2026ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཁ་ན་ཌའི་བུད་མེད་སྙན་ངག་པ་ཨཱན· ཁཱར་སོན་ལ་ཐོབ་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། པེ་ཅིང་གི་ཡུལ་རྩིས་ཀྱི་2026ལོའི་ཟླ10པའི་ཚེས་8ཉིན་གྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2026ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་“མོས་གནའ་བོའི་སྲོལ་རྒྱུན་དང་ལྷན་དུ་རྩེད་མོའི་ཚུལ་གྱིས་གླེང་མོལ་བྱས་པ་བརྒྱུད། དེང་རབས་རྩོམ་རིག་ལ་ལམ་སྲོལ་གསར་པ་བཏོད་པའི་སྤོབས་པ་ཆེ་ཞིང་གསར་གཏོད་ཀྱི་ཉམས་ཀྱིས་ཕྱུག་པའི་བརྩམས་ཆོས་ཡོངས་ཀྱི་ཕྱིར་དུའོ”ཞེས་པ་རྒྱུ་མཚན་དུ་དྲངས་ནས་ཁ་ན་ཌའི་བུད་མེད་སྙན་ངག་པ་ཨཱན·ཁཱར་སོན་ལ་ཐོབ་པ་ཁྱབ་བསྒྲགས་བྱས།
ཨཱན· ཁཱར་སོན(Anne Carson,1950-)ནི་དེང་འདིར་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་ཁ་ན་ཌའི་བུད་མེད་སྙན་ངག་པ་དང་། རྩོམ་པ་པོ། ལོ་ཙཱ་བ་ཞིག་ཡིན།
ཁོང་མོ་སྤྱི་ལོ་1950ལོའི་ཟླ་དྲུག་པར་གྲོང་ཁྱེར་ཆེན་པོ་ཊོ་རོན་ཊོ་རུ་འབྱོར་འབྲིང་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། ཁྱིམ་ཚང་དེས་ཁོང་མོའི་རྣམ་དཔྱོད་ཀྱི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་མོའི་ཕ་རྒན་ནི་དངུལ་ཁང་གི་ལས་ཀ་བ་ཞིག་དང་། ཨ་མ་ནི་ཁྱིམ་བདག་མ་ཞིག་ཡིན་ཞིང་མོས་ཁཱར་སོན་ལ་སྐད་ཆ་དང་རྩོམ་རིག་ལ་དགའ་བ་སྐྱེད་པའི་མཐུན་རྐྱེན་སྦྱར། ཁཱར་སོན་ཆུང་དུས་ནས་སྐད་ཆའི་ཕྱོགས་ལ་རྣམ་དཔྱོད་ཆེན་པོ་འཛོམས་ཤིང་ཁྱད་པར་དུ་མོས་ཚིག་གི་སྒྲ་དང་འགྱུར་ཁུག་ལ་དོ་སྣང་ཆེན་པོ་བྱེད་པ་དེ་ཕྱིས་སུ་མོའི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད། ཁཱར་སོན་གྱིས་བྱིས་དུས་ནས་གནའ་བོའི་འཇིག་རྟེན་ལ་དོ་སྣང་ཆེན་པོ་བྱས་ཤིང་ཁོང་མོས་སློབ་འབྲིང་སྐབས་ལ་ཊིན་སྐད་སྦྱོང་འགོ་བཙུགས། གནའ་