གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

<<མི་རིགས་ཀྱི་རྩོམ་རིག>>གསར་བ།

2013-01-19 18:01:00 <<མི་རིགས་ཀྱི་རྩོམ་རིག&g ཀློག་གྲངས། མཆན ཡོད།

 
  འཇིག་རྟེན་ཆགས་འཇིག་གི་གླེང་གཞི་ངང་གིས་ཞི་ཞིང་ས་ཡི་གོ་ལ་ཟླུམ་པོ་སྔར་ལྟ་བཞིན་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཁོར་ལོ་རུ་ཆད་མེད་དུ་འཁོར་ལ།   མི་ཡི་འཇིག་རྟེན་འདིའང་སྔར་བཞིན་དམངས་གཙོ་དང་སྒེར་གཅོད།   དམག་འཁྲུག་དང་ཞི་བདེ་ལ་སོགས་པའི་ཐག་པ་གང་རུང་གི་མཐའ་སྣེ་རུ་ཕར་ཡོ་ཚུར་ཡོའི་ངང་འཕང་ལོ་བཞིན་འཁོར་ཞིང་གནས་པའི་སྐབས་འདིར།   རང་རེའི་བོད་ཡིག་གི་རྩོམ་རིག་དུས་དེབ་དག་གི་གྲལ་ལ་གསར་དུ་འཁོད་པའི<<མི་རིགས་ཀྱི་རྩོམ་རིག>>རྩོམ་སྒྲིག་ཁང་འདི་ག་ནས་འདས་ཟིན་པའི2012ལོའི་རྩོམ་རིག་གི་འབྲས་བུ་ཙམ་པོ་བ་དེ་ལ་རང་ཚོད་ཀྱི་གདེང་འཇོག་བྱ་བ་དང་དུས་དེབ་འདི་ག་ལ་རྒྱབ་སྐྱོར་གནང་མཁན་གྱི་རྩོམ་པ་པོ་དང་ལོ་ཙཱ་བ་དག་ལ་བཀའ་དྲིན་སྐུ་དྲིན་ཞུ་ཆེད་དུ།  2012ལོའི་ལོ་འཁོར་བྱ་དགའ་ཐོབ་པའི་ལོ་ཙཱ་བ་དང་རྩོམ་པ་པོ་ཁ་ཤས་གདན་དྲངས་ཏེ་བོད་ཀྱི་རྩོམ་རིག་དང་བོད་ཡིག་གི་ཡིག་བསྒྱུར།    འབྱུང་འགྱུར་གྱི་ཁ་ཕྱོགས།    དེ་མིན་གྲངས་ཉུང་མི་རིགས་གཞན་གྱི་རྩོམ་རིག་གི་གནས་ཚུལ་སོགས་ཀྱི་སྐོར་ལ་ཞེ་ལྷོད་ལྷོད་ཀྱིས་རིག་པ་བགྲོ་བའི་གོ་སྐབས་ཡག་པོ་ཞིག་བྱུང་ཞིང་།    ལྷན་ཅིག་དུས་དེབ་ཀྱི་ལེ་ཚན་དང་རྒྱབ་ཤ    ནང་ཉམས་ལ་སོགས་པ་གསར་དུ་བསྒྱུར་པའི་བོད་ཡིག་གི<<མི་རིགས་ཀྱི་རྩོམ་རིག>>གསར་པ་སྟེ2013ལོའི་དེབ་དང་པོ་དེ་ཁོ་ཅག་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་།   གཤམ་དུ་དུས་དེབ་འདི་གའི་ཁྱད་ཆོས་རགས་ཙམ་ཞིག་ངོ་སྤྲོད་པར་བྱའོ།།

