གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བ་མོང་ཉི་སྡིད་རོགས་དངུལ་ཐེབས་རྩའི་གསལ་བསྒྲགས།

2014-12-30 20:11:22 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

 “སྤྱིར་རང་རྒྱལ་མི་དམངས་ཀྱི་ཁྲིམས་ཀྱི་ཤེས་རྟོགས་དམའ་ཞིང་སྒོས་སུ་བོད་མི་དམངས་ཀྱི་ཁྲིམས་ཀྱི་ཤེས་རྟོགས་དེ་ལས་ཀྱང་དམའ་བས། སྤྱི་ཚོགས་ཁྲོད་དམངས་དོན་དང་གྱོད་དོན་སྣ་ཚོགས་འབྱུང་གི་ཡོད་ཅིང་། དོན་དག་སྣ་ཚོགས་འབྱུང་སྐབས། བོད་ཀྱི་མི་སེར་ཕལ་མོ་ཆེས་ཁྲིམས་ཀྱི་མདུན་ནས་དམངས་དོན་དང་གྱོད་དོན་རྩོད་གྱི་མི་འདུག་ལ་རྩོད་ཀྱང་ཤེས་ཀྱི་མི་འདུག དེའི་གནད་ནི། ཕྱོགས་གཅིག་ནས་སྐད་གཉིས་ཁྲིམས་རྩོད་པ་ཉུང་དྲགས་པས་ཡིན་ལ། ཕྱོགས་གཞན་ཞིག་ནས་ང་ཚོས་རང་རྒྱལ་གྱི་བཅའ་ཁྲིམས་ཀྱི་དགོངས་པ་སྟེ་སྐད་གཉིས་ཁྲིམས་རྩོད་ཀྱི་བྱ་རིམ་དེ་ལག་ལེན་དོན་འཁྱོལ་མཐར་ཕྱིན་པ་ཞིག་བྱས་ཐུབ་མེད་པས་ཡིན། དེས་ན། ང་ཚོས་སྔོན་དང་མ་འདྲ་བར་རང་རྒྱལ་གྱི་བཅའ་ཁྲིམས་ཀྱི་དགོངས་པ་དོན་འཁྱོལ་ལག་ལེན་བྱེད་དགོས་ན། མི་སེར་ཚོ་ལ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་ཀྱི་གོ་རྟོགས་སྤེལ་དགོས་རྒྱུ་ནི། གཟུར་མེད་ཀྱི་འགན་འཁྲི་ཉག་གཅིག་ཡིན་སྟབས། སྐད་གཉིས་ཁྲིམས་རྩོད་པ་གསོ་སྐྱོང་བྱེད་པ་ནི། བདག་གིས་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་བསྩལ་བའི་སྐད་གཉིས་ཁྲིམས་རྩོད་ཀྱི་ཐོབ་ཐང་དར་སྤེལ་གཏོང་བའི་ལམ་ཁ་ཡག་ཤོས་ཤིག་ཏུ་འདོད་ཡོད་ལ། ཁྲིམས་བརྩི་བའི་ཀུན་སློང་ཡག་པོ་ཞིག་གི་གསོས་འདེབས་ཀྱང་ཡིན་པར་འདོད་ཡོད། དེས་ན། སྦྱོར་བ་འདིས་སྤྱི་ཚོགས་འཆམ་མཐུན་དང་དམངས་སྐྱིད་བདེ་འཁྲིད་ལ་རམ་འདེགས་ཕྲན་ཙམ་ཞུ་ཐུབ་པར་བསམ་ནས། བདག་གིས་སྐད་གཉིས་ཁྲིམས་རིག་སྦྱོང་མཁན་དག་ལ་རོགས་དངུལ་གྱི་མཐུན་རྐྱེན་སྦྱོར་བར་འདོད། མཐར། བོད་ཀྱི་མི་དམངས་ཀྱིས་ཁྲིམས་འདི་ཤེས་པར་སྨོན། བོད་ཀྱི་མི་དམངས་ཀྱིས་ཁྲིམས་འདི་བརྩི་བར་སྨོན། བོད་ཀྱི་མི་དམངས་ཁྲིམས་འདི་ལ་མོས་པར་སྨོན་པའི་འདུན་པ་གྲངས་མེད་ཞུས་པ་ཡིན།” __བ་མོང་ཉི་སྡིད་ནས།