བོའི་སྙན་ངག་གི་གནད་ལ་འཁེལ་ཞིང་སེམས་ཚོར་སྟོན་པའི་ནུས་པས་མོའི་ཡིད་དབང་ཅིག་ཅར་ཕྲོགས། དེར་བརྟེན་ཁོང་མོས་དེང་རབས་ཀྱི་ཡི་གེར་བརྟེན་ནས་གནའ་བོའི་གྷི་རིག་གི་རྩོམ་རིག་ལ་གསར་གཏོད་ཀྱིས་ཡིག་སྒྱུར་དང་འགྲེལ་བཤད་ཐུབ་པའི་རྨང་བརྟན་པོར་བཏིངས།
ཁཱར་སོན་གྱིས་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོར་གནའ་རབས་རྩོམ་རིག་ལ་སློབ་སྦྱོང་མཐར་འཁྱོལ་བྱས་ཤིང་། མོ་1974ལོར་ཆེས་མཐོའི་མཚན་རྟགས་དང་བཅས་སློབ་མཐར་ཕྱིན་པ་དང་། སྐབས་དེ་ནས་བཟུང་མོས་གནའ་བོའི་སྙན་ངག་གི་རྩོམ་ཆོས(Text)ལ་གོ་བ་དམིགས་བསལ་བ་ཞིག་ལེན་གྱིན་ཡོད་ཅིང་གོ་བ་ལེན་སྟངས་དེས་དེང་གི་མི་དང་གནའ་རབས་རྩོམ་རིག་གི་བར་དུ་འབྲེལ་ཟམ་གསར་པ་ཞིག་བཙུགས། སློབ་ཆེན་ནས་མཐར་ཕྱིན་རྗེས་ཁར་སོན་གྱིས་མུ་མཐུད་དུ་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོར་མཐར་ཕྱིན་སློབ་གཉེར་བྱས་ཏེ་1975ལོར་རྩོམ་རིག་གི་རབ་འབྱམས་པའི་བསླབ་གནས་ཐོབ། ཁོང་མོའི་རབ་འབྱམས་པའི་དཔྱད་རྩོམ་ནི་གྷི་རིག་གི་སྙན་ངག་མཁན་སཱ་ཧྥོ(Sapphoསྟེ། སྤྱི་ལོ་སྔོན་གྱི་ལོ་630ནས་570བར་འཚོ་བཞུགས་གནང་བའི་གནའ་བོའི་གྷི་རིག་གི་བུད་མེད་སྙན་ངག་པ་ཞིག་སྟེ། ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་སུ་ཆེས་གལ་འགངས་ཆེ་བའི་དུང་བརྗོད་སྙན་ངག་པ་ཞིག་ཡིན། མོའི་བརྩེ་དུང་། འདོད་པ། མིའི་འབྲེལ་བ། མཛེས་སྡུག་སོགས་བརྗོད་བྱར་བྱས་པའི་སྙན་ངག་དག་ནི་སྒྲ་སྙན་སོགས་རོལ་ཆའི་དབྱངས་དང་བསྡེབས་ཏེ་གླུར་ལེན་ཆོག་པ་ཞིག་ཡིན། མོའི་སྙན་ངག་ཏུ་ལྷག་དོན་བུད་མེད་བར་གྱི་བརྩེ་བ་དམིགས་སུ་བཀར་ཏེ་བྲིས་ཡོད་པས་དབྱིན་ཡིག་ནང་བུད་མེད་གྱི་རྟག་མཐུན་བརྩེ་གྲོགས་ལ་སྤྱོད་པའི་མིང་Lesbianཞེས་པ་མོའི་ཕ་ཡུལ་གྱི་མིང་ལས་བྱུང་བ་ཡིན། མོར་བརྩམས་ཆོས་པོ་ཏི་དགུ་ཡོད་པར་གྲགས་ནའང་ད་ལྟ་ཉར་ཚགས་ཐུབ་པ་ཧ་ཅང་ཉུང་ཞིང