གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༢

2009-05-19 15:41:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

༡༦ཁྱོད་མེ་ཏོག་སེར་ཆེན་ཡིན་ན།།

སྟོད་རྫ་ལུང་གཡས་ལ་འཁྲུངས་ན།།

ང་ཁྲ་ཆེན་སྦྲང་མར་སྤྲུལ་རྒྱུ།།

ཉིན་ཉི་མར་སྐོར་གསུམ་མི་ཕོག་རུང་།།

ངས་ཟླ་རེར་སྐོར་གསུམ་རྒྱག་རྒྱུ་ཡིན།།

 

ཁྱོད་སྦ་དཀར་དྲང་སྐྱེ་ཡིན་ན།།

ཕར་ཙན་དན་ནགས་ནས་སྐྱེ་ན།།

ང་ཁུ་བྱུག་སྔོན་མོར་སྤྲུལ་རྒྱུ།།

ཉིན་ཉི་མར་སྐོར་གསུམ་མི་ཕོག་རུང་།།

ངས་ཟླ་རེར་སྐོར་གསུམ་རྒྱག་རྒྱུ་ཡིན།།

 

ཁྱོད་ཞེ་མཐུན་དགའ་རོགས་ཡིན་ན།།

ཚོ་དྲུག་སྒར་ནས་རྩེ་ན།།

ང་ཞེ་འགྲོགས་རོགས་ལོར་སྤྲུལ་རྒྱུ།།

ཉིན་ཉི་མར་སྐོར་གསུམ་མི་ཕོག་རུང་།།

ཟླ་རེར་སྐོར་གསུམ་རྒྱག་རྒྱུ་ཡིན།།

 

༡༧ཁྱིད་བྱུར་དམར་གྲངས་འཛིན་ཡིན་ཟེར་ན།།

ངས་ཙན་དན་ཕྲེང་བའི་དཀྱིལ་ལ་བརྒྱུ།།

 

ཁྱོད་སྦ་དཀར་དྲང་སྐྱེ་ཡིན་ཟེར་ན།།

ངས་གྲོ་རྒྱ་འདོ་བའི་གོང་ལ་འཛིན།།

 

ཁྱོད་ཞེ་མཐུན་མ་ལོ་ཡིན་ཟེར་ན།།

ངའི་གངས་དཀར་སེམས་ཀྱི་དཀྱིལ་དུ་འཛིན།།

 

༡༨སྟོད་གསེར་ལུང་གྲམ་སྐྱ་གོང་མ་ན།།

འབྲི་ཐུལ་མ་གསེར་ལ་རྡུང་འདྲ་རེད།།

མགོ་རྭ་ཅོ་གསེར་གྱི་རུ་ཐུར་ཅན།།

འབྲི་འདི་ཚོ་བཞོས་པའི་ཕྱིན་ཆད་ལ།།

འབྲི་ཐུལ་མ་གཞན་པ་བཞོ་རྒྱུ་མིན།།

 

སྟོད་གསེར་ལུང་གྲམ་སྐྱ་བར་མ་ན།།

རྟ་འདོ་བ་དངུལ་ལ་རྡུང་འདྲ་རེད།།

མགོ་ཕུམ་ཕུམ་དར་ལ་སླས་འདྲ་རེད།།

འདོ་འདི་ཚོ་བཞོན་པའི་ཕྱིན་ཆད་ལ།།

ང་རྟ་བོ་གཞན་ལ་ཞོན་རྒྱུ་མིན།།

 

སྟོད་གསེར་ལུང་གྲམ་སྐྱ་ཞོལ་མ་ན།།

རོགས་མ་ལོ་སྦ་དཀར་དྲང་སྐྱེ་རེད།།

ཁས་མི་བཤད་ཆུ་དང་འོ་མ་རེད།།

རོགས་འདི་ཚོ་རྩེ་བའི་ཕྱིན་ཆད་ལ།།

ང་རོགས་ལོ་གཞན་ལ་རྩེ་རྒྱུ་མིན།།

 

༡༩གོས་བརྒྱ་གོན་སྟོང་གོན་སྟོང་ཉིད་རེད།།

ངས་ད་ཐེངས་གོན་པའི་གོས་ཆེན་འདི།།

ཕྱི་མཆོར་ལྭ་འབྲུག་ཁྱུང་རི་མོ་རེད།།

ནང་དྲོད་ལྭ་ཚར་ཆུང་ཐུལ་བ་རེད།།

མཆོར་བ་གཅིག་དང་དྲོ་བ་གཉིས།།

གོན་བཏང་ན་འཕུད་སེམས་ང་མེད།།

 