བྱེ་བྲག་ཚན་པ། “སྐད་གཉིས་ཁྲིམས་རྩོད་པ་གསོ་སྐྱོང་རོགས་དངུལ།”

ཁྱེད་ཉིད་ཀྱིས་ཁྲིམས་ལུགས་རིག་པར་སློབ་གཉེར་གནང་སྟེ། སྐད་གཉིས་ཁྲིམས་རྩོད་པ་ཞིག་དང་ཁྲིམས་རིག་ལོ་ཙཱ་པ་ཞིག་བྱེད་བསམ་ན། ཁྱེད་ཀྱིས་ཁྲིམས་རིག་སློབ་གླིང་རང་ཉིད་ཀྱིས་བཙལ་ཏེ། ཁྲིམས་རིག་སློབ་གླིང་གི་ངོས་ལེན་ཡི་གེ་རག་ཡོད་ཚེ། ཕོ་མོ་དང་ལུང་ཚན་གྱི་རིགས་དབྱེ་མེད་པར་ཁྱེད་ལ་ང་ཚོའི་རོགས་དངུལ་འཐོབ་པར་སྙན་ཞུ་འབུལ་བའི་ཆ་རྐྱེན་ཚང་ཡོད།

ང་ཚོས་རོགས་དངུལ་འབུལ་ཡུལ་གྱི་ཁྲིམས་རིག་སློབ་གཉེར་པ་ལ་དངོས་སྦྱོང་དང་ཟུར་སྦྱོང་གི་རིགས་གཉིས་ཡོད།

དངོས་སྦྱོང་ནི། མཐོ་རྒྱུགས་སྤྲད་རྗེས་ཁྱེད་ཀྱིས་ཁྲིམས་རིག་སློབ་གླིང་གང་རུང་ཞིག་བདམས་ནས་གང་དེའི་ངོས་ལེན་ཡི་གེ་འབྱོར་ཏེ་ཐེག་པར་རིམ་འཛེགས་ཀྱིས་ཁྲིམས་རིག་སྦྱོང་བའི་རིགས་ལ་གོ་དགོས། རིགས་འདིའི་གྲས་ལ། གལ་སྲིད། ཁྱེད་ལ་འཇོན་ནུས་ཡོད་ཚེ། རྗེས་མར་ཁྱེད་ཀྱིས་ཨ་རི་དང་ཡོ་རོབ་གང་རུང་ལ་ཁྲིམས་ལུགས་རིག་པའི་ཞིབ་འཇུག་དང་འབུམ་རམས་ཀྱི་བསླབ་གནས་གཉེར་ཡང་། ང་ཚོའི་རོགས་དངུལ་འཐོབ་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད།