◆    ཤོག་ངོས128ཅན་གྱི་བོད་ཡིག་གི་རྩོམ་རིག་དུས་དེབ་ཅིག་ཡིན་པ།
◆    2009ལོར་སྤེལ་མགོ་ཚུགས་ཏེ་ད་ལྟའི་བར་དེབ་གྲངས22སྤེལ་བ།
◆    མིག་སྔར་ད་དུང་ཟླ་ཟུང་དེབ་ཅིག་ཡིན་པ།
◆    གསར་རྩོམ་དང་ཡིག་བསྒྱུར་གཉིས་ཀྱིས་གྲུབ་པ།
◆    རྩོམ་རབ།   བོད་རྩོམ།   སྣ་འཛོམས།   རྒྱང་མིག་བཅས་ལེ་ཚན་གཙོ་བོ་བཞི་དང་།   རྩོམ་ལུས་ཀྱི་ཆ་ནས་སྒྲུང་གཏམ་དང་སྙན་ངག    ལྷུག་རྩོམ་བཅས་གཙོ་བ།
◆    རྩོམ་རབ་ཏུ་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་གྱི་ཉེ་རྩོམ་གྲགས་ཅན་འགོད་པ།   བོད་རྩོམ་དུ་བོད་རང་གི་རྩོམ་པ་པོའི་ཉེ་རྩོམ་ལེགས་གྲས་འགོད་པ།   སྣ་འཛོམས་སུ་གྲངས་ཉུང་མི་རིགས་གཞན་གྱི་རྩོམ་སྣ་ཚོགས་དུས་དེབ་མང་པོ་ལས་བཏུས་ནས་འགོད་པ།   རྒྱང་མིག་ཏུ་འཛམ་གླིང་ལ་སྐད་གྲགས་ཆེ་བའི་རྩོམ་པ་པོའི་རྩོམ་གྲགས་ཅན་འགོད་པ།༼  སྐབས་རེར་པར་ངོས་ཀྱི་དབང་གིས་འགྱུར་བ་ཡོད  ༽
◆    རྩོམ་སྒྲིག་པས་བརྩམས་ཆོས་འདེམས་པ་ཁོ་ན་མ་ཡིན་པར།   ལོ་ཙཱ་བ་སོ་སོས་བརྩམས་ཆོས་ཡག་པོ་བདམས་ནས་བསྒྱུར་བའང་དགོད་རྒྱུ་ཡིན་པ།    པར་ངོས་ཀྱི་དབང་གིས་སྒྲུང་རིང་འབྲིང་དང་སྙན་ངག་རིང་མོ་དགོད་པ་ལ་གནས་སྐབས་དཀའ་ངལ་ཆེ་བ།
◆    འགྲེམ་སྤེལ་གྱི་ལས་ཀ་ཡག་པོ་ཡོང་མེད་པས་བོད་ཁུལ་གྱི་ས་གནས་ཤིན་ཧྭ་དཔེ་འཚོང་ཁང་སོགས་སུ་གནས་སྐབས་ཉོ་ཐུབ་མེད་པ།
◆    སྦྲག་ཐོག་ནས་འགྲེམ་གྱི་ཡོད་ལ་འགྲེམ་ཨང་ནི80-959དང་། དེབ་རེ་ལ་སྒོར12ཡིན་པ།
◆    བསྒྱུར་ཡོན་ནི་ཡི་གེ་སྟོང་གཅིག་ལ་སྒོར130ཡིན་པ།
◆    རྩོམ་བསྐུར་ཡུལ་གྱི་ཨི་མེལ་ཁ་བྱང་ནི tbmzwx@163.com  ཡིན་པ།
◆    བསྒྱུར་རྩོམ་སྐུར་བ་ལ་མ་ཡིག་དང་མཉམ་དུ་སྐུར་དགོས་པ།  
◆    ཀློག་པ་པོ་སོ་སོས་བོད་ཡིག་གི་ཉེ་རྩོམ་ལེགས་གྲས་དང་།   དེ་མིན་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་ཡག་གྲས་སུ་འདོད་པ་དག་དུས་དེབ་འདི་ག་ལ་དམིགས་བསལ་འོས་སྦྱར་ཆོག་པ།     འོས་སྦྱོར་པོ་ལ་དེ་འཚམ་གྱི་གླ་རྔན་སྤྲོད་རྒྱུ་ཡིན་པ།
◆    མི་ནོར་བའི་ཕྱིར་རྩོམ་སྐུར་དུས་རྩོམ་པ་པོའམ་བསྒྱུར་པ་པོའི་སྡོད་གནས་དང་ཞལ་པར།   ཨི་མེལ་ཁ་བྱང་།   སྦྲག་ཨང་སོགས་རྒྱ་ཡིག་གིས་གསལ་པོར་འབྲི་དགོས་པ།
◆    ཡིག་གཟུགས་གང་རུང་གི་ལམ་ནས་བསྐུར་ཆོག་པ།
◆    རྩོམ་སྒྲིག་པའི་ཁ་པར་ཨང་གྲངས13264219075དང་།   གཞུང་ལས་ཁང་གི་ཁ་པར་ཨང་གྲངས010-65016107དང་།   QQཨང་གྲངས287429024ཡིན་པ།
◆    སྒེར་གྱི་བསྒྱུར་རྩོམ་འབྱོར་རྗེས་གཟའ་འཁོར་གཉིས་ཀྱི་ནང་ལ་དགོད་མིན་གྱི་ལན་ལྡོན་རྒྱུ་ཡིན་པ།
◆    རྩོམ་སྒྲིག་པ་ཉུང་བའི་དབང་གིས་རྩོམ་གྱི་མ་ཡིག་དག་སོ་སོས་ཉར་རྒྱུ་གལ་ཆེ་བ་བཅས་སོ།།
                 བོད་ཡིག་གི<<མི་རིགས་ཀྱི་རྩོམ་རིག>>རྩོམ་སྒྲིག་ཁང་ནས།
                     2013ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།