་ཡོད་པ་དག་ཀྱང་ཐོར་བུ་དང་དུམ་བུའི་རྣམ་པ་ཅན་ནོ།།)ལ་དམིགས་པ་ཞིག་རེད། དེ་ནས་མོས་སློབ་གྲྭ་དེ་རང་དུ་མུ་མཐུད་དུ་སློབ་གཉེར་བྱས་ཏེ་1981ལོར་གྷི་རིག་གི་གནའ་རབས་སྙན་ངག་ནང་གི་འགྱུར་ཁུག་དང་དོན་གྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཞིག་བྲིས་ནས་རྩོམ་རིག་གི་འབུམ་རམས་པ་ཐོན།
དེ་རྗེས་ཁཱར་སོན་གྱིས་ཕི་རིན་སི་ཊོན(Princeton)གཙུག་ལག་སློབ་གྲྭ་ཆེན་མོའི་རྩོམ་རིག་སྡེ་ཁག་གི་ལས་རོགས་སློབ་དཔོན་གྱི་མིང་ཐོག་ནས་རྩོམ་རིག་དགེ་རྒན་གྱི་ལས་ཁུར་བསྐྱངས། མོས་རིགས་ལམ་གྱི་དབྱེ་ཞིབ་དང་གནའ་བོའི་ཡིག་རིགས་ཀྱིས་སྟེར་བའི་མཛེས་ཚོར་གཉིས་ཟུང་དུ་སྦྲེལ་ཏེ་དཔེ་ཁྲིད་གནང་བ་དེས་སློབ་མ་མང་པོའི་སློབ་སྦྱོང་གི་སྤྲོ་བ་བསླངས། ཕི་རིན་སི་ཊོན་དུ་ལོ་འགར་བསྡད་རྗེས་མོན་ཊི་རི་ཨལ(Montreal)དུ་ཡོད་པའི་མཱ་ཀིལ(McGill)གཙུག་ལག་སློབ་གྲྭར་ལས་གནས་སྤར་ཅིང་མོས་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་ཀྱི་མི་ཚེའི་ཕྱེད་ཀ་དེར་བསྐྱལ་བ་རེད། མཱ་ཀིལ་དུ་མོ་རིམ་པ་བརྒྱུད་དེ་སློབ་དཔོན་ཆེན་མོར་གྱུར་ཅིང་། གནའ་བོའི་གྷི་རིག་གི་རྩོམ་རིག་དང་ལྷག་པར་དུ་སཱ་ཧྥོ་སོགས་སྙན་ངག་མཁན་གཞན་དག་གི་བརྩམས་ཆོས་ཀྱི་ཕྱོགས་ནས་གཞན་དྲིང་མི་འཇོག་པའི་མཁས་དབང་ཞིག་ཏུ་གྱུར། དུས་སྐབས་དེའི་རིང་སྤེལ་བའི་མོའི་རིག་གཞུང་དཔྱད་རྩོམ་དང་དཔེ་དེབ་རྣམས་ནི་སྐད་བརྡ་རིག་པའི་ཞིབ་ཚགས་དང་འགྲེལ་བཤད་ཀྱི་སྤོབས་པ་ཟུང་འབྲེལ་དུ་ཡོད་པས་མིང་དུ་གྲགས་པ་ཞིག་རེད།
ཁཱར་སོན་གྱིས་སློབ་མའི་དུས་སྐབས་ནས་བཟུང་སྙན་ངག་འབྲི་འགོ་བཙུགས་ཡོད་མོད། འོན་ཀྱང་ཁོང་མོའི་རྩོམ་རིག་ཐད་ཀྱི་གྲུབ་འབྲས་ནི1992ལོར་《གཏམ་ཐུང་ཐུང》(Short Talks)དང༌། དེའི་རྗེས་ཀྱི་1995ལོར་《ཤེལ། འཕྱ་སྨོད། ལྷ》(Glass, Irony and