རྟ་བརྒྱ་ཞོན་སྟོང་ཞོན་སྟོང་ཉིད་རེད།།

ངས་ད་ཐེངས་ཞོན་པའི་འདོ་བ་འདི།།

ཕྱི་ཡག་ལ་གསེར་ཡིག་བྲིས་མ་རེད།།

ནང་མགྱོགས་ལ་རླུང་ཆེན་འཁོར་ལོ་རེད།།

འདི་ཡག་པ་གཅིག་དང་མགྱོགས་པ་གཉིས།།

ཞོན་བཏང་ན་འབབ་སེམས་ང་མེད།།

 

རོགས་བརྒྱ་རྩེ་སྟོང་རྩེ་སྟོང་བ་ཉིད།།

ང་ད་ཐེངས་རྩེ་བའི་མ་ལོ་འདི།།

ཕྱི་སྐྱེ་གཟིགས་སྦ་དཀར་དྲང་སྐྱེ་རེད།།

ནང་མཐུན་པ་ཆུ་དང་འོ་མ་རེད།།

འདི་དྲང་བ་གཅིག་དང་མཐུན་པ་གཉིས།།

རྩེས་བཏང་ན་འགལ་སེམས་ང་ལ་མེད།།

 

༢༠རྫ་རིའི་མེ་ཏོག་སེར་ཆེན།།

ཁྱོའི་ཕྱི་མ་སེར་བོ་གསེར་རེད།།

ཁྱོའི་ནང་མ་དེ་འདྲ་ཨེ་ཡིན།།

ཁྱོའི་ནང་མ་དེ་འདྲ་ཡིན་ན།།

དབུས་ཇོ་བོའི་མདུན་དུ་ངས་འབུལ།།

མགོ་སྒུར་ནས་ཕྱག་གསུམ་ངས་འཚལ།།

 

ཕར་ནགས་ཀྱི་སྲ་ཤིང་ཀྱལ་ཏ།།

ཁྱོའི་ཕྱི་མ་དམར་བོ་མཚལ་རེད།།

ཁྱོའི་ནང་མ་དེ་འདྲ་ཨེ་ཡིན།།

ཁྱོའི་ནང་མ་དེ་འདྲ་ཡིན་ན།།

རྟ་འདོ་བའི་གོང་ནས་ངས་འཛིན།།

ཁྱོའི་མགོ་རྔ་དངུལ་གྱིས་ངས་བཏུམ།།

 

ནང་སྡེ་བའི་ཞེ་མཐུན་མ་ལོ།།

ཁྱོའི་ཤ་རྩ་དཀར་བ་དུང་རེད།།

ཁྱོའི་ནང་མ་དེ་འདྲ་ཨེ་ཡིན།།

ཁྱོའི་ནང་མ་དེ་འདྲ་ཡིན་ན།།

ནང་བཟའ་བའི་ཡན་ལ་ངས་འཇོག།

སེམས་བསམ་པའི་དཀྱིལ་ལ་ངས་འཛིན།།

 

༢༡ལྕང་མ་གླང་མའི་བར་ན།

ངས་ཕྲ་མོའི་སྦ་རེ་བཙུགས་ཡོད།།

སྦ་བཙུགས་ནས་ཡལ་ཀ་རྒྱས་ཡོད།།

དགུང་བྱ་བརྒྱ་མང་བོའི་སྔུན་ནས།།

རྩེར་ཁུ་བྱུག་སྔོན་མོ་གྲག་དགོས།།

 

མཁར་ཆེན་མཁར་ཆུང་བར་ལ།།

ངས་གྲུ་བཞིའི་མཁར་ཞིག་བརྡུངས་ཡོད།།

མཁར་བརྡུངས་ནས་བ་གམ་བསྒྲིགས་ཡོད།།

ཕྱི་དགྲ་ཡ་མང་བོའི་སྔུན་ནས།།

ནང་ཏོག་དཀར་དཔོན་ཆུང་བཞུགས་དགོས།།

 

རོགས་ཆ་ཡོད་ཆ་མེད་བར་ལ།།

ཕོ་ངེད་ཚོས་ཚིག་གསུམ་བཤད་ཡོད།།

ཚིག་བཤད་ནས་དོན་ལ་ཕབ་ཡོད།།

ཕྱི་རྩེ་བ་མང་བོའི་སྔུན་ནས།།

རོགས་རྩེ་བའི་རྔ་མ་སྐྱོང་དགོས།།

 

