གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༡

2009-01-24 14:17:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

མ་ཁྱོད་ཚོ་གོས་ཆེན་ནང་མ་བྱོས།།

ཕོ་ངེད་ཚོ་གོས་ཆེན་ཕྱི་མ་བྱེད།།

སེམས་བསམ་པ་བཟོ་སྐུད་ཕྲ་མོ་བྱེད།།

བཟོས་བཏང་ན་འཐོར་རྒྱུ་མེད་ནི་བྱེད།།

ངས་ད་ཐེངས་གོན་ནོ་མ་འཆུགས་ཟིག།

ཚེ་གཅིག་གི་མཆོར་གོས་ཉན་གི་བསམ།།

 

མ་ཁྱོད་ཚོ་གྲོ་རྒྱ་འདོ་བ་བྱོས།།

ཕོ་ངེད་ཚོ་ཁྱུང་ཆེན་གསེར་སྒ་བྱེད།

།བསྟད་བཏང་ན་ཡོ་རྒྱུ་མེད་ནི་བྱེད།།

རྟ་འདི་ལ་ཞོན་ནོ་མ་འཆུགས་ཟིག།

ཚེ་གཅིག་གི་བློ་རྟ་ཉན་གི་བསམ།།

 

མ་ཁྱོད་ཚོ་ཞང་བཟང་མ་ལོ་བྱོས།།

ཕོ་ངེད་ཚོ་ཕ་བཟང་དགའ་ལོ་བྱེད།།

སེམས་བསམ་པ་པི་ཝང་སྙན་མོ་བྱེད།།

རྩེ་བཏང་ན་འགལ་རྒྱུ་མེད་ནི་བྱེད།།

རོགས་འདི་ལ་རྩེ་ནོ་མ་འཆུགས་ཟིག།

ཚེ་གཅིག་གི་རྩེ་རོགས་ཉན་གི་བསམ།།

 

ཁུ་བྱུག་བྱ་དང་ངེད་གཉིས་ཀ།

ངའི་ཕ་ཡུལ་མོན་དཀར་གླིང་ཡིན།།

ང་འབབ་ས་ཙན་དན་ནགས་ཡིན།།

ནགས་ཙན་དན་ཁ་རུ་སྐྱིད་སོང་བས།
མགོ་སིལ་ཏོག་ཁ་ལ་ཞིམ་སོང་བས།།

ངའི་ཕ་ཡུལ་མོན་དཀར་བརྗེད་སོང་ཟིག།

 

གྲོ་རྒྱ་འདོ་བ་ངེད་གཉིས་ཀ།

ངའི་ཕ་ཡུལ་གཟི་མིག་ར་ཡིན།།

ང་རྒྱུག་ས་བྱང་ལམ་ཐད་ཡིན།།

ས་བྱང་ལམ་ཁ་རུ་སྐྱིད་སོང་བས།།

རྡོ་གོར་མོ་རྐང་ལ་བདེ་སོང་བས།།

རྩྭ་རམ་དཀར་ཁ་ལ་ཞིམ་སོང་བས།།

ངའི་ཕ་ཡུལ་གཟི་མིག་བརྗེད་སོང་ཟིག།

 

དགའ་ལོ་སྤུན་དང་ངེད་གཉིས་ཀ།

ངའི་ཕ་ཡུལ་གྲོང་ཆུང་སྡེ་ཡིན།།

ང་རྩེ་ས་སྡེ་ཆེན་གྲོང་ཡིན།།

བོད་ཚོ་ཆེན་ཁ་རུ་སྐྱིད་སོང་བས།།

ཚིག་བཤད་ནས་ཡིད་སེམས་མཐུན་སོང་བས།།

ཁྱོད་མ་ལོ་རོགས་ལ་ལོབས་སོང་བས།།

ངའི་ཕ་ཡུལ་གྲོང་ཆུང་བརྗེད་སོང་ཟིག།

 

མ་ཁྱོད་ཚོ་འཛམ་གླིང་ཉི་མ་རེད།།

ཕོ་ངེད་ཚོ་དུང་ཟླ་དཀར་བོ་རེད།།

ཞེ་སྣང་བ་སྐར་ཆེན་ཁྲ་མོ་རེད།།

མཐུན་སོང་ན་ཉི་ཟླ་སྐར་གསུམ་རེད།།

 

མ་ཁྱོད་ཚོ་གོམ་ཆེན་འདོ་བ་རེད།།

ཕོ་ངེད་ཚོ་ཁྱུང་ཆེན་གསེར་སྒ་རེད།།

ཞེ་སྣང་བ་དངུལ་སྲབ་སིལ་མ་རེད།།

མཐུན་སོང་ན་སྒ་སྲབ་རྟ་གསུམ་རེད།།

 

