གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལེགས་བཤད་ལ་རྒོལ་བའི་ལེགས་བཤད།༢

2008-11-30 00:47:00 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།

༡ བདེ་སྡུག་གི་ཚོར་བ་དཀར་ནག་ལྟར་གསལ་བ་དེ་མཁས་མི་མཁས་ལ་རག་ལས་པ་མ་ཡིན།བདེ་སྡུག་ནི་ཉི་མ་དང་ཟླ་བ་ཡིན་པ་ལས་ཡི་གེ་དང་ཨང་ཀི་མ་ཡིན།
༢ གཞན་གྱི་ཕན་པ་དང་བདེ་བའི་ཆེད་དུ་གསོན་པ་དེ་དོན་དུ་རང་དོན་ཉག་གཅིག་ཡིན།དཔེར་ན་མེ་ཏོག་ཅིག་ཁྱོད་ཀྱིས་རང་ཉིད་དགའ་སའི་རྫ་བུམ་དུ་བཅུག་ནས་དེ་ཆུ་ཡིས་གསོ་བ་བཞིན་ནོ།།
༣ མཁས་པ་ལའང་བླུན་པོའི་ཆ་ཡོད་དེ་མཁས་པའི་ཁ་ནང་གི་མུན་ནག་རེད།
༤ གནས་ལུགས་ནི་མིའི་ལེགས་བཤད་དང་ཆུ་ནི་ཉ་ཡི་ལེགས་བཤད།སྐྱག་པ་ནི་ཕག་གི་ལེགས་བཤད་རེད།
༥ སྤྱིར་ན་མི་ཞིག་མུན་བཙོན་ནས་གཅིག་བུར་ལོ་ཉི་ཤུར་ལུས་ཚེ་ཁོ་ཆབ་སྲིད་ལ་ཐག་རིང་དུ་འགྲོ་བ་དང་ཆོས་ལུགས་ལ་ཐག་ཉེ་རུ་འགྲོ་བ་རེད།འོན་ཀྱང་ཁོ་སྨྱོས་ཚེ་ཆབ་སྲིད་ལ་ཐག་ཉེ་རུ་འགྲོ་བ་རེད།
༦ མི་ཤེས་ཤེས་ཁུལ་ནི་ནད་ཅིག་སྟེ།དེའི་འབྱུང་ཁུངས་ནི་དམངས་གཙོ་དང༌། རང་དབང༌། ངོ་བསྟོད་བཅས་སོ།།
༧ གཤེད་མར་ཚད་ལས་བརྒལ་བར་བསྡིགས་ན་རང་ཉིད་གཤེད་མར་འགྱུར་སྲིད།
༨ མིའི་མེས་པོ་ནི་སྤྲ་ཡིན་ཞེས་པ་དེ་ཚན་རིག་ལས་ཐོབ་པའི་སྡོམ་ཚིག་ཡིན་ན་མིའི་མེས་པོ་ནི་སྤྲ་ཡིན་ལ་སྤྲའི་མེས་པོའང་མི་ཡིན་ཞེས་པ་དང་ཚན་རིག་དང་ཆོས་ལུགས་ཟུང་དུ་འབྲེལ་བ་ལས་ཐོབ་པའི་སྡོམ་ཚིག་རེད།
༩  འཆི་བར་མི་སྐྲག་ཟེར་མཁན་ཚོ་ནི་དོན་དུ་འཆི་བར་མི་སྐྲག་པ་མ་ཡིན་པར་གསོན་རྒྱུའི་སྐལ་བ་མེད་མཁན་དག་རེད།
༡༠ ཕོ་མོ་འདྲ་མཉམ་ཞེས་པ་གཏན་ཚིགས་དང་འགལ་འདུག་སྟེ།མཚན་མ་མི་འདྲ་བ་གཉིས་ཇི་ལྟར་འདྲ་མཉམ་དུ་ཡོང༌།
༡༡ ཁེངས་སྐྱུངས་ཀྱི་ཨ་ཕ་ནི་ཚུལ་འཆོས་དང༌།ཨ་མ་ནི་སྒྱིད་ལུག་རེད། འོན་ཀྱང་ང་རྒྱལ་ལ་ཨ་མ་སྨྱོན་པ་ཞིག་ལས་ཕ་ཡོད་པ་མ་རེད། ང་རྒྱལ་ནི་སེམས་བྱུང་ང་གཅིག་པོའི་ནང་གི་བྱི་ཕྲུག་གཅིག་པོ་རེད།དེའི་ཕྱིར་ང་ཚོས་ང་རྒྱལ་ཅན་དག་ལ་བཟོད་པ་སྒོམ་པ་ནི་སྙིང་རྗེའི་ལས་ཤིག་ཏུ་བརྩི་བར་རུང༌།
༡༢ ཡིག་སྒྱུར་ཞེས་པའི་དཀའ་ཚེགས་ཅན་གྱི་ལས་ཀ་དེ་རྟ་ཞིག་གཡག་ཅིག་ཏུ་སྒྱུར་བ་ལས་ཀྱང་དཀའ།
༡༣ ཁྱོད་ཀྱིས་དམངས་གཙོ་དང་རང་དབང་བཤད་རྒྱུ་མང་དྲགས་ན་མི་གཞན་གྱི་དམངས་གཙོ་དང་རང་དབང་འཕྲོག་སྲིད།
༡༤ “历史是谁写的”这一问题有多种答案:“是超人写的”(尼采)“是小人写的”(余秋雨)“是普通的小市民写的”(贾樟呵),而我的答案是“是历史家的秘书写的”        (ཚིག་འདི་རྒྱ་ཡིག་གིས་མ་བྲིས་ན་ཁོ་བོས་བོད་ཡིག་གིས་ལེགས་པོ་མི་འཁྱོངས་པས་བོད་པ་ཚོ་དགོངས་པ་མི་ཚོམས་པར་ཞུ)
༡༥  དགྲ་བོར་བཟོད་པ་བསྒོམ་དགོས་ཞེས་པ་དེའང་དགྲ་བོའི་ཁུ་ཚུར་ལ་བཟོད་པ་སྒོམ་དགོས་ཟེར་བ་ལས་དགྲ་བོའི་མེ་མདའ་ལ་བཟོད་པ་སྒོམ་དགོས་ཟེར་བ་མིན།
༡༦ དབུལ་བོ་ལྟོགས་ན་དབུལ་བོ་གཞན་ཞིག་གི་སྡུག་བསྔལ་དུ་འགྱུར།(སྒོར་མོ་དང་ཕྱེ་སོགས་བསྐྱི་བ)
ཕྱུག་པོ་ལྟོགས་ན་ཕྱུག་པོ་གཞན་ཞིག་གི་བདེ་སྐྱིད་དུ་འགྱུར། (གསོལ་ཚིགས་དྲངས་རྒྱུའི་གོ་སྐབས་ཡོད་པ)
༡༧ ཆེས་སྙན་པའི་རོལ་དབྱངས་ནི་ལྷིང་འཇགས་ཡིན། ཆེས་མཛེས་པའི་རི་མོ་ནི་སྟོང་བ་ཡིན། ཆེས་སྐྱིད་པའི་ཚོར་བ་ནི་ཅི་ཡང་མི་དྲན་པ་ཡིན།
༡༨ མཁས་པ་དུལ་བ་ནི་གཡོ་སྒྱུ་ཆེ་བའི་རྟགས་དང༌།བླུན་པོ་དུལ་བ་ནི་ལས་རྒྱུ་མེད་པའི་རྟགས་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།