༢༢ཡར་བལྟས་ཀྱི་སྨྱུག་རིའི་ནགས་ན།།

རོགས་འུ་གཉིས་མདའ་རེ་མི་སྟོད།།

རོགས་འུ་གཉིས་མདའ་རེ་སྟོད་ན།།

སྦ་དཀར་བོའི་སྐྱེ་ཚུལ་དྲང་དགོས།།

སྒྲོ་ནག་པོའི་སྦྱོར་སྲོལ་སྲ་དགོས།།

བཀོག་སོང་ན་སྡེ་བས་འཕྱ་ལ།།

 

སྨད་རྒྱ་ནག་གཞུ་ཁང་ནང་ནས།།

རོགས་འུ་གཉིས་གཞུ་རེ་མི་བདུང་།།

རོགས་འུ་གཉིས་གཞུ་རེ་བདུང་ན།།

རྭ་ནག་པོ་འགུགས་ཚུལ་ཡག་དགོས།།

རྒྱུད་ཕྲ་མོའི་རྒྱུན་ལམ་སྲ་དགོས།།

ཆད་སོང་ན་སྡེ་བས་བཤད་ལ།།

 

བོད་ཚོ་ཆེན་ལྷ་སྡེའི་དཀྱིལ་ནས།།

རོགས་འུ་གཉིས་ཚིག་གསུམ་མི་བཤད།།

རོགས་འུ་གཉིས་ཚིག་གསུམ་བཤད་ན།།

ཞེ་མཐུན་པའི་ཚིག་གསུམ་བཤད་དགོས།།

དེང་ཕྱིན་ཆད་མི་འགལ་ཟེར་དགོས།།

འགལ་སོང་ན་སྡེ་བས་བཤད་ལ།།

 

༢༣སྤྲིན་བཞིན་དུ་དགུང་ལ་ཁྱོད་འཐིབ།།

འབྲུག་བཞིན་དུ་དགུང་ནས་ང་གྲག།

གློག་དམར་བོ་བར་ནས་འཆར་རུང་།།

སྨུག་བཞིན་དུ་དྭངས་ནས་མ་འགྲོ།།

 

རྟ་བཞིན་དུ་བྱང་ནས་ཁྱོད་རྒྱུགས།།

དར་བཞིན་དུ་ཁིས་ལ་ངས་འཐེན།།

ལྕག་ཚ་མོས་བར་ནས་བྲབས་རུང་།།

རྡུལ་བཞིན་དུ་ཡལ་ནས་མ་འགྲོ།།

 

རོགས་བཞིན་དུ་སྡེ་ནས་ཁྱོད་རྩེ།།

ཞེ་བཞིན་དུ་ཚིག་རྐང་ངས་བསྒྲིགས།།

གཏམ་མི་ཁ་བར་ནས་བཤད་རུང་།།

སྡེ་བཞིན་དུ་བཀར་རེ་མ་འགྲོ།།

 

༢༤ངས་གསོམ་དཀར་སྡོང་བོ་གཡས་ནས་བཅད།།

གསོམ་ནག་སྡོང་བོ་གཡོན་ནས་བཅད།།

ཀྱལ་ཏ་དམར་བོ་དང་དུ་བླངས།།ཁྱོ

ད་ཀྱལ་ཏ་དང་དུ་འདུག་དགོས།།

ཁྱོད་ཀྱལ་ཏ་དང་དུ་མ་བསྡད་ན།།

ངས་ནགས་འདབས་བརྒྱུད་དེ་འོངས་དུས།།

ང་ཤིང་སྣ་མང་བོར་འགལ་ཡོད།།

འགལ་ཡོད་ནོ་དོན་འབྲས་ཡོད་དགོས།།

 

ངས་རྨ་ཆུ་དལ་མོ་གཡས་ནས་བསྐྱུར།།

ཙོང་ཆུ་ཁམ་པ་གཡོན་ནས་བསྐྱུར།།

རྫ་ཆུ་བསིལ་མ་དང་དུ་བླངས།།

ཁྱོད་རྫ་ཆུ་དང་དུ་འདུག་དགོས།།

ཁྱོད་རྫ་ཆུ་དང་དུ་མ་བསྡད་ན།།

ངས་རྫ་འདབས་བརྒྱུད་དེ་ཡོང་དུས།།

ང་ཆུ་སྣ་མང་བོར་འགལ་ཡོད།།

འགལ་ཡོད་ནོ་དོན་འབྲས་ཡོད་དགོས།།

 