God)ཞེས་པ་སོགས་སྙན་དེབ་འགའ་ཞིག་དཔར་སྐྲུན་བྱས་པ་ལས་ཐོབ། བརྩམས་ཆོས་དེ་དག་ལ་བརྟེན་ཏེ་ཁོང་མོར་དེང་རབས་སྙན་ངག་གི་སྟེགས་བུར་གོ་གནས་ཁྱད་པར་ཞིག་ཐོབ་པ་སྟེ་དེ་ནི་མོའི་སྙན་ངག་ཏུ་གནའ་བོའི་ལུང་ཚིག་དང་དེང་རབས་ཀྱི་ཚོར་བ། རིག་གཞུང་གི་ཞིབ་ཚགས་བཅས་ཆུ་ལ་ཆུ་བཞག་པ་བཞིན་མཉམ་དུ་འདྲེས་པར་བྱས་པས་སོ།། ལྷག་པར་དུ《ཤེལ། འཕྱ་སྨོད། ལྷ》ཞེས་པར་དཔྱད་བརྗོད་ཀྱི་མཉམ་འུར་ཆེན་པོ་བྱུང་བ་དང་། དེར་ལན་ནན་སྙན་ངག་བྱ་དགའ་ཐོབ། སྙན་དེབ་དེས་གནའ་བོའི་རྩོམ་ལུས་དང་བརྗོད་གཞི་བེད་སྤྱད་དེ་དེང་རབས་ཀྱི་བརྩེ་དུང་དང་། ཕམ་ཉེས། དད་པའི་འཚོལ་སྙེག་གི་ཉམས་མྱོང་གསལ་བར་བཀྲམས་ཞེས་གདེང་འཇོག་བྱས།
ཁཱར་སོན་གྱི་རྩོམ་རིག་བརྩམས་ཆོས་ནི་སྣ་མང་ཕུན་སུམ་ཚོགས་པ་དང་གསར་གཏོད་ཀྱི་ཉམས་ལྡན་པ་འབའ་ཞིག་ཡིན། 1998ལོར་ཁོང་མོས་《ཁ་དོག་དམར་པོ་ཅན་གྱི་རང་རྣམ》ཞེས་པའི་སྙན་ངག་གི་སྒྲུང་ཞིག་བརྩམས་གནང་མཛད་ཅིང་དེ་ཁོང་མོའི་འཐུས་ཚབ་བརྩམས་ཆོས་ལྟ་བུར་གྱུར། དེས་ཁཱར་སོན་གྱི་གནའ་བོའི་སྒྲུང་རྣམས་དུས་བསྟུན་གྱིས་དེང་གི་གཏམ་རྒྱུད་དུ་སྒྱུར་ཐུབ་པའི་འཇོན་ཐང་མཚོན་ཡོད་དེ། གཤོག་པ་དམར་པོ་ཅན་གྱི་འདྲེ་སྲིན་ཞིག་གི་སྐྱེ་འཚར་གྱི་སྒྲུང་བརྒྱུད་ནས་ཐོབ་ཐང་དང་འདོད་པ། གཞན་སྣང་སོགས་བརྗོད་བྱ་ཟབ་མོ་དག་མཚོན་པར་བྱས་ཡོད། 2001ལོར་《ཁྱོ་གའི་མཛེས་སྡུག》ཅེས་པའི་བརྩམས་དེབ་ཀྱིས་ཁོང་མོའི་མཚན་སྙན་སྔར་ལས་རྒྱས་སུ་བཅུག་ཅིང་དེར་T.S.ཨེ་ལི་ཊི་སྙན་རྩོམ་བྱ་དགའ་ཐོབ། བརྩམས་དེབ་དེའི་ཁ་བྱང་ཆུང་ངུར“ཊང་གྷོ(Tangos,སྤྱིར་ཊང་གྷོ་ནི་སི་ཕེན་སོགས་སུ་དར་ཁྱབ་ཆེ་བའི་རོལ་མོའི་འགྱུར་ཁུག་ཅིག་ལ་གོ་ནའང་འདིར་དེ་དཔེ་བྱས་ཏེ་རྩོམ་ཀྱི་ཚན་པ་ཐུང་ངུ་དག་བསྟན་པའོ།།)ཉེར་དགུའི་རྟོག་བཟོའི་ལྷུག་རྩོམ་ཅིག”ཅེས་བྲིས་ཡོད་ཅིང་དེས་མི་སྒེར་གྱི་བརྗོད་པ་དང་མཚན་ཉིད་རིག་པའི་བསམ་བློ་གཉིས་ཟུང་དུ་སྦྲེལ་ཞིང་འཆར་ཡན་རིང་ལུགས་ཀྱི་མཐོང་ལམ་བརྒྱུད་ནས་གཉེན་འཐོར་བའི་བྱུང་བ་ཕྲ་མོ་དག་ཞིབ་པར་མཚོན་ཡོད།
