གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་དྲུག་པ་རེབ་གོང་ནས་ཚོགས་པ།

2012-08-20 14:56:00 བྱང་སྒྲ་སྙན་དང་ཁུ་བྱུག་སྔོན་མོ ཀློག་གྲངས། མཆན ཡོད།

 
       
  དང་པོ། སྐབས་དོན། 
བོད་པའི་སྙན་ངག་གི་ཚོགས་པ་གསར་བ་མི་རབས་གསུམ་པའི་རྩོམ་རིག་འདུ་ཚོགས་སྐབས་དྲུག་པ་༢༠༡༢ལོའི་ཟླ་༨པའི་ཚེས་༡༧ནས་༡༩ཉིན་བར་རེབ་གོང་ནས་ཚོགས། 
འདུ་ཚོགས་ལ་མི་རབས་གསུམ་པའི་སྙན་ངག་པ་འབྲུག་ལྗང་སོགས་ཚོགས་མི་དགུ་ཞུགས་ཡོད་པ་དང་། སྙན་ངག་པ་ཁྱུང་ཐར་རྒྱལ་སོགས་རྩོམ་འབྲིའི་ལས་ཀར་དགའ་མོས་ཀྱི་བརྩེ་སེམས་ཁོལ་བའི་མི་སྣ་བཅུ་གཅིག་ཙམ་རེབ་འདིའི་འདུ་ཚོགས་ཀྱི་བར་གསེང་གང་རུང་དུ་མཉམ་ཞུགས་བྱས་པ་མ་ཟད། སྙན་ངག་པ་དཔའ་རྩེ་སོགས་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་དང་སྙན་ངག་པ་བཅུ་དྲུག་གིས་ཁ་པར་སོགས་ལས་རེབ་འདིའི་འདུ་ཚོགས་ཕུན་ཚོགས་ངང་བསྒྲུབས་པ་ལ་བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་ནས་ཡོད་རེད། 
ཚོགས་འདུས་བོད་ཀྱི་སྙན་ངག་གསར་བའི་འདས་མ་ད་གསུམ་གྱི་ལས་ཆོད་གཙོ་བྱས་བོད་རྩོམ་སྤྱིའི་འཕེལ་རིམ་དང་། རྩོམ་རིག་ལོ་ཙྰའི་དགེ་སྐྱོན་སྐོར། སྒྲུང་གཏམ་གསར་རྩོམ་གྱི་ཉེན་ཁ་དང་། རྩོམ་རིག་དཔྱད་བརྗོད་ཀྱི་མི་འདང་ས། སློབ་གསོའི་ལས་རྐང་ནས་རྩོམ་རིག་ལ་འཐམ་པའི་སྤྱི་ཚོགས་འགན་མོས་ཀྱི་འཐུས་ཤོར་སྐོར། མི་རིགས་སྐད་ཡིག་གི་འཇོན་ཐང་དང་མང་གཙོའི་སེམས་ངོ་མཚོན་པའི་འགྲོ་བ་མིའི་རང་དབང་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཏེ། སྙན་ངག་པའི་ལས་ཀ་ནི་གཟུགས་འདས་ཀྱི་བློས་གཏོང་ཚུལ་ཞིག་ཡིན་པས་ན་ང་ཚོས་མིའི་རིགས་ཀྱི་བླ་ན་མ་མཆིས་པའི་རང་དབང་དང་། འདྲ་མཉམ། མང་གཙོ་སོགས་འགྲོ་བ་མིར་ལྷན་སྐྱེས་སུ་མངའ་བའི་རྩོད་མེད་ཀྱི་གདམ་ཀ་དེ་དག་གི་མདུན་དུ་རང་གི་མགོ་བོ་༼གཏུན་ཤིང༽བྱས་ཏེ་སྙན་ངག་གི་འོད་ཟེར་རྟ་རྔ་ཙམ་པོ་དེས་ལོག་སྤྱོད་དང་མུན་ནག་གི་སྤྱི་ཚོགས་ཧྲིལ་བོ་རྨང་ནས་