ཟུར་སྦྱོང་ནི། སློབ་ཆེན་གང་རུང་མཐར་ཕྱིན་པའམ། ཡང་ན། སློབ་ཆེན་དུ་མ་ཕྱིན་ཡང་། ཁྱེད་ལ་སྐད་གཉིས་ཀྱི་བྱང་ཚད་མཐོ་བོ་ཡོད་པ་དང་། ཁྲིམས་རྩོད་པ་ཞིག་བྱེད་པའི་འདུན་པ་ཡོད་ཚེ། ཁྲིམས་རིག་སློབ་གླིང་ནི་སོ་སོས་བཙལ་ནས་གང་དེའི་ངོས་ལེན་ཡི་གེ་འབྱོར་ཞིང་སློབ་གླིང་དེའི་ཟུར་ཞུགས་སློབ་མའི་རིགས་ལ་གོ་དགོས།
གོང་གི་དངོས་སྦྱོང་ཚན་པ་དང་ཟུར་སྦྱོང་ཚན་པ་གང་ཡིན་ཀྱང་། ཁྱེད་ལ་ཁྲིམས་རྩོད་པའི་ཚད་ལྡན་ལག་རྟགས་རག་དགོས་ཡོད་ལ། འབྱུང་འགྱུར་ཁྲིམས་རྩོད་པའི་ངོ་བོའི་ཐོག་ནས་ཀྱང་གནས་དགོས་ཡོད། དེང་རབས་ཅན་གྱི་ཁྲོམ་རའི་སྤྱི་ཚོགས་ཁྲོད། ཁྲིམས་རྩོད་པའི་ཡོང་འབབ་ནི་འབྲིང་གི་རབ་ལ་གཏོགས་ཀྱི་ཡོད་པས། ང་ཚོའི་རོགས་དངུལ་ཐོབ་པའི་ཁྱེད་ཀྱིས་ཁྲིམས་རྩོད་པའི་གླ་ཆ་འབོར་ཆེན་གཏམ་མི་ཆོག འདིའི་རིགས་ང་ཚོའི་གན་རྒྱ་ནང་གསལ་བོར་འཁོད་ཡོད།

ཁྱེད་ཀྱིས་ཁྲིམས་རིག་སློབ་གླིང་གང་རུང་དུ་ཁྲིམས་རྩོད་པའི་ཆེད་ལས་སློབ་གཉེར་གནང་སྟེ། ཁྲིམས་རྩོད་པའི་ལག་རྟགས་ཐོབ་པའི་སྒང་ལ། ད་དུང་ཁྱེད་ལ་འབྲི་རྩོམ་གྱི་འཇོན་ནུས་ཡོད་ཚེ། ཁྲིམས་རྩོད་པའི་ངོ་བོའི་གནས་ཐོག་གནས་མ་ཐུབ་ཀྱང་། འཛམ་གླིང་གི་ཁྲིམས་རིག་གསུང་རྩོམ་གྲགས་ཅན་བོད་འགྱུར་བྱ་བའི་ལས་ཀར་འཇུས་ཆོག་ཅིང་། ཁྱེད་ཀྱི་འགྱུར་དེབ་གང་དེའི་དཔེ་སྐྲུན་འགྲོ་གྲོན་ལ་ང་ཚོས་མཐུན་རྐྱེན་སྦྱོར་ངེས་ཡིན།

གལ་སྲིད། ཁྱེད་ལ་ཁྲིམས་རིག་སློབ་གླིང་གང་དེའི་ཡི་གེ་འབྱོར་ཞིང་དེར་འཛུལ་ཞུགས་བྱེད་པར་བློ་ཐག་བཅད་རྗེས། ང་ཚོར(གཤམ་གྱི་ཡིག་ཟམ་དེ་བརྒྱུད་ནས)སྙན་ཞུ་འབུལ་དགོས། སྙན་ཞུ་གང་དེའིི་ནང་། རང་ཉིད་ངོ་སྤྲོད་ཀྱི་ཡི་གེ་ཁ་གསལ་ཞིག་དང་། ཐོབ་ཐང་ལག་འཁྱེར་གྱི་པར་བཤུས་གཅིག སློབ་གླིང་དེར་ཕྱིན་ནས་རང་ཉིད་ཀྱིས་ཁྲིམས་རིག་ཇི་ལྟར་སྦྱོང་འདོད་ཀྱི་འཆར་གཞི་ཡིག་འབྲུ་ཆིག་སྟོང་ལྔ་བརྒྱ་ལས་མ་ཉུང་པ་ཞིག་བཅས་བསྐུར་དགོས་ཡོད།

འབྲེལ་གཏུག་མི་སྣ། དགུ་རོང་སྤུན་གྲོལ།
འབྲེལ་གཏུག་ཡིག་ཟམ། pamongfund@sina.com
འབྲེལ་གཏུག་ཨང་གྲངས། 188-0973-6629 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།