གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་རྒྱུ་འབྲས་ཟེར་བ་འདི་རེད།

2010-12-30 22:34:00 གཡག་བུ། ཀློག་གྲངས། མཆན ཡོད།

 

 ༡༩༩༤ལོར་ཨ་རིའི་ཚགས་པར་ཞིག་གིས་གསར་འགྱུར་ཁྱད་མཚར་བ་བཅུ་བདམས་པའི་གྲས་སུ་གཤམ་གྱི་གསར་འགྱུར་འདི་ཚུད་འདུག
 ལོ་དེའི་ཟླ་གསུམ་པའི་ཚེས་༢༤ཉིན།ནེ་ཡོག་གི་ཉེན་རྟོག་ལྟེ་བས་བེམ་པོ་ཞིག་ལ་བརྟགས་དཔྱད་བྱས།འདས་པོའི་མིང་ལ་རཱོ་ནཱ་རྡི་ཨོབ་སི་ཟེར་ཞིང་།ཁོའི་ཁ་ཆེམས་ལྟར་ན་ཁོ་རང་བརྩེགས་བཅུ་བ་ནས་ལྕེབས་པ་ཡིན་འདུག
  འོན་ཀྱང་ཁོ་ལྕེབས་ནས་བརྩེགས་དགུ་བའི་ཐད་ལ་ལྷུང་དུས་སྒེའུ་ཁུང་བརྟོལ་ནས་ཡོང་བའི་མདེའུ་ཞིག་གིས་བསད་འདུག ཉེན་རྟོག་པས་དཔྱད་པ་ལྟར་ན་འདས་པོ་དང་ལག་དམར་ཚང་མས་གནས་ཚུལ་དེ་ཤེས་མེད།སྐབས་དེར་བརྩེགས་བརྒྱད་པར་ལས་ཀ་བ་ཁ་ཤས་ཀྱིས་བདེ་འཇགས་ཀྱི་ལྟེབ་ཞིག་ཁ་ཕྱེ་ནས་ལས་ཀ་བྱེད་བཞིན་ཡོད་པས་མདེའུ་དེ་མེད་ན་ཁོ་ཤི་ཐུབ་མེད།
ཁྲིམས་ལྟར་ན་སྤྱིར་བཏང་མི་ཞིག་ལྕེབས་ནས་མཐར་ཤི་བར་གྱུར་ན་ལྕེབས་པའི་གོ་རིམ་ཁྲོད་དོན་དག་གང་བྱུང་མིན་ལ་མ་ལྟོས་པར་དེ་ནི་ལྕེབས་པར་བརྩི་བ་ཡིན།འོན་ཀྱང་བརྩེགས་དགུ་བའི་མདེའུ་དེའི་ཁུང་དེད་དུས་གྱོད་དོན་ལ་འགྱུར་བ་གཞན་ཞིག་བྱུང་།བརྩེགས་དགུ་བའི་རྒས་འཁོག་ཁྱོ་ཤུག་གཉིས་ལ་ཁ་རྩོད་ཤོར་བས་རྒས་པོས་མེ་མདའ་བླངས་ནས་རྒས་མོར་འཇིགས་བསྐུལ་ཞིང་།སྐམ་ཁ་བསྣན་པ་ན་མདེའུ་རྒན་མོར་མ་ཕོག་པར་སྒེའུ་ཁུང་ཕྱི་ན་ལྷུང་བཞིན་པའི་རཱོ་ནཱ་རྡི་ཨོབ་སི་ལ་ཕོག་པ་རེད།
   ཁྲིམས་ལྟར་ན་གལ་ཏེ་མི་ཀ་བས་ཁ་བ་གསོད་འདོད་ཀྱང་ནོར་ནས་མི་ག་བ་བསད་ན་སྔར་བཞིན་དུ་ཀ་བས་མི་བསད་པར་བརྩི།དེ་བས་འདི་ནི་མི་བསད་ཉེས་དོན་ཞིག་རེད།འོན་ཀྱང་རྒས་འཁོག་ཁྱོ་ཤུག་གཉིས་ཀྱིས་མེ་མདའ་རུ་མདེའུ་མེད་པར་འདོད་ཡོད་ཟེར་ལ།བགྲེས་པོས་མེ་མདའ་སྟོང་བ་ཁྱེར་ནས་བགྲེས་མོར་འཇིགས་སྐུལ་བ་ནི་རང་གི་མི་ལོ་དུ་མའི་གོམས་གཤིས་ཤིག་ཡིན་པ་ལས་མོ་གསོད་འདོད་ཅིག་ཡིད་ལ་ཤར་མེད་ཟེར།དེ་ལྟར་ན་འདི་ནི་ནོར་ནས་བསད་པར་ངོས་བཟུང་ཆོག
     དེ་ན་མདེའུ་དེ་སུས་བརྫངས་པ་རྩད་གཅད་དུས་དཔང་མི་ཞིག་གིས་རྒས་འཁོག་གཉིས་ཀྱི་བུས་བརྫངས་པ་མིག་གིས་མཐོང་ཟེར།རྫོང་དོན་ནི་བགྲེས་མོས་མི་དར་མ་ཆགས་པའི་རང་གི་བུ་ལ་དཔལ་འབྱོར་ཐད་ཀྱི་རོགས་པ་མཚམས་བཅད་པས་དོན་དེ་ཁོང་གི་བུས་ཁོག་ལ་བཅངས་ཤིང་།ཕ་རྒན་ལ་མེ་མདའ་ཁྱེར་ནས་ཨ་མར་འཇིགས་སྐུལ་བའི་གོམས་གཤིས་ཡོད་པ་ཤེས་བཞིན་དུ།མེ་མདར་མདེའི་བརྫངས་ནས་ཕ་རྒན་བེད་སྤྱད་དེ་ཨ་མ་གསོད་བསམ།བུ་དེས་དོན་དག་འདི་འདྲ་ཞིག་ལ་འབྲས་བུ་དེ་འདྲ་ཞིག་འབྱུང་བ་ཤེས་བཞིན་དུ་བསྒྲུབས་ནས་རང་ངོས་ནས་མེ་མདའི་སྐམ་ཁ་མ་བསྣན་ཀྱང་མི་བསད་པའི་ཉེས་པར་བརྩི།འོན་ཀྱང་བུ་དེ་ནི་མ་གཞི་རཱོ་ནཱ་རྡི་ཨོབ་སི་ཁོ་ཡིན་འདུག
      མ་གཞི་ཁོས་ཕ་རྒན་སྤྱད་ནས་མི་གསོད་པའི་འཆར་གཞི་ཡུན་རིང་བོར་མ་འགྲུབ་པས་ཁོ་ཐག་ཆད་ཅིང་ཉིན་དེར་བརྩེགས་བཅུ་བ་ནས་ལྕེབས་པ་ཡིན་འདུག འོན་ཀྱང་བརྩེགས་དགུ་བ་ནས་འཕུར་ཡོང་བའི་མདེའུ་དེས་ཁོ་རང་ཉིད་བསད་པ་རེད།ཡང་མདེའུ་དེ་ནི་རང་གིས་བཞག་པ་རེད་ལ་མཐར་གཏུག་ན་ཁོ་རང་གིས་རང་ཉིད་བསད་པར་བརྩི་བའི་གྱོད་དོན་འདི་སྔར་ལྟར་ཁོ་ལྕེབས་པར་བརྩི་དགོས་བྱུང་བ་རེད།

རྩོམ་ཁུངས། གཡག་བུའི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།