བསྲེག་རྒྱུའི་སྟ་གོན་བརྩམས་ནས་ཡོད་པ་དང་། རྩོམ་རིག་སྒྱུ་རྩལ་ཁོ་ནར་བརྟེན་ཏེ་མི་རིགས་སྐད་ཡིག་ཕུན་ཚོགས་ཇེ་རྒྱས་སུ་གཏོང་བ་གཞིར་བཅས་གསང་བའི་གནས་སུ་བག་ལ་ཉལ་བའི་གཉུག་མའི་སེམས་གཤིས་སྐོར་ཞིག་གི་གསང་བའི་གླེགས་ཐག་དགྲོལ་རྒྱུའི་ཁས་ལེན་དམ་བཅའ་ཡང་བཞག་ནས་ཡོད་དོ། །
  གཉིས་པ། འདུ་ཚོགས་ཀྱི་སྐབས་སུ་གྲོས་ཐག་བཅད་པའི་དོན་བྱ་འགའ།
༡. སྔོན་ཆད་ཀྱི་༼མི་རབས་གསུམ་པ༽ཞེས་པའི་རྩོམ་དེབ་སྤེལ་མཚམས་བཞག་སྟེ་ གསར་བཏོན་དེབ་༼མིག་གསུམ་པ༽ཞེས་པ་གཞུང་གི་དཔེ་སྐྲུན་ཁང་ནས་པར་རྒྱུ།
༢. རྒྱ་འགྱུར་དེབ་༼མི་རབས་གསུམ་པ༽ཞེས་པ་ལོ་ཙྰ་བ་ཆེ་གེ་མོ་ལ་བསྒྱུར་རྒྱུའི་པར་དབང་བསྩལ་བ། 
༣. མི་རབས་གསུམ་པ་ཞེས་པའི་པོད་ཁུག་དྲ་ཚིགས་ལས་རྒྱུ། 
༤. ཚོགས་ཐེངས་རེ་རེ་བཞིན་དེང་རབས་སྙན་ངག་གསར་རྩོམ་མཁན་གྱི་བོད་ཀྱི་སྙན་ངག་པ་བདུན་ལ་སྙན་ངག་པ་དངོས་ཀྱི་མཚན་སྙན་གནང་རྒྱུ། 
༥. ཚོགས་ཐེངས་དྲུག་པ་ནས་དངོས་གཞིའི་འདུ་ཚོགས་ལ་སྐུ་མགྲོན་གདན་ཞུ་མི་བྱེད་རྒྱུ་ཐག་བཅད་པ། 
༦. མི་རབས་གསུམ་པའི་འདུ་ཚོགས་སྐབས་བདུན་པ་མཚོ་སྔོན་མང་རྫོང་ནས་འཚོག་རྒྱུ་ཡིན་པ་བཅས་སོ། །
གསུམ་པ། རེབ་འདིའི་ལས་ཞུགས་ཚོགས་མི།
གུ་རུ་དོན་གྲུབ། ཨ་མདོ་གཅན་ཚ་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན།
མར་ཁུ་རྒྱལ་མཚན། ཨ་མདོ་གཅན་ཚ་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན། རྩོམ་དེབ་༼ཕྲ་མཐོང་ཆེ་ཤེལ༽གྱི་གཙོ་སྒྲིག་པ།
འབྲུག་ལྗང་། ཨ་མདོ་མང་ར་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན།
འབྲོང་ཕྲུག ཨ་མདོ་མང་ར་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན།
རེ་རྐང་གླིང་། ཨ་མདོ་རེབ་གོང་ཡུལ་གྱི་ཚགས་པར་ག་གེ་མོའི་གཙོ་སྒྲིག་གཞོན་པ། ༼རང་གྲོལ༽དེབ་ཀྱི་གཙོ་སྒྲིག་པ། ༼ཟླ་ཟེར༽དུས་དེབ་ཀྱི་གདན་ཞུས་རྩོམ་སྒྲིག་པ།
ས་དཀྱིལ་ཚེ་བཀྲ། ཨ་མདོ་རེབ་གོང་ཡུལ་གྱི་ཚགས་པར་ག་གེ་མོའི་གསར་འགོད་པ། རིག་འབྱུང་དྲ་བའི་རྩོམ་སྒྲིག་པ།
