གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་འབུམ་རྒྱལ་གྱི་གསར་རྩོམ་གྱི་བརྒྱུད་རིམ་ལ་ལྟ་བ་ཞེས་པའི་བྱེད་སྒོ་མང་རྫོང་དུ་སྤེལ་བ།

2016-03-31 13:13:43 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

31-109045-10.jpg

  སྤྱི་ཟླ3པའི་ཚེས25ཉིན་གྱི་དགོང་མོར། མང་རྫོང་མི་རིགས་སློབ་འབྲིང་གིས་རྩོམ་རིག་སློབ་གསོའི་བྱ་འགུལ་ཏེ་དགེ་རྒན་སྟག་འབུམ་རྒྱལ་གྱི་གསར་རྩོམ་བརྒྱུད་རིམ་ལ་ལྟ་བ་ཞེས་པ་དེ་སློབ་གྲྭའི་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད། བྱ་འགུལ་འདི་ནི་མང་རྫོང་མི་རིགས་སློབ་འབྲིང་སློབ་སྟོན་ཁང་གི་རྒྱབ་སྐྱོར་དང་ཐོན་ཨུའི་རྩ་འཛུགས་འོག་ཏུ། ཞིང་སྡེ་གཞོན་ནུ་ཕོ་བྲང་གིས་གཙོ་སྒྲུབ་མཛད་ཅིང་། ཚོགས་ཐོག་ཏུ་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་དགྲ་འདུལ་རྒྱལ་དང་སློབ་གཙོ་གཞོན་པ་བཀྲ་ཤིས་ཚེ་བརྟན། སློབ་སྟོན་ཀྲུའུ་རིན་བསོད་ནམས་དབང་རྒྱལ་སོགས་སློབ་གྲྭའི་འགོ་ཁྲིད་དང་། དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོ་སོགས་མང་རྫོང་མི་རིགས་སློབ་འབྲིང་གི་སྐད་ཡིག་དགེ་རྒན་དང་སློབ་ཕྲུག600ཉེ་བ་ཞིག་ཚོགས་པ་རེད།

     ཚོགས་ཐོག་ཏུ། སློབ་གཙོ་དགྲ་འདུལ་རྒྱལ་གྱིས་སྤྱིར་སྐད་ཡིག་ཁྲིད་སྦྱོང་གི་ཐབས་ལམ་ལེགས་ཤོས་དེ་ནི་འབྲི་ཀློག་གཉིས་ཀྱི་སྟེང་ན་ཡོད་པ་དང་། འབྲི་ཀློག་གཉིས་ཀྱང་སློབ་ཁྲིད་དང་སློབ་དེབ་ཁོ་ན་ཙམ་མ་ཡིན་པར། སྔོན་བྱོན་མཁས་པ་དང་དེང་རབས་རྩོམ་པ་པོའི་བརྩམས་ཆོས་ལྟ་ཀློག་གི་གོ་རིམ་དེ་ཡིན་པས། མང་རྫོང་མི་རིགས་སློབ་འབྲིང་གིས་ཆེད་དུ་དེང་རབས་བོད་ཀྱི་རྩོམ་སྟེགས་སུ་གོ་གནས་གལ་ཆེན་བཟུང་ཡོད་པའི་དགེ་རྒན་སྟག་འབུམ་རྒྱལ་ནར་སོན་གྱི་ལོ་ཟླ་དང་སློབ་གཉེར་གྱི་བརྒྱུད་རིམ། གསར་རྩོམ་གྱི་མྱོང་བ་བཅས་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པའི་བྱ་འགུལ་འདི་འདྲ་ཞིག་སྤེལ་བའི་དམིགས་ཡུལ་བསྟན་པ་དང་། ཁོང་གིས་ད་དུང་དགེ་རྒན་སྟག་འབུམ་རྒྱལ་ནི་མང་རྫོང་མི་རིགས་སློབ་འབྲིང་མ་ཟད། བོད་ཁུལ་ཡོངས་ན་སྙན་གྲགས་ཧ་ཅང་ཆེ་བའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། མང་རྫོང་ནས་སྐྱེས་ཏེ་འཚར་ལོངས་བྱུང་ཞིང་མང་རྫོང་ནས་སློབ་གསོ་མྱངས་ཏེ་ཕྱིར་མང་རྫོང་ནས་སློབ་གསོ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། བྱ་འགུལ་འདི་ནི་མང་རྫོང་མི་དམངས་ཀྱིས་དགེ་རྒན་སྟག་འབུམ་རྒྱལ་ལ་ཡི་རང་དང་བཀུར་བསྟི་བྱེད་སྟངས་ཤིག་ཀྱང་ཡིན་པར་གསུངས།

