འབྲོག་སྡེ་ལས་རྒྱ་ཆེ་བ་འདུག་ཅེས་ཧ་ལས་པའི་སྐད་ངན་ཞིག་ཤོར། དེ་ནས་ཁོ་ཚོས་ལྷ་སའི་ཁྲོམ་གཞུང་གང་སར་བསྐོར་བསྐོར་བས་དུས་ཚོད་གང་འཚམ་སོང་རྗེས་རོགས་པ་ཚོ་དང་ཁ་འཐོར་ཏེ་ཨ་ཇོ་ཚེ་ཕུན་གཅིག་པུ་ཡ་གྱར། དངང་འཚབ་ལངས་པའི་ཨ་ཇོ་ཚེ་ཕུན་གྱིས་བར་བསྐོར་གྱི་ཚོང་པ་མཐོང་ཚད་ལ་གཡུ་ལུང་གི་ཨ་ཁུ་བཀྲིས་ཁོ་ཚོ་མཐོང་མ་བྱུང་ངམ་ཞེས་སྐད་ཆ་དྲིས། རོགས་པ་ཚོ་གཏན་ནས་མ་རྙེད་པས་ཨ་ཇོ་ཚེ་ཕུན་དེ་བས་ཀྱང་སེམས་འཚབ་སྐྱེས་ཏེ་རྒྱུག་རྒྱུག་པའི་མཐའ་མར་མིག་ཁྲུལ་ཏེ་གྱོན་གོས་ཚོང་ཁང་མདུན་གྱི་འགྱིག་མི་གོས་གཡོགས་པ་ཞིག་གི་ལག་པ་ནས་འཇུས་ཏེ་རྒན་ལགས་སྐུ་མཁྱེན་ང་འབྲོག་པ་རྒས་པོར་སྙིང་རྗེ་བྱས་ཏེ་གནས་ཚང་ཨ་ཅག་དབྱངས་ཅན་གྱི་སར་བསྐྱལ་རོགས་གནང་ཞེས་ཞུ་བ་ཕུལ། གནས་ཡུལ་ཁ་གསལ་ཤོད་རྒྱུ་མེད་པས་དེ་རྗེས་ཁོ་ལ་རོགས་པ་བྱེད་མཁན་བྱུང་ཡང་དེའི་དགོང་མོར་གནས་ཚང་དེ་རྙེད་ཐབས་མེད་པས་མི་ཚོས་ཁོ་མགྲོན་ཁང་ཕལ་པ་ཞིག་གི་ནང་དུ་ཞག་གཅིག་སྡོད་དུ་བཅུག ཁོ་བློ་བདེ་པོ་རང་མ་བྱུང་མོད་དེ་གར་ཉལ་ནས་བསྡད་ཀྱང་གློག་གསོད་མ་ཤེས་པས་གོམས་གཤིས་ཀྱིས་གཉིད་ནི་རྩ་ནས་མ་ཤོར་བས་མཐའ་མར་ཁོས་རང་གི་སྒྱེ་མོའི་ནང་ནས་ཐང་རྐྱལ་བཏོན་རྗེས་ཤེལ་ཏོག་ལ་གཡོགས་ནས་ཉལ་བསྡད།

           སྙན་དབྱངས་ཕོ་ཉའི་ལེ་ཚན།
  དྲན་རྒྱུ་རྒོད་ལ་མི་གཞན་ལ་ངན་པ་བྱེད་རྒྱུར་དགའ་བའི་ཨ་ཇོ་ཚེ་རིང་གིས་ཐེངས་གཅིག་སྙན་དབྱངས་ཕོ་ཉའི་ཐད་གཏོང་ལེ་ཚན་ལ་བཞུགས་པ་རེད། ཁ་པར་འབྲེལ་མཐུད་བྱུང་རྗེས་གཙོ་སྐྱོང་པས་སྔར་རྒྱུན་བཞིན་གསན་པ་པོ་སྐུ་ཁམས་བཟང་ཁྱེད་རང་མཚན་ལ་ག་རེ་ཞུ་ཡི་ཡོད་ཅེས་དྲིས་པས་ན་ཁོས་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་ང་མཚན་ལ་གཉིད་ཉལ་གྱི་ཡོད་ཅེས་ལན་བཏབ། དེ་མུར་གཙོ་སྐྱོང་པས་འོ་ན་ཁྱེད་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་ཅེས་དྲིས་པར་ཁོས་གཞི་ནས་ལན་དྲང་པོར་བཏབ། དེ་རྗེས་ཀྱི་དྲི་བ་ནི་ད་ལྟ་ཁྱེད་རང་གིས་ཞལ་པར་གང་ནས་གནང་གི་ཡོད་ཟེར་བ་དེ་རེད། དེར་ཨ་ཇོ་ཚེ་རིང་གིས་སྔར་ནས་གྲ་སྒྲིག་བྱས་ཟིན་པའི་ལན་ཏེ་ངས་ཁ་པར་ནང་ནས་རྒྱག་གི་ཡོད་ཅེས་བཤད། གཙོ་སྐྱོང་པས་ལམ་སེང་སྐད་ཆ་གོ་བདེར་བཏང་ཁུལ་གྱིས་འོ་ན་ཁྱེད་རང་ད་ལྟ་གང་དུ་བཞུགས་ཡོད་དམ་ཞེས་དྲིས་པར་ཁོས་ང་ད་ལྟ་གདན་ཁྲིའི་ཐོག་ཏུ་བསྡད་ཡོད་ཅེས་ཟེར། གཙོ་སྐྱོང་པ་འུ་ཐུག་སྟེ་འོ་ན་ཁྱེད་རང་ས་གནས་དང་རྫོང་གྲོང་བརྡལ་སོོགས་གང་དུ་ཡོད་མེད་གསལ་པོ་གསུང་རོགས་ཅེས་བཤད་པས་ན་ད་གཟོད་ཁོས་ལན་དྲང་པོར་བཏབ། དྲི་བ་གསུམ་པར་གླུ་གཞས་སུ་ལ་འབུལ་རྒྱུ་ཡིན་མིན་དྲིས་པས་ན་ཁོས་ས་ཕྱོགས་གང་སར་ཡོད་པའི་བདག་གི་ཕ་མ་དང་བུ་བུ་མོ་ལ་འབུལ་རྒྱུ་ཡིན་ཟེར་ནས་འཛམ་བུ་གླིང་ཚང་མ་ཁོ་རང་གི་གཉེན་ཚན་ཡིན་པ་ལྟར་བཤད།  མཐའ་མར་གཙོ་སྐྱོང་བས་ཁྱེད་ལ་ད་དུང་དོན་དག་ག་རེ་ཡོད་དམ་བྱས་པས་ན་ཁོས་ང་ཚོའི་ནང་གི་ཨ་མ་ད་ནང་སྔ་པོ་ནས་ཡུལ་ལྷ་གསོལ་བར་ཕྱིན་སོང་ད་དུང་ལོག་མ་བྱུང་བས་ལེ་ཚན་འདི་གསན་ན་གང་མགྱོགས་ནང་ལ་ལོག་ཤོག་གསུང་རོགས་གནང་ཟེར་ནས་ཁ་པར་བཞག་པས་གཙོ་སྐྱོང་པ་ཅི་བྱ་གཏོལ་མེད་དུ་གྱུར་བ་བཟོས།།

