གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་སྒྲུང་རིང《བོད་ཀྱི་གཅེས་ཕྲུག》ཉི་ཧོང་གི་སྐད་དུ་བསྒྱུར་ཏེ་པར་སྐྲུན་བྱས་པ།

2015-01-16 14:42:39 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

QQ图片20150116142757-1.jpg

  ཉེ་ལམ། བོད་ཀྱི་ན་གཞོན་སྒྲུང་གཏམ་པ་ལྷ་བྱམས་རྒྱལ་གྱི་སྒྲུང་རིང་ཐོག་མ་བོད་ཀྱི་གཅེས་ཕྲུག་ཅེས་པ་དེ་ཉི་ཧོང་གི་སྐད་དུ་བསྒྱུར་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། ༢༠༡༥ལོའི་ཟླ་དང་པོའི་ནང་དུ་ཉི་ཧོང་གི་བྷེན་སའེ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བརྒྱབ་ཅིང་འགྲེམས་སྤེལ་བྱས་འདུག་པའི་གསར་འགྱུར་ཐོན་འདུག རྒྱུས་ལོན་བྱུང་བ་ལྟར་ན་དེབ་འདི་ནི་བོད་ཀྱི་དེང་རབས་བོད་ཡིག་རྩོམ་རིག་ལས་སྒྲུང་རིང་ཉི་ཧོང་གི་སྐད་དུ་བསྒྱུར་བའི་བརྩམས་ཆོས་ཐོག་མར་ངོས་བཟུང་ཆོག་པར་སྐད། སྒྲུང་གཏམ་འདི་ཉི་ཧོང་གི་སྐད་དུ་སྒྱུར་མཁན་ནི་ཐོ་ཁྱེའོ་ཕྱི་ཡིག་སློབ་གྲྭ་ཆེན་མོའི་ལོ་ཙཱ་བ་ལྕམ་སྐུ་ཞབས་འཆི་མེད་ལགས་ཡིན་ལ། ཁོ་མོ་དོན་གྲུབ་རྒྱལ་དང་པད་མ་ཚེ་བརྟན་གྱི་སྒྲུང་གཏམ་ཉི་ཧོང་གི་སྐད་དུ་སྒྱུར་མཁན་ཉི་ཧོང་གསེར་ཉ་ཚོགས་པ་ཞེས་པའི་ཁོངས་མི་རེད། གསེར་ཉ་ཚོགས་པ་ནི་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་དང་དེ་ཉིད་ཉི་ཧོང་གི་ཡི་གེར་སྒྱུར་བའི་ཚོགས་པ་ཞིག་ཡིན་ལ། ཁོང་ཚོས་དུས་ངེས་མེད་དུ་བོད་རྩོམ་ཉི་སྐད་ལ་བསྒྱུར་ཏེ་དེབ་པར་སྐྲུན་བྱེད་པ་ལས་གཞན་ཉི་ཡིག་གི་བོད་རྩོམ་ལོ་དེབ《གསེར་ཉ》རྩོམ་སྒྲིག་བྱེད་ཀྱིན་ཡོད། 
QQ图片20150116142745.jpg

QQ图片20150116142810.jpg
  
  བོད་ཀྱི་གཅེས་ཕྲུག་ནི་ལྷ་བྱམས་རྒྱལ་གྱིས་བརྩམས་གནང་མཛད་པའི་སྒྲུང་རིང་དང་པོ་དེ་ཡིན་ལ། པར་གཞི་དང་པོ་དེ་སྐུ་ཞབས་བཀྲ་བྷས་གཙོ་སྒྲིག་གནང་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་དཔེ་མཛོད་དེབ་ཚོགས་ཞེས་པར་བསྡུས་ནས་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བཏབ་ནས་༢༠༡༢ལོར་འགྲེམས་སྤེལ་གནང ་ཡོད་ཅིང་། པར་གཞི་གཞན་ཞིག་རྒྱ་གར་ཏུ་ཡང་པར་བསྐྲུན་འགྲེམས་སྤེལ་བྱས་འདུག པར་གཞི་གསུམ་པ་དེ་ད་ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་སྐྲུན་གྱི་ཇུས་འགོད་དུ་ཚུད་འདུག གཞན་རྒྱུས་ལོན་བྱུང་བ་ལྟར་ན་སྒྲུང་གཏམ་འདི་ཉེ་ལམ་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་ལུང་རིན་ཆེན་ལགས་ཀྱིས་རྒྱ་ཡིག་ཏུ་སྒྱུར་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག སྒྲུང་རིང་འདིའི་ནང་དུ་གཙོ་བོ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་གི་བོད་ཀྱི་རི་གྲོང་ཞིག་གི་གནས་ཚུལ་དང་དེ་ལས་འཚར་ལོངས་བྱུང་བའི་ཕྲུ་གུ་བཞི་ཡི་མི་ཚེའི་བརྒྱུད་རིམ་བྲིས་པ་བརྒྱུད་ནས། དུས་རབས་ཀྱི་འགྱུར་ལྡོག་ཆེན་པོའི་ཁྲོད་ནས་བོད་མིའི་མི་ཚེའི་མདུན་ལམ་དང ་ལས་དབང་བྲིས་ཡོད་ལ། ཚིག་གི་སྤྲོས་བརྗོད་དང་བྱུང ་རིམ་ཇུས་འགོད། བསམ་བློའི་ནང ་དོན་སོགས་མཚོན་ཚུལ་ལ་རྩོམ་པ་པོ་རང་ཉིད་ཀྱི་ཁྱད་གཤིས་མངོན་པར་གསལ་བའི་བརྩམས་ཆོས་ཤིག་ཡིན་པ་དང་། ཀློག་པ་པོ་གང་མང་ཞིག་གིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།