གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་པར་གཞི་གསར་བ་ཤར་གཏོང་བྱས་ཡོད།

2014-12-13 17:53:16 ངེད་དྲ་བ། ཀློག་གྲངས། མཆན ཡོད།

  ནང་དོན་ཕུན་སུམ་ཚོགས་ཤིང་། གཟིགས་སླ་བ་དང་། བྱེད་ནུས་མང་དུ་འཛོམས་པའི་མཆོད་མེ་དྲ་བ་གསར་བ་དེ། ༢༠༡༤ལོའི་ཟླ་༡༢པའི་ཚེས་༡༤ཉིན་བརྩེ་བའི་རྩོམ་པ་པོ་དང་། ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་ཐུབ་པ་བྱུང་ཡོད།
  ཐེངས་འདིར་ངེད་དྲ་བའི་རྩོམ་སྒྲིག་པ་དང་ལག་རྩལ་བས་རྩོམ་སྒྲིག་མ་ལག་གསར་དུ་རྗེ་བ་དང་། རྩོམ་རྙིང་བ་ཉར་ཚགས་བྱེད་པ། དྲ་ངོས་གསར་བ་ཇུས་འགོད་བྱེད་པ། ལེ་ཚན་དགར་བ་སོགས་དཀའ་ཚེགས་ཆེ་བའི་ལས་ཀ་སྣ་ཚོགས་ཉིན་དང་མཚན་བྱས་ཏེ་བསྒྲུབས་མཐར། ད་གཟོད་ལག་རྩལ་གྱི་ཕྱོགས་ནས་དུས་རབས་འདིའི་མདུན་གྲས་སུ་བསླེབས་ཤིང་། ནང་དོན་གྱི་ཆ་ནས་དྲ་བ་གཞན་དང་དཔེ་དེབ། དུས་དེབ་སོགས་གཞན་གང་ལས་ཀྱང་ཕུན་སུམ་ཚོགས་པའི་དྲ་བ་ཆེན་པོ་ཞིག་བཟོས་ཏེ། རི་བོ་གངས་ཅན་པའི་གཙུག་ལག་གི་ཆུ་གཏེར་ཆེན་པོ་དེ་སྔར་ལས་ཇེ་རྒྱས་སུ་གཏོང་བར་རང་གི་ནུས་པས་སྲི་ཞུ་ཙམ་བསྒྲུབས་ཡོད།
  གལ་ཏེ་ཁྱེད་ཀྱིས་འཛམ་གླིང་གི་འཚོལ་བཤེལ་མ་ལག་ཆེ་ཤོས་Googleདང་Bing ཡང་ན་Baiduསོགས་སུ་རྩོམ་རིག་ཅེས་པ་བྲིས་ཚེ་དེ་མ་ཐག་ཁྱེད་ཀྱི་མིག་ལམ་དུ་མངོན་ཡོང་བ་དེ་ནི་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་དྲ་གནས་ཡིན་པ་དང་། དྲ་བའི་འཇིག་རྟེན་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་བོད་ཀྱི་རྩོམ་རིག་གི་ཚབ་མཚོན་ལྟ་བུར་གྱུར་ཡོད། དེ་ནི་ངེད་ཅག་གིས་སྙིང་གི་ཚི་ལུ་སྦར་བའི་མཆོད་མེ་འདི་ཉིད་དྲ་བའི་ཞིང་ཁམས་ཀྱིས་བོད་ཡུལ་མཛེས་པར་བྱེད་པའི་དུས་དང་པོ་ཉིད་ནས་འབར་མགོ་བརྩམས་པས་ཡིན་ལ། འདས་པའི་ལོ་དགུ་རིང་གི་ཉིན་མཚན་ཁོར་མོ་ཡུག་ཏུ་ཀློག་མཁན་རེ་རེའི་སོར་མོའི་འདེགས་འཇོག་གིས་འདི་ཉིད་ལ་སྲོག་དང་སྟོབས་ཤུགས་བསྩལ་བས་ཀྱང་ཡིན། 
 ཐེངས་འདིར་ངེད་ཅག་གིས་དེ་སྔའི་ལེ་ཚན་སུམ་ཅུ་དེ་ད་ལྟའི་ལེ་ཚན་དྲུག་ཅུ་རེ་ལྔར་བཅོས་ཡོད་ལ། ཀློག་བདེ་བ་དང་འཚོལ་བདེ་བའི་ཕྱིར་ཏུ་བོད་ཀྱི་རྩོམ་རིག་དེ་ཉིད་ལེགས་རྩོམ་དང་། ངག་རྩོམ། དེང་རྩོམ་བཅས་རིགས་ཆེན་པོ་གསུམ་དུ་དགར་ཏེ་དེ་དག་རེ་རེའི་ནང་དུ་ཞིབ་མོ་རྣམ་པར་འཐག་པའི་འགྲོས་ཀྱིས་ལེ་ཚན་ཆུང་བ་དུ་མ་བགར་ཡོད། དེ་མིན་ཆེད་ཞུས་ཞེས་པའི་ལེ་ཚན་ཞིག་ཁར་བསྣན་ཏེ་དེང་གི་བོད་ཀྱི་རྩོམ་རིག་གི་གདུང་འདེགས་ཀ་བ་ལྟ་བུའི་རྩོམ་པ་པོ་བཞི་ཆེད་དུ་གདན་དྲངས་ནས་ཁོ་ཚོར་སྒེར་གྱི་ས་མིག་རེ་རེ་སྦྱིན་ཡོད་པ་དང། རིམ་གྱིས་དེར་མོས་པ་ཡོད་པའི་རྩོམ་མཁན་གཞན་འགའ་ཞིག་ཀྱང་གདན་དྲངས་རྩིས་ཡོད།
  དེ་སྔ་རྩོམ་འབྲི་བར་མོས་པ་དག་གིས《ཟླ་ཟེར》དང《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་སུ་རྩོམ་བཀོད་ན་ངོམ་སོ་བྱེད་པ་ཇི་བཞིན་དེང་འདིར་རྩོམ་མཁན་གཞོན་ནུ་དག་གིས་མཆོད་མེ་དྲ་བར་རྩོམ་བཀོད་པ་ལ་དེ་ལྟར་བྱེད་ཅིང་། དུས་དེབ་དང་ཚགས་ཤོག་གིས་རྩོམ་གྱི་ཡན་ལག་གཅོད་བྲེགས་བྱས་ཟིན་པའི་རྩོམ་མཁན་རྒན་པ་དག་གིས་ཀྱང་མཆོད་མེ་དྲ་བ་ནི་ཡིད་ཆེས་སའི་གནས་མལ་ལྟ་བུར་རྩི་བཞིན་ཡོད། དེ་ནི་ངེད་ཅག་གིས་ནམ་ཡང་བརྩམས་ཆོས་ལ་བརྩི་བཀུར་ཞུ་བ་དེ་རྩོམ་པ་པོར་བརྩི་བཀུར་ཞུ་སྲོལ་ཅིག་ཡིན་པ་ཤེས་པས་ཡིན་ལ། རྩོམ་པ་པོ་ཞིག་གི་འདུན་པ་ངོ་མ་དེ་ནི་རང་གི་བརྩམས་ཆོས་དེ་ཉིད་གེགས་དང་བར་ཆད་མེད་པར་ཀློག་མཁན་མང་པོའི་སྤྱན་ལམ་དུ་བསྟར་རྒྱུ་དེ་ཡིན་པ་ལས་བསྟོད་པའི་ཝུ་བ་དང་། བྱ་དགའི་གསོལ་རས་ཙམ་རེག་པའི་ཆེད་དུ་མིན་པ་གསལ་པོར་ཤེས་ཡོད་པས་ཀྱང་ཡིན།
 གཏམ་ཉོག་བསྐྱུར་ནས་དོན་གྱི་རྡོ་ཁ་གླེང་ན། ཐེངས་འདིར་ངེད་ཅག་གིས་གསར་དུ་བཟོས་པའི་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལ་གཤམ་གྱི་བྱེད་ནུས་དག་ལྡན་ཏེ།
  དང་པོ། དེང་གི་བྱེད་ནུས་ཆེས་ཕུན་སུམ་ཚོགས་པའི་རྩོམ་སྒྲིག་མ་ལག་སྟེ། HTML5+CSS3གྱི་ཚད་གཞི་གཞིར་བཟུང་ནས་དྲ་བའི་མ་ལག་ཇུས་འགོད་དང་རྩོམ་སྒྲིག་བྱས་ཡོད་པས་ཀློག་མཁན་གྱིས་ཀློག་བདེ་བ་དང་། རྩོམ་སྒྲིག་པས་རྩོམ་སྒྲིག་བྱེད་བདེ་བར་བྱས་ཡོད།
  