ཐོ་རེངས། ཨ་མདོ་རེབ་གོང་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན། དུས་དེབ་༼གངས་རྒྱན་མེ་ཏོག༽གི་གདན་ཞུས་རྩོམ་སྒྲིག་པ།
བྱང་སྒྲ་སྙན། ཨ་མདོ་རེབ་གོང་ཡུལ་གྱི་ལས་ཁུངས་ག་གེ་མོའི་གཞུང་ཞབས་པ། དགེ་ཆོས་དྲ་བའི་འགན་འཛིན་པ། པོད་ཁུག་ཚགས་པར་༼མི་རབས་གསུམ་པའི༽གཙོ་སྒྲིག་པ།
 
ཁུ་བྱུག་སྔོན་མོ། ཨ་མདོ་རྩེ་གཞུང་ཡུལ་གྱི་སློབ་གྲྭ་ག་གེ་མོའི་དགེ་རྒན།
 རེབ་འདིའི་དང་བླངས་ལས་མི། བྱང་སྒྲ་སྙན། ཁུ་བྱུག་སྔོན་མོ།
  ཟུར་བཀོད།
དང་པོ། འདུ་ཚོགས་སྐབས་དྲུག་པས་༼བོད་ཀྱི་སྙན་ངག་པ་དངོས་ཀྱི་མཚན་སྙན༽གནང་བའི་སྙན་ངག་པ་བདུན་གྱི་མཚན་ཐོ། ༼རྒན་པ་གསུམ་དང་དར་མ་གསུམ། གཞོན་ནུ་གཅིག༽
གཅན་མེ་སྟག
འབྲོང་།
ལྗང་བུ།
གཉན།
ཁྲི་སེམས་དཔའ།
སྐྱབས་ཆེན་བདེ་གྲོལ།
བྱ་མདོ་ཚེ་དབང་ལྷུན་གྲུབ་བཅས་སོ། །
  གཉིས་པ། སྐབས་དྲུག་པའི་འདུ་ཚོགས་སྟེང་མི་རབས་གསུམ་པར་གསར་དུ་ཞུགས་པའི་ཚོགས་མི་ངོ་སྤྲོད།
         སྐྱ་མི། ༼དངོས་མིང་། སྙིང་ལྕགས་རྒྱལ༽ སློབ་གྲྭ་ཆེན་མོ་ག་གེ་མོའི་ཞིབ་འཇུག་སློབ་མ། ཕ་ཡུལ་མདོ་སྨད་རེབ་གོང་། ཚབ་མཚོན་བརྩམས་ཆོས། སྙན་ངག་རིང་མོ། ༼ར་མ་ཎ༽སོགས།
  གསུམ་པ། བྱ་བའི་དབང་གིས་རེབ་འདིའི་འདུ་ཚོགས་ལ་ཞུགས་མ་ཐུབ་པའི་མི་རབས་གསུམ་པའི་ཚོགས་མི་མདོ་སྨད་ཆབ་ཆའི་མེ་ལོང་དང་། ཀན་སུའུ་རྨ་ཆུའི་དུང་། བོད་ལྗོངས་མངའ་རིས་ཀྱི་གཅན་ཆེད་འབར་སོགས་ལ་མཛའ་བརྩེ་ཕྱི་ཐག་མ་ལྷོད་པའི་ངང་རྒྱུད་རིང་བོ་དེས་སེམས་དང་སེམས་ཀྱི་ཚིག་མལ་རེ་རེ་ལ་ལོ་རྒྱུས་ཀྱི་ལག་པ་སྐྱོང་ཚུལ་ཞིག་གིས་མིང་ཡིག་རྡོ་རིང་གཅིག་ལ་བརྐོས་པའི་ལྡོག་མེད་ཀྱི་ལས་དབང་དེས།   ང་ཚོ་ནི་ས་སྒང་འདིའི་སྟེང་གི་ཆེས་ཡིད་དུ་འོངས་པའི་མི་ཞིག་ཏུ་བཞེངས་བསྐྲུན་བྱེད་ཀྱིན་པར་རང་ཉིད་བློ་རྩ་བརྟན་པོའི་ངང་སྙན་ངག་གི་དམ་བཅའ་མི་ལྷོད་པའི་ཞུ་སྙིང་དང་བཅས་ཁམས་འདྲི་ཞུས་པ་ཡིན་ནོ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།