མ་ཁྱོད་ཚོ་ཞང་བཟང་ཚ་མོ་རེད།།

ཕོ་ངེད་ཚོ་ཕ་བཟང་བུ་ཆུང་རེད།།

ཞེ་སྣང་བ་ཚིག་ཆེན་དོན་པ་རེད།།

མཐུན་སོང་ན་ཚེ་གཅིག་རྩེད་རོགས་རེད།།

 

མ་ཁྱོད་ཚོ་འཛམ་གླིང་ཉི་མ་རེད།།

ཕོ་ངེད་ཚོ་དུང་ཟླ་དཀར་བོ་རེད།།

ང་ཟླ་བ་ཚེས་ནས་ཡོང་རག་ལ།།

ཁྱོད་ཉི་མ་སྤྲིན་གྱིས་མ་གཡོལ་ན།།

ཁྱོད་འཛམ་གླིང་ཉི་མ་བློ་ཡོད་རེད།།

 

མ་ཁྱོད་ཚོ་སེར་ཆེན་མེ་ཏོག་རེད།།

ཕོ་ངེད་ཚོ་རྩྭ་རྒྱས་མོན་དཀར་ཡིན།།

ང་མོན་དཀར་སྤང་ལ་འཁྲུངས་རག་ལ།།

ཁྱོད་མེ་ཏོག་བད་ཀྱིས་མ་ཁྱེར་ན།།

ཁྱོད་མེ་ཏོག་སེར་ཆེན་བློ་ཡོད་རེད།།

 

མ་ཁྱོད་ཚོ་ཞང་བཟང་ཚ་མོ་རེད།།

ཕོ་ངེད་ཚོ་ཕ་བཟང་དགའ་ལོ་ཡིན།།

མ་དགའ་ལོ་རྩེ་བ་ཡོང་རག་ལ།།

མ་ཁྱོད་ཚོ་སྡེ་ཁ་མ་ཆད་ན།།

ཁྱོད་ཞང་བཟང་ཚ་མོ་བློ་ཡོད་རེད།།

 

ལྕགས་རྡུང་མགར་བ་ངེད་གཉིས་ཀས།།

གསེར་སེར་བོ་བསྲེས་ནས་ཁྲབ་ཅིག་བརྡུངས།།

ཁྲབ་མགོ་སངས་རྒྱས་སྟོང་སྐུ་རེད།།

ཁྲབ་སྐེད་དངུལ་གྱི་ལཉྫ་རེད།།

ཁྲབ་གཞི་ཡིག་ཆུང་རི་མོ་རེད།།

ཁྲབ་འདི་ཚོ་གོན་དང་ཕྱིན་ཆད་ལ།།

ལུས་མཚོན་སྲུང་ཉན་པའི་དམ་བཅའ་ཡོད།།

 

གོས་འཐག་ལྷ་མོ་ངེད་གཉིས་ཀས།།

དར་དཀར་བོ་བསྲེས་ནས་གོས་ཤིག་འཐགས།།

གོས་མགོ་སངས་རྒྱས་སྟོང་སྐུ་རེད།།

གོས་སྐེད་འབྲུག་ཆུང་རི་མོ་རེད།།

གོས་གཞི་གཡུང་དྲུང་གཡས་འཁྱིལ་རེད།།

གོས་འདི་ཚོ་གོན་དང་ཕྱིན་ཆད་ལ།།

ལུས་སྡིག་སྒྲིབ་འདག་རྒྱའི་དམ་བཅའ་ཡོད།།

 

ཞེ་མཐུན་རོགས་དང་ངེད་གཉིས་ཀས།།

ཚིག་དོན་པ་བསྲེས་ནས་ལ་གཞས་འཐེན།།

ཚིག་མགོ་ཕྲ་མོའི་ངག་ལ་བཀུག།

ཚིག་སྐེད་སྙན་མོ་དོན་ཆེན་རེད།།

ཚིག་གཞི་སེམ་གཏམ་རྣལ་མོ་རེད།།

ཚིག་འདི་ཚོ་བཤད་དང་ཕྱིན་ཆད་ལ།།

ཞེ་སྣང་བ་མཐུན་པའི་དམ་བཅའ་ཡོད།།

 

