གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེབ་འཕྲིན་ཞིག

2014-07-07 11:29:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

                                      དཔྱད་ཞིབ་དང་དོགས་སློང་ལས་བརྩམས་པའི་བརྡ་སྤྲོད་སྐོར་གྱི་དེབ་གསར་ཞིག
                                                                 — གསར་དུ་ཐོན་པའི་<<བརྡ་སྤྲོད་དོན་གནད་གསེད་བཀྲོལ>>ཞེས་པའི་དཔེ་དེབ་ངོ་སྤྲོད།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། རྩོམ་པ་བོ་འབར་ཞུན་ནམ་མིང་དངོས་ལ་ཤིས་ཚང་མཁྱེན་རབ་རྒྱ་མཚོའམ་སྨྱུག་མིང་ལ་ཤིས་ཚང་ལྗང་མྱུག་ཞུ་བས་བརྩམས་པའི་<<བརྡ་སྤྲོད་དོན་གནད་གསེད་བཀྲོལ་>>ཞེས་པའི་དཔེ་དེབ་དེ་ཉིད་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཏེ་ཚོང་རར་དགྲམ་ལ་ཉེ་འདུག
 
  དེབ་འདིའི་བརྗོད་བྱ་ཧྲིལ་བོ་ནི་ང་ཚོས་རྒྱུན་དུ་མཐོང་བའི་བརྡ་སྤྲོད་ཁྲོད་ཀྱི་ནོར་བ་རྒྱུན་འབྱམས་སུ་སོང་དང་འགྲོ་བཞིན་ཡོད་པ་ཁག་དང་། དེ་མིན་རྒྱུན་དུ་ང་ཚོས་ཡི་གེ་འབྲི་ཀློག་གང་གི་སྐབས་སུ་གོ་འཛོལ་འཁྲུལ་ཉེན་ཆེ་བའི་དོན་གནད་མང་དག་ཅིག་ལ་དཔྱད་ཞིབ་དང་དོགས་སློང་བྱས་ཤིང་། དེ་དང་འབྲེལ་བའི་གཞན་གྱི་དྲི་བ་སྣ་ཚོགས་ལ་ལན་ལྡོན་པ་སོགས་ཀྱིས་གྲུབ་པ་ཞིག་ཡིན་ལ། དེབ་འདི་ནི་རྩོམ་པ་བོས་ད་སྔར་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་ལ་དཔྱད་གླེང་ཉམས་ཞིབ་བྱས་དང་བྱེད་ཀྱིན་པའི་གོ་རིམ་ཁྲོད་བོད་ཀྱི་བརྡ་སྤྲོད་སྤྱིའི་དོན་གནད་རེ་འགའ་དམིགས་སུ་བཀར་ཏེ། བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་ལ་འཇུག་པ་ཀུན་དང་། ལྷག་པར་བོད་ཀྱི་བརྡ་སྤྲོད་དོན་གཉེར་བ་དག་ལ་ཟུར་ལྟ་དང་དཔྱད་གཞིར་ཕུལ་པའི་བརྡ་སྤྲོད་ཀྱི་དེབ་ཅིག་རེད།  
  དེབ་འདིའི་ནང་དོན་ཕལ་ཆེ་བ་ནི་རྩོམ་པ་བོ་ཁོང་གིས་གཉེར་གྱིན་པའི་«འབར་ཞུན་སྐད་འཕྲིན་ཟིན་བྲིས་» ཞེས་པར་བཀོད་ཟིན་པའི་བརྡ་སྤྲོད་དང་འབྲེལ་བའི་རྩོམ་དག་ཡིན་ཞིང་། འདི་ནི་ད་སྔར་བརྡ་སྤྲོད་སྐོར་ནས་བོད་ཀྱི་སྐད་འཕྲིན་གྱི་ཟིན་བྲིས་དེབ་ཏུ་བཅོས་པ་ཆེས་ཐོག་མ་རུའང་གཞག་ཆོག དཔེ་དེབ་འདིའི་ནང་དོན་ཧྲིལ་བོ་དོན་ཚན་ཆེན་པོ་གསུམ་དུ་ཕྱེས་ཡོད་དེ། བོད་ཀྱི་བརྡ་སྤྲོད་སྤྱིའི་དོན་གནད་འགའ་རེ་བྱེ་བྲག་ཏུ་མོལ་བ་དང་། བརྡ་སྤྲོད་དང་འབྲེལ་བའི་གཞན་གྱི་དྲི་བ་སྣ་ཚོགས་ལ་ལན་ལྡོན་པ། རྒྱུན་འབྱམས་སུ་ཕྱིན་པའི་ཡིག་ནོར་འགའ་བྱེ་བྲག་ཏུ་གླེང་བ་བཅས་ཡིན་ལ། དོན་ཚན་སོ་སོར་ཡང་ནང་གསེས་སུ་དོན་གནད་བྱེ་བྲག་པ་དུ་མས་གྲུབ་པར་བྱས་ཡོད།  
  དེའང་དོན་ཚན་གཉིས་པའི་དྲི་བ་དྲིས་ལན་དག་ནི་རྩོམ་པ་བོ་རང་ངོས་ནས་ཆེད་དུ་དྲི་བ་དྲིས་ལན་གྱི་རྣམ་པར་བགྱིས་པ་མ་ཡིན་པར་ངོ་ཤེས་མིན་གྱི་དྲ་གྲོགས་ཚོས་སྔ་ཕྱིར་ཁོང་ལ་ཡིག་ངག་གཉིས་ཐོག་ནས་དྲིས་པའི་དོགས་འདྲི་ཁག་ལ་སྐབས་ཐོག་ཏུ་ཁ་གསལ་གོ་བདེའི་ལམ་ནས་ལན་བཏབ་པ་འབའ་ཞིག་ཡིན་འདུག  
  དེབ་འདི་ཉིད་བརྡ་སྤྲོད་ཀྱི་དཔེ་དེབ་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཞིག་མཆིས་ཏེ།  
   དང་བོ། དེབ་ཏུ་བཀོད་པའི་རྩོམ་ཡིག་དག་ཐོག་མར་ཁ་པར་གྱི་སྐད་འཕྲིན་ཟིན་བྲིས་སུ་སྤེལ་བ་ཡིན་པས་ཚིག་ཉུང་དོན་འདུས་དང་། སུས་ཀྱང་ཀློག་བདེ་ཞིང་ཁ་གསལ་གོ་སླ་བའི་ཁྱད་ཆོས་ལྡན།  
   གཉིས་པ། འདིར་བཀོད་པའི་རྩོམ་ཡིག་ཕལ་ཆེ་བ་ང་ཚོའི་རྒྱུན་ལྡན་གྱི་རྩོམ་འབྲི་སོགས་ཀྱི་སྐབས་སུ་ཕྲད་དང་འཕྲད་ཀྱིན་པའི་དོགས་གནད་སྐོར་ཡིན་པས། བརྡ་སྤྲོད་པའི་གཞུང་ལ་དོན་གཉེར་བྱེད་མཁན་ཙམ་དུ་མ་ཟད། བོད་ཡིག་གི་ལམ་ནས་སློབ་སྦྱོང་དང་ལས་ཀ་གཉེར་མཁན་སུ་ཡིན་ཡང་བེད་སྤྱོད་ཀྱི་རིན་ཐང་བླ་མེད་ལྡན།  
   གསུམ་པ། དེབ་ཀྱི་ཕྱི་ཤོག་འཆར་འགོད་ཇུས་ལེགས་ཤིང་སྤུས་དག་པ། ནང་གི་པར་ངོས་བཀོད་སྒྲིག་བབ་ཆགས་ཤིང་ངོས་གཙང་བ་དང་། ལྷག་པར་རྗོད་བྱེད་ཚིག་སྦྱོར་ལ་དག་ཆ་ལྡན་ཞིང་མགོ་མཇུག་བར་གསུམ་དུ་ཆད་ལྷག་ནོར་སྐྱོན་གྱི་ཆ་ཤིན་ཏུ་ཉུང་།  
   བཞི་བ། གོ་དཀའ་བའི་གཞུང་ལུགས་ཀྱི་བརྡ་ཆད་སོགས་ཀྱིས་མ་སྤྲས་པས། བོད་ཡིག་ལ་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ནའང་གོ་བདེ་སྤྱོད་བདེ་ཡིན་པའི་ཁྱད་ཆོས་ལྡན་པ་བཅས་སོ། །