            ཞེ་ས་མི་ཤེས་པའི་ཁམས་པ།
  ཉིན་ཞིག་གཞིས་ཀ་རྩེའི་ཁྲོམ་གཞུང་དུ་གཙང་པ་ཞིག་དང་ཁམས་པ་ཞིག་ཚོང་གི་དོན་ལ་འཁྲུག་པ་ཤོར་བ་དང་གཉིས་ཀར་རྨས་སྐྱོན་བྱུང་བས་ཉེན་རྟོག་པས་ཁོ་གཉིས་མངགས་གཏོང་ཁང་དུ་བསྐོངས་ཏེ་ཁོ་གཉིས་ལ་གནས་ཚུལ་གྱི་བརྒྱུད་རིམ་འདྲི་རྩད་བྱས་པ་རེད། སྐབས་དེར་གཙང་པ་དེས་སྔོན་ལ་ཨ་ཕོ་རང་གིས་ཕྱག་ཤན་བཏོན་པ་གནང་སོང་ཞེས་པའི་སྐད་ཆ་ཞིག་བཤད་པས་ཁམས་པས་ཕྱག་ཤན་ཟེར་ན་གྲི་ཡི་ཞེ་ཚིག་ཡིན་པ་མ་ཤེས་པས་རེད་རེད་ཅེས་ལན་བཏབ་པས་མཐའ་མའི་ཐག་གཅོད་སྐབས་སུ་ཁམས་པ་དེར་གྱོང་གུན་ཕོག་པ་རེད།།

          རྔན་པ་ལས་བསམ་མི་ཤེས་པའི་ཕྲུ་གུ།
 ལོ་བརྒྱད་ལས་སོན་མེད་པའི་བཀྲིས་དང་དོན་གྲུབ་གཉིས་ཁྱིམ་མཚེས་ཡིན་པ་མ་ཟད་རྒྱུན་གཏན་གྱི་རྩེད་མོ་རྩེད་རོགས་ཀྱང་རེད། ཉིན་ཞིག་བཀྲིས་ཤིས་ཀྱིས་རང་ཁྱིམ་ནས་ གསོལ་ཚོགས་ཞིམ་པོ་ཞིག་རྩེད་མོ་རྩེད་སར་འཁྱེར་ཡོད་ཀྱང་དོན་གྲུབ་ལ་མ་སྟེར་བར་ཁོ་རང་གཅིག་པུས་བཟས། ནམ་རྒྱུན་ཁོ་གཉིས་རྔན་པ་སྟེར་རེས་ཡོད་ཀྱང་དེ་ཉིན་བཀྲིས་ཀྱིས་ཁེར་བཟས་བྱས་པས་ན་དོན་གྲུབ་ཁོང་ཁྲོ་ཆེན་པོ་ལངས་ཏེ་བཀྲིས་ལ་དེ་རིང་ཁྱོད་ཀྱིས་ང་ལ་གསོལ་ཚོགས་མ་སྟེར་བས་རྗེས་མར་ང་ཚོའི་སྤོ་བོ་ལགས་གྲོངས་ན་ཁྱོད་ལ་ཡང་གསོལ་ཚོགས་སྟེར་གྱི་མིན་ཞེས་བཤད།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།