ངས་དྲིན་ཆེན་ཕ་མ་གཡས་ནས་བསྐྱུར།།

ནང་ལས་མཐུན་བཟའ་ཟླ་གཡོན་ནས་བསྐྱུར།།

ཞེ་མཐུན་རོགས་ལོ་དང་དུ་བླངས།།

ཁྱོད་མ་ལོ་དང་དུ་འདུག་དགོས།།

ཁྱོད་མ་ལོ་དང་དུ་མ་བསྡད་ན།།

ངས་སྡེ་མཐའ་བརྒྱུད་དེ་ཡོང་དུས།།

ང་རོགས་ལོ་མང་བོར་འགལ་ཡོད།།

འགལ་ཡོད་ནོ་དོན་འབྲས་ཡོད་དགོས།།

 

༢༥རྫ་ཡར་ནང་གངས་རི་དཀར་བོ་རེད།།

རྫ་མར་ནང་འཇའ་རི་སྨུག་པོ་རེད།།

དེའི་བར་ན་རི་རྒྱལ་ལྷུན་པོ་ཡོད།།

རི་ལྷུན་པོ་ཡོད་ན་ཡོད་དུ་ཆུག།

བྱ་འུ་གཉིས་དགུང་སྔོན་གཅིག་ལ་སྟོད།།

 

ས་ཕར་ནང་རྨ་ཆུ་དལ་མོ་རེད།།

ཚུར་ནང་འཇུ་ལག་གཡུ་ཆུ་རེད།།

དེའི་བར་ན་ཙོང་ཆུ་ཁམ་པ་ཡོད།།

ཆུ་ཁམ་པ་ཡོད་ན་ཡོད་དུ་ཆུག།

གྲུ་རྒྱག་ག་རྐ་མགོ་གཅིག་ལ་འབུད།།

 

སྡེ་ཡར་ནང་དྲིན་ཆེན་ཕ་མ་རེད།།

སྡེ་མར་ནང་ཚེ་མཐུན་བཟའ་ཟླ་རེད།།

དེའི་བར་ན་གཏམ་ཆེན་མི་ཁ་སྣང་།།

གཏམ་མི་ཁ་ཡོད་ན་ཡོད་དུ་ཆུག།

ཚིག་བཤད་དེ་སྡེ་ཆེན་གཅིག་ནས་རྩེ།།

 

༢༦ཟངས་དམར་གའུའི་ནང་ན།།

ངས་སྒྲོལ་མའི་སྐུ་ཞིག་བཞེངས་ཡོད།།

ལྷ་མཇལ་བའི་བསམ་པ་ཡོད་ན།།

ནང་ལྷ་སྐུ་བྱིན་རླབས་ལྡན་ཡོད།།

 

ངའི་དངུལ་དཀར་ཕོར་བའི་ནང་ན།།

ཆང་བདུད་རྩི་བསིལ་མ་གང་ཡོད།།

ཁྱོར་འཐུང་འདོད་བསམ་པ་ཡོད་ན།།

ནང་སྨན་སྣ་མང་བོ་བསྡེབས་ཡོད།།

 

རོགས་དགའ་ལོ་ང་ཚོའི་ཡིད་ན།།

ཚིག་དོན་ཆེན་དོན་ཆུང་གཉིས་ཡོད།།

ངག་ཕྲ་མོ་གཅིག་དང་གསུམ་ཡོད།།

ཁྱོར་རྩེ་འདོད་བསམ་པ་ཡོད་ན།།

ནང་དོན་གཏམ་གཞན་ལ་མི་བཤད།།

 

༢༧ཤར་འཛམ་གླིང་ཉི་མ་ངེད་གཉི་ག།

འཆར་དང་བོ་མེ་རིའི་རྩེ་ཡིན།།

འཆར་གཉིས་པ་རི་རྒྱལ་རྩེ་ཡིན།།

འཆར་གསུམ་པ་ས་གཞིའི་ཁམས་ཡིན།།

དྲོད་ཁ་འོད་གསལ་བ་འདིའི་དོན་ཡིན།།

 

གྲོ་བྱིས་འདོ་བ་ངེད་གཉི་ག།

རྒྱུག་དང་བོ་རྟ་རའི་ནང་ཡིན།།

རྒྱུག་གཉིས་པ་བྱང་ལམ་དཀྱིལ་ཡིན།།

རྒྱུག་གསུམ་པ་ཁིས་ཀྱི་དར་ཡིན།།

རྒྱུག་གོམ་ལག་བདེ་དོན་དེ་ཡིན།།

 