      [རྩོམ་པ་བོ་ངོ་སྤྲོད་མདོ་བསྡུས།]
       དེབ་འདིའི་རྩོམ་པ་བོ་ཁོང་ནི་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ནང་མདོ་ལྷོ་ཀླུ་ཆུའི་ཡུལ་དུ་སྐྱེས་ཤིང་།   ཆུང་དུས་ནས་རབ་ཏུ་བྱུང་སྟེ་དགོན་སྡེའི་སློབ་གསོའི་འོག་ནས་མཚར་ལོངས་བྱུང་། ཕྱི་ལོ་ ༢༠༠༡ ལོ་ནས་གསར་རྩོམ་གྱི་ལམ་བུར་ཞུགས་ཤིང་། སྔ་ཕྱིར་སྙན་ངག་དང་ལྷུག་རྩོམ། དཔྱད་རྩོམ། འབོལ་རྩོམ། གཞས་ཚིག་སོགས་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་མང་དུ་སྤེལ་བ་ལས་ད་སྔར་<<ལེགས་བཤད་ལྗོན་དབང་གི་འགྲེལ་བ་བློ་གསར་རིག་འབྱེད་ལྡེ་མིག>>དང་<<སུམ་ཅུ་བའི་བཞེད་མཚམས་སོམ་ཉི་གཅོད་པའི་རལ་གྲི>> <<བརྡ་དག་ཕྱེ་མ་ལེབ་ཀྱི་ཚིག་འགྲེལ་བློ་གསར་བགྲོད་པའི་རྐང་སྟེགས>>སོགས་བརྩམས་ཆོས་དེབ་ལྔ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས། ད་ལྟ་གཞུང་ཆེན་སློབ་གཉེར་གྱི་མཇུག་སྐྱོང་བའི་མུར་བརྡ་སྤྲོད་འཆད་སྤེལ་ལ་བརྩོན་བཞིན་ཡོད་དོ།།

                   
  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།