ཕོ་ཁྱོད་ཚོ་གོས་ཆེན་གསེར་མ་རེད།།

མ་ངེད་ཚོ་ཚར་ཆུང་ཐུལ་བ་རེད།།

སེམས་བསམ་པ་ཁབ་དང་སྐུད་པ་རེད།།

བཟོས་མ་བཟོས་བར་ནས་འདང་རྒྱོབ་དང་།།

བཟོས་བཏང་ན་གཏོར་ཁ་དཀའ་མོ་རེད།།

 

ཕོ་ཁྱོད་ཚོ་གྲོ་རྒྱ་འདོ་བ་རེད།།

མ་ངེད་ཚོ་ཁྱུང་ཆེན་གསེར་སྒ་རེད།།

སེམས་བསམ་པ་གློ་རྨེད་ཕྲ་མོ་རེད།།

བསྟད་མ་བསྟད་བར་ནས་འདང་རྒྱོབ་དང་།།

བསྟད་བཏང་ན་དབོག་ཁ་དཀའ་མོ་རེད།།

 

ཕོ་ཁྱོད་ཚོ་ཕ་བཟང་དགའ་ལོ་རེད།།

མ་ངེད་ཚོ་ཞང་བཟང་ཚ་མོ་ཡིན།།

སེམས་བསམ་པ་ཚིག་ཆེན་དོན་པོ་རེད།།

རྩེས་མ་རྩེས་བར་ནས་འདང་རྒྱོབ་དང་།།

རྩེས་བཏང་ན་འགལ་ཁ་དཀའ་མོ་རེད།།

 

མ་ཁྱོད་ཚོ་དུང་ཟླ་དཀར་བོ་རེད།།

ཕོ་ངེད་ཚོ་སྟེང་གི་རི་མོ་རེད།།

དུང་ཟླ་བའི་ཁ་འོད་མ་ནོགས་ན།།

སྟེང་རི་མོ་ནོགས་པའི་དཔེ་མེད།།

 

མ་ཁྱོད་ཚོ་ཙན་དན་སྡོང་བོ་རེད།།

ཕོ་ངེད་ཚོ་སྟེང་གི་ལོ་མ་རེད།།

ནགས་ཙན་དན་མ་གཡོ་མ་ལྡེམ་ན།།

མགོའི་ལོ་མ་ལྷུང་བའི་དཔེ་མེད།།

 

མ་ཁྱོད་ཚོ་ཞང་བཟང་ཚ་མོ་རེད།།

ཕོ་ངེད་ཚོ་ཕ་བཟང་དགའ་ལོ་རེད།།

ཁྱོད་ཞང་བཟང་ཚ་མོ་མ་འགྱུར་ན།།

ང་དགའ་ལོ་འགྱུར་བའི་དཔེ་མེད།།

 

ནགས་ཙན་དན་སྐྱེ་སྐྱེ་ཁྱོད་བྱོས།།

བྱ་ཁུ་བྱུག་འབབ་འབབ་ང་བྱེད།།

སྐྱེ་མ་ཐུབ་དང་ན་ཁྱོད་ཡིན།།

འབབ་མ་ཐུབ་བཏང་ན་ང་ཡིན།།

 

ཆུ་གཙང་བོ་བཞུར་བཞུར་ཁྱོད་བྱོས།།

ཉ་གསེར་མིག་རྐྱལ་རྐྱལ་ང་བྱེད།།

བཞུར་མ་ཐུབ་བཏང་ན་ཁྱོད་ཡིན།།

རྐྱལ་མ་ཐུབ་བཏང་ན་ང་ཡིན།།

 

རོགས་ཆུང་ལོ་རྩེ་རྩེ་ཁྱོད་བྱོས།།

ཞེ་སྣང་བ་མཐུན་མཐུན་ང་བྱེད།།

རྩེ་མ་ཐུབ་བཏང་ན་ཁྱོད་ཡིན།།

མཐུན་མ་ཐུབ་བཏང་ན་ང་ཡིན།།

 

བོད་དཀར་བོའི་ཚར་ཆུང་ཐུལ་བ་གཅིག།

སྨད་རྒྱ་ནག་གོས་ཆེན་གསེར་མ་གཉིས།།

འདང་བརྒྱབ་ན་ཐུག་དོན་མེད་ན་ཡང་།།

ཁབ་སྐུད་པའི་བར་ནས་ཐུག་སོང་ཟིག།

ལས་སྔོན་གྱི་སྨོན་ལམ་གཅིག་ནི་རེད།།

 

བོད་དཀར་བོའི་འབྲི་མོའི་འོ་མ་གཅིག།

སྨད་རྒྱ་ནག་ཇ་བག་གྲུ་བཞི་གཉིས།།

འདང་བརྒྱབ་ན་ཐུག་དོན་མེད་ན་ཡང་།།

ཟངས་ཁ་དཀར་ནང་ནས་ཐུག་སོང་ཟིག།

ལས་སྨོན་གྱི་སྨོན་ལམ་གཅིག་ནི་རེད།།

 