གཉིས་པ། Webfontཡི་བོད་ཡིག་གི་ཡིག་གཟུགས་བཀོལ་ཡོད་པས་ Windows、Mac OS、iOS、Androidསོགས་རྩིས་འཁོར་དང་ཁ་པར་གྱི་མ་ལག་སྣ་ཚོགས་ནས་དྲ་ངོས་ཡག་པོར་འཆར་ཐུབ་པར་མ་ཟད། གལ་ཏེ་ཁྱེད་ཀྱི་ཁ་པར་རམ་རྩིས་འཁོར་དུ་བོད་ཡིག་གི་ཡིག་གཟུགས་བཅུག་མེད་ཀྱང་དེས་ཅི་ཡང་མི་གནོད།
  གསུམ་པ། ཐེངས་འདིར་དྲ་བའི་ནང་གི་བཤེར་འཚོལ་བྱེད་པའི་མ་ལག་སྟོབས་དང་ལྡན་པ་ཞིག་གསར་དུ་བཟོས་ཡོད་པས། རྩོམ་ཡིག་སྟོང་ཕྲག་མང་པོའི་ནང་ནས་ཁྱེད་ལ་མཁོ་བའི་རྩོམ་ཡིག་གཅིག་ཀྱང་མ་ལུས་པར་ཡག་པོར་བཙལ་ཐུབ་ཅིང་། དེ་ནི༼གཞན་དག༽ཅེས་པའི་ལེ་ཚན་ནང་གི༼བཤེར་འཚོལ༽ཞེས་པ་དེ་ཡིན། ཁྱེད་ཀྱིས་རང་ལ་མཁོ་བའི་རྩོམ་ཡིག་དེའི་ཁ་བྱང་ངམ། ཡང་ན་རྩོམ་པ་པོ་ལྟར། ཡང་ན་གང་ཡང་རུང་བར་བརྟེན་ནས་བཙལ་ཆོག་པར་མ་ཟད་བྱེ་བྲག་ཏུ་དུས་ཚོད་མི་འདྲ་བ་དང་། ལེ་ཚན་མི་འདྲ་བར་བརྟེན་ནས་ཀྱང་བཙལ་ཐུབ།
བཞི་བ། དྲ་བའི་ལེ་ཚན་ལ་ཚད་བཀག་མེད་ཅིང་རིགས་དབྱེ་བར་ཞིབ་ཆ་ལྡན་པ་སྟེ། མདུན་ངོས་ཀྱི་ལེ་ཚན་ཆེན་པོ་ཞིག་གི་སྟེང་ལ་ཙིག་རྟགས་བཞག་ཚེ་ཡན་ལག་གི་ལེ་ཚན་ཐམས་ཅད་དེ་མ་ཉིད་དུ་ཤར་ཡོང་ཞིང་། གང་ལ་གང་འཚམས་ཀྱིས་ལེ་ཚན་གསར་བ་ཁར་སྣོན་པ་དང་མི་དགོས་པ་ཕྲི་ཆོག