     དགེ་རྒན་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་ཀྱི་བརྗོད་བྱ་ཕལ་ཆེ་བ་ནི། རོང་འབྲོག་ས་ཁུལ་དུ་འཚོ་གནས་ལ་རོལ་བཞིན་པའི་མི་སེར་དཀྱུས་མའི་ལས་དབང་དང་རྒྱུན་གཏན་གྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཚོན་པ་གཙོ་བོར་བྱས་ཡོད་པས། ཁོང་ནི་བོད་ཀྱི་ཞིང་གྲོང་གི་རྩོམ་པ་པོའི་ཚབ་མཚོན་མི་སྣ་རེད་ཅེས་བརྗོད་ན་ཆོག་སྟེ། དེ་ནི་ཁོ་རང་ཉིད་ཀྱི་འཚོ་བ་ཡིན་པ་དང་ཁོ་རང་ཉིད་ཆེས་ཆ་རྒྱུས་ཡོད་པའི་འཚོ་བ་ཡིན་ལ། འཚོ་བ་དེ་དག་བརྩམས་ཆོས་ཀྱི་ནང་དུ་དྲངས་པས།  དངོས་ཡོད་དང་འཆར་ཡན་གྱིས་ཕྱུག་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་རེ་རེ་བརྩམས་གྲུབ་བྱུང་བ་རེད།  དེ་བཞིན་དུ་ཁོང་ནི་བོད་ཀྱི་སྒྲུང་གཏམ་རྩོམ་པ་པོའི་ཁྲོད་ནས་བརྩམས་སྒྲུང་གི་ཁ་གྲངས་ཆེས་མང་བའི་རྩོམ་པ་པོའི་གྲས་ཤིག་ཀྱང་ཡིན། ཁོའི་བརྩམས་ཆོས་མང་པོ་ཞིག་མི་གཤིས་དང་ཚུལ་མིན་མི་གཤིས་བར་གྱི་འགལ་འདུ་དང་། ཕུགས་བསམ་དང་དངོས་ཡོད་བར་གྱི་འགལ་འདུ་སོགས་མཚོན་པ་ལྷུར་དུ་བླངས་ཡོད་པས། དེ་ལས་ཁོས་མི་གཤིས་གསོ་སྐྱོང་དང་མི་རྣམས་ལ་བསམ་གཞིག་གི་བར་སྣང་ཞིག་བཞེངས་སྐྲུན་བྱེད་པ་ཤེས་ཐུབ།

     བྱ་འགུལ་འདི་ནི་དགེ་རྒན་སྟག་འབུམ་རྒྱལ་གྱི་གཏམ་བཤད་ཁོ་ན་ཙམ་མ་ཡིན་པར། ན་གཞོན་སློབ་གསོ་བ་རྨེ་རུ་སོན་གསར་སོགས་ཀྱིས་ཁོང་གི་བརྩམས་ཆོས་དང་འབྲེལ་ནས་དཔྱད་གཏམ་སྤེལ་བ་དང་། ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བ་གཙོས་པའི་སློབ་ཕྲུག་ཚོས་ཁོང་གི་བརྩམས་ཆོས་གྱེར་འདོན་དང་འཁྲབ་སྟོན་བྱས། གཞན་ཡང་བྱ་འགུལ་གྱི་བར་གསེང་ནས་གཞོན་སྐྱེས་བྲིས་པ་ཟུར་གཙང་གཡང་འབུམ་གྱིས་ཡིག་གཟུགས་ཀྱི་ལེགས་སྐྱེས་ཕུལ་བ་དང་། བོད་ཡིག་དགེ་རྒན་དག་གིས་རྟེན་འབྲེལ་གྱི་ཁ་བཏགས་ཕུལ་བ་ལྟ་བུས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། རྣམ་པ་མི་འདྲ་བའི་སྒོ་ནས་བརྩམས་ཆོས་ལ་རོལ་མྱོང་བྱེད་པའི་གོ་སྐབས་འདྲ་མིན་བྱིན།


རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།