ཁྱོད་་རིའི་སྡེ་ཡི་མ་ལོ་གཅིག།

ང་ཚུ་རིའི་གྲོང་གི་དགའ་ལོ་གཉིས།།

འདང་བརྒྱབ་ན་ཐུག་དོན་མེད་ན་ཡང་།།

ས་སྡེ་ཆེན་གྲོང་ནས་ཐུག་སོང་ཟིག།

ལས་སྔོན་གྱི་སྨོན་ལམ་གཅིག་ནི་རེད།།

 

༡༠རྟ་ངང་དཀར་གོམ་པ་རླུང་འདྲ་བོ།།

སྟེང་རྟ་སྒ་ཉི་རྩེ་རང་ཤར་རེད།།

དམར་ཆུང་བྱི་རུའི་གྲུག་རྨེད་བརྒྱབ།།

ཟངས་སེར་བོའི་ཡོབ་ཆེན་ཆ་གཅིག་དྲངས།།

རྟ་འདི་ལ་ཞོན་བཏང་ཕྱིན་ཆད་ལ།།

རྟ་གཞན་ལ་ཞོན་འདོད་ང་ལ་མེད།།

 

གོས་གསེར་མ་ནོར་བུ་ཆ་བདུན་ཅན།།

གོས་གོང་བ་ཟ་འོ་སྨུག་པོ་རེད།།

སྟེང་རི་མོ་བཀྲ་ཤིས་རྟགས་བརྒྱད་རེད།།

གོས་འདབས་ཁ་གཡུང་དྲུང་གཡས་འཁྱིལ་རེད།།

གོས་འདི་ཚོ་གོན་བཏང་ཕྱིན་ཆད་ལ།།

གོས་གཞན་པ་གོན་འདོད་ང་ལ་མེད།།

 

རོགས་ཆུང་ལོ་མཐུན་པ་དྲུག་སྐོར་རེད།།

ཁས་ཅི་བཤད་ཆུ་དང་འོ་མ་རེད།།

ནང་ཞེ་སེམས་དཀར་ལ་དཀར་མཐུན་རེད།།

རོགས་འདི་ལ་རྩེ་བཏང་ཕྱིན་ཆད་ལ།།

རོགས་གཞན་ལ་རྩེ་འདོད་ང་ལ་མེད།།

 

༡༡ངའི་སྐེ་ན་གསེར་གྱི་གའུ་ཡོད།།

དེའི་ནང་ན་སྒྲོལ་མའི་སྟོང་སྐུ་ཡོད།།

རོགས་ཁྱོད་ཚོར་དགོས་ན་སྦྱིན་རྒྱུ།།

ཁྱོས་སྒྲོལ་མའི་ལུང་རེ་ཐོབ་རག་ལ།།

ཕྱི་ཨྃ་ཡིག་བསྣོག་དུ་མ་འཇུག།

ངས་མ་འཇུག་ཟེར་ནི་མིན་མོད།།

དེའི་ཡན་གྱི་འགངས་ཆེན་ང་མེད།།

 

ངའི་ལག་ན་ཙན་དན་ཕྲེང་བ་ཡོད།།

དེའི་ནང་ན་བྱིར་དཀར་བྱིར་དམར་ཡོད།།

རོགས་ཁྱོད་ཚོར་དགོས་ན་སྦྱིན་རྒྱུ།།

ཁྱོས་མ་ཎིའི་ལུང་རེ་འཐོབ་རག་ལ།།

ངའི་ཕྲེང་དཔོན་བོར་དུ་མ་འཇུག།

ངས་མ་འཇུག་ཟེར་ནི་མིན་མོད།།

དེའི་ཡན་གྱི་འགངས་ཆེན་ང་མེད།།

 

རོགས་ངེད་ཚོའི་གངས་དཀར་ཡིད་ན།།

ཚིག་དོན་ཆེན་དོན་ཆུང་གཉིས་ཡོད།།

རོགས་ཁྱོད་ཚོས་ཉན་ན་བཤད་རྒྱུ།།

རོགས་རྩེས་ནས་འགལ་དགོས་བྱུང་རུང་།།

ཚིག་འདི་ཚོ་གཞན་ལ་མ་བཤད།།

ངས་མ་བཤད་ཟེར་ནི་མིན་མོད།།

དེའི་ཡན་གྱི་སེམས་གཏམ་ང་མེད།།

 