དགའ་ལོ་རོགས་དང་ངེད་གཉི་ག།

རྩེ་དང་པོ་ཕ་མའི་རྩིབ་རེད།།

རྩེ་གཉིས་པ་ཚོ་ཆེན་གྲོང་ཡིན།།

རྩེ་གསུམ་པ་ན་ཟླའི་རོགས་ཡིན།།

རོགས་སྣང་བ་མཐུན་དོན་དེ་ཡིན།།

 

༢༨ང་འདི་ཡི་མ་རེད་སྟོད་ཀྱི་རེད།།

སྟོད་གངས་རི་དཀར་བོའི་ཡན་གྱི་རེད།།

ཁྱོད་གངས་དཀར་འདྲ་བའི་རོགས་ཡིན་ན།།

་གངས་ཐིག་འདྲ་བའི་སེམས་ཡོད།།

 

ང་འདི་ཡི་མ་རེད་ཕ་གིའི་རེད།།

ཕར་འཛམ་གླིང་ཉི་མའི་ཕན་གྱི་ཡིན།།

ཁྱོད་ཉི་མ་འདྲ་བའི་རོགས་ཡིན་ན།།

་ཉི་ཐིག་འདྲ་བའི་སེམས་ཡོད།།

 

ང་འདི་ཡི་མ་རེད་སྨད་ཀྱི་རེད།།

སྨད་རྨ་ཆུ་དལ་མོའི་མན་གྱི་ཡིན།།

ཁྱོད་རྨ་བྱ་འདྲ་བའི་རོགས་ཡིན་ན།།

་སྒྲོ་གུར་འདྲ་བའི་སེམས་ཡོད།།

 

༢༩རི་དཀར་བོ་དུང་གི་རྩེ་མོ་ཅན།།

ཁྱོད་རྒྱ་གར་རྒྱལ་བོའི་བླ་རི་རེད།།

བྱ་རྒྱལ་ཁྱུང་གི་འབབ་རི་རེད།།

རི་དབུ་འཕང་མཐོ་བ་དེ་དོན་རེད།།

 

མཚོ་སྔོན་མོ་རྦ་རླབས་གཡས་འཁྱིལ་ཅན།།

ཁྱོད་ཨོ་རྒྱན་པདྨའི་བླ་མཚོ་རེད།།

གསེར་མིག་ཉ་ཡི་ཕ་ཡུལ་རེད།།

མཚོ་ཁ་ཞེང་ཡངས་ནོ་དེ་དོན་རེད།།

 

བོད་ཚོ་ཆེན་མཚོ་མོ་རང་འཁྱིལ་རེད།།

རོགས་མ་ལོ་མཚོ་ཁའི་མེ་ཏོག་རེད།།

རོགས་ན་ཟླ་མང་བོའི་རྩེ་ས་རེད།།

རོགས་སྣང་བ་མཐུན་ནོ་དེ་དོན་རེད།།

 

༣༠སྟག་ཐོང་བ་གསེར་གྱི་ཐིག་ལེ་ཅན།།

ཁྱོས་གྲ་ཁ་ནགས་ལ་མ་དཔྱངས།།

ངས་མ་དཔྱངས་ཟེར་ནི་མིན་མོད།།

སྤང་སེར་བོར་བློ་རེ་གཏོད་དང་།།

ཚེ་གཅིག་གི་བློ་ཕུགས་གཏད་ཆོག།

 

ཉ་གསེར་མིག་དུང་གི་འདབ་ཤོག་ཅན།།

ཁྱོད་ཆུ་ཆེན་ཡུལ་ལ་མ་གཡེངས།།

ངས་མ་གཡེངས་ཟེར་ནི་མིན་མོད།།

མཚོ་སྔོན་མོར་བློ་རེ་གཏོད་དང་།།

ཚེ་གཅིག་གི་བློ་ཕུགས་གཏད་ཆོག།

 

རོགས་ཆུང་ལོ་གཡུ་ཡི་རྒྱན་ཆ་ཅན།།

ཁྱོད་གང་ཡིན་རོགས་ལ་མ་རྩེ།།

ངས་མ་རྩེ་ཟེར་ནི་མིན་མོད།།

རོགས་གཅིག་ལ་བློ་རྩེ་གཏོད་དང་།།

ཚེ་གཅིག་གི་བློ་ཕུགས་གཏད་ཆོག།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།