  དེ་ལྟ་ནའང་རྩོམ་གྱི་བང་མཛོད་འདི་ལྟ་བུ་ཞིག་གཉེར་བར་ངེད་ཅག་མི་རེ་གཉིས་ཀྱི་ཙམ་ནི་ཕུ་ཐུང་རིང་ཡང་ལག་པ་ཐུང་བའི་སྐབས་མང་པོར་འཕྲད་སྲིད་པ་དང་། སེམས་སུ་འདོད་ཀྱང་ལུས་ཀྱིས་མི་ལྕོགས་པའི་དུས་ཀྱང་གང་མང་འདུག་པས། རྩོམ་མཁན་དག་གིས་སྔར་བཞིན་ངེད་ཅག་ལ་རང་གི་བརྩམས་ཆོས་སྐུར་བ་ལས་གཞན་ལེགས་རྩོམ་གྱི་ཡན་ལག་གི་ལེ་ཚན་དག་དང་འཚམས་པའི་རྩོམ་གང་མང་སྐུར་བའི་རེ་བ་ཞུ་བ་ཡིན་ནོ།།

 


ཟུར་བཀོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་དོན་ཆེན་མདོར་བསྡུས།

༢༠༠༥ལོའི་ཟླ་༡༡པར་ཤར་གཏོང་བྱས།
༢༠༠༧ལོའི་ཟླ་༣པར་པོད་ཁུག་ཕྱེ།

༢༠༠༨ལོའི་ཟླ་༡༠པར་ཧི་གཟུཊ་ལ་བསྒྱུར།

༢༠༡༠ལོའི་ཟླ་༡༡པར་པོད་ཁུག་བརྒྱབ།
༢༠༡༤ལོའི་ཟླ་༡༢པར་གསར་དུ་བཟོས།

དེ་རིང་གི་བར་དུ་མཆོད་མེ་དྲ་བའི་རྡེབ་གྲངས 7071495 ཡིན་ནོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།