༡༢བྲག་དཀར་བོར་སེམས་རེ་ཡོད་ན།།

ཐང་དཀར་བྱ་དང་ངེད་གཉི་ག།

རླུང་སྤུ་གྲིས་དེད་ནས་ཡོང་རུང་།།

བྲག་གཞན་པའི་སྟེང་དུ་མི་འབབ།།

 

ས་བྱང་ལམ་སེམས་རེ་ཡོད་ན།།

གྲོ་རྒྱ་འདོ་བ་ངེད་གཉི་ག།

རྡོ་གོར་མོ་བརྒྱུད་ནད་ཡོང་རུང་།།

ས་བྱང་ལམ་གཞན་དུ་མི་བརྒྱུག།

 

རོགས་ཆུང་ལོར་སེམས་རེ་ཡོད་ན།།

དགའ་ལོ་རོགས་དང་ངེད་གཉི་ག།

གཏམ་མི་ཁས་དེད་ནས་ཡོང་རུང་།།

རོགས་གཞན་པར་རྩེ་ནི་དཔེ་མེད།།

 

༡༣ཁྱོས་བཙུགས་ནོ་མ་སྡོང་ཡིན་ན།།

ཤིང་རལ་ག་ཆག་གི་མ་འཇུག།

ངས་མ་འཇུག་ཟེར་ནི་མིན་མོད།།

ཕྱི་ཤིང་སྣ་མང་བོའི་སྔུན་རེད།།

 

ཁྱོས་བཏབ་ནོ་ལོ་ཏོག་ཡིན་ན།།

ནང་ལྡུམ་ཚེར་སྐྱེ་རུ་མ་འཇུག།

ངས་མ་འཇུག་ཟེར་ནི་མིན་མོད།།

ཕྱི་འབྲུ་སྣ་མང་བོའི་སྔུན་རེད།།

 

ཁྱོད་ལས་ཀྱི་རྩེ་རོགས་ཡིན་ན།།

ཁྱོད་རྩེས་ནས་འགལ་དུ་མ་འཇུག།

ངས་མ་འཇུག་ཟེར་ནི་མིན་མོད།།

ཕྱི་ན་ཟླ་མང་བོའི་སྔུན་རེད།།

 

༡༤བྲག་དཀར་སྒོ་མེའི་ཡར་ནང་ན།།

གཡུ་སྡོང་འབྲུ་ཤུག་སྔོན་མོ།།

བྱ་ཁུ་བྱུག་བློ་ཡོད་ཡིན་སོང་ན།།

ལོ་སྟོང་ལ་ལོ་མ་མི་ལྷུང་།།

 

བྲག་དཀར་སྒོ་མེའི་ཕར་ནང་ན།།

མཚོ་སྔོན་མོ་ན་བུན་སྟོང་ལྡན་ཡོད།།

ཉ་གསེར་མིག་བློ་ཡོད་ཡིན་སོང་ན།།

ལོ་སྟོང་ལ་འགྲམ་དར་མི་ཆགས།།

 

བྲག་དཀར་སྒོ་མེའི་མར་ནང་ན།།

རོགས་དགའ་ལོ་མཐུན་པ་དྲུག་སྐོར་ཡོད།།

རོགས་མ་ལོ་བློ་ཡོད་ཡིན་སོང་ན།།

ཚེ་གང་བོར་སྡེ་ཁ་མི་ཆད།།

 

༡༥ཁུ་བྱུག་བྱ་དང་ཁྱེད་གཉི་ག།

ཕར་རྒྱ་གར་བརྒྱུད་ནས་ཤོག་དང་།།

ཤིང་སྐྱེས་ནས་རལ་ག་ཉམས་རུང་།།

བྱ་མགོ་ནས་ལྷུང་རྒྱུ་དཔེ་མེད།།

 

གསེར་མིག་ཉ་དང་ཁྱེད་གཉི་ག།

ཕར་མཚོ་སྔོན་བརྒྱུད་ན་ཤོག་དང་།།

མཚོ་སྔོན་མོར་འགྲམ་དར་ཆགས་རུང་།།

ཉ་དར་ལ་འབྱར་རྒྱུ་དཔེ་མེད།།

 

ཞེ་མཐུན་མ་ལོ་ཁྱེད་གཉི་ག།

མར་ཚོ་དྲུག་བརྒྱུད་ན་ཤོག་དང་།།

རོགས་རྩེ་ནས་ཚིག་རྟིང་གཉོམ་རུང་།།

རོགས་སྡེ་ཁ་ཆད་རྒྱུ་དཔེ་མེད།།

 

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།