ཁཱར་སོན་གྱི་བརྩམས་ཆོས་ལ་ཐུན་མིན་གྱི་ཁྱད་ཆོས་འགའ་ཞིག་འཛོམས་པས་ཁོང་མོ་སྤྱིར་བཏང་གི་སྲོལ་རྒྱུན་གྱི་སྙན་ངག་མཁན་དང་གནའ་རབས་རིག་པ་བ་གཉིས་ཀ་དང་མ་འདྲ་བ་ཞིག་ཏུ་གྱུར་ཡོད། ཁོང་མོས་སྟོང་པ་དང་། དུམ་བུའམ་ཆ་ཤས། སྲོལ་རྒྱུན་དང་མི་མཐུན་པའི་རྣམ་པ་སོགས་བེད་སྤྱོད་ཀྱིས་སྙན་ངག་གི་མཐོང་ཚོར་ཞིག་བསྐྲུན་ཞིང་རིགས་པ་དང་མཛེས་དཔྱོད་གཉིས་ཀའི་ཆ་ནས་ཀློག་པ་པོའི་ཡིད་དབང་འགུག་པར་བྱེད། ཁོང་མོས་རྒྱུན་ཆད་མེད་པར་ནང་དུ་ཞུགས་པ་དང་བྱོལ་བ། ཁུ་སིམ་དང་གཏམ། བརླག་པ་དང་སླར་གསོ་བཅས་ཀྱི་འབྲེལ་བའི་ཐད་ལ་འཚོལ་ཞིབ་བྱེད་ཀྱི་ཡོད།
ཁཱར་སོན་ནི་སྙན་ངག་དང་། ལྷུག་རྩོམ། སྒྲུང་རྩོམ་སོགས་མ་ཟད་ཡིག་སྒྱུར་གྱི་ལས་ཀ་དང་མཐོང་ཚོར་སྒྱུ་རྩལ་ལའང་འཇུག་མཁན་ཞིག་ཡིན།
ཁཱར་སོན་གྱི་རང་གི་མི་ཚེའི་ལོ་རྒྱུས་སྐོར་ལ་ཅུང་ཟད་གསང་རྒྱ་བྱས་ཏེ་བརྩམས་ཆོས་ནང་ལོ་རྒྱུས་ཀྱི་རྒྱུ་ཆ་འགའ་ཞིག་ལ་འགྱུར་བ་བཏང་ཡོད། འོན་ཏེ་མོ་དང་རི་མོ་མཁན་རོ་བྷར་ཊི· ཀ་རི(Robert Currie)གཉིས་ཀྱི་དུས་ཡུན་རིང་པོའི་ཆང་སའི་འབྲེལ་བ་དེ་མོའི་གསར་རྩོམ་གྱི་གྲོགས་དན་དུ་གྱུར་ཡོད། མོར་ཕྲུ་གུ་མེད་ཅིང་། དེ་ནི་མོས་ཆེད་ལས་ལ་འཇུག་ཅིང་གསར་རྩོམ་ལ་འབད་པར་ཆེད་དུ་བློས་བཏང་བའི་གདམ་ག་ཞིག་རེད། འགྲུལ་བཞུད་ཀྱིས་མོའི་གསར་རྩོམ་གྱི་མི་ཚེའི་ནང་ནུས་པ་གལ་ཆེན་ཞིག་ཐོན་ཡོད། དཔེར་ན་གྷི་རིག་ནང་སྡོད་ཡུན་རིང་པོ་བྱས་པ་དེས་མོ་རང་ཐད་ཀར་ཡུལ་ལྗོངས་དང་རིག་གཞུང་ལ་འབྲེལ་བ་བྱུང་ཞིང་། དེས་མོས་གནའ་རབས་རྩོམ་རིག་ཁྲོད་ཀྱི་ཅ་ལག་དང་རྒྱབ་ལྗོངས་ལ་རྒྱུས་ལོན་ཐུབ་པར་ཕན་ཆེན་པོ་ཐོགས་ཡོད།
ཨཱན· ཁཱར་སོན་གྱིས་དེང་རབས་རྩོམ་རིག་ལ་བཞག་པའི་ཤུགས་རྐྱེན་ནི་སྙན་ངག་གི་ཁྱབ་ཁོངས་ཙམ་མིན་ཏེ། ཁོང་མོས་རབས་གཅིག་གི་རྩོམ་པ་པོ་རྣམས་ལ་རྩོམ་ལུས་ཀྱི་མཚམས་ཐིག་གི་སྐོར་ལ་བློ་རྣལ་དུ་ཕབ་སྟེ་བསམ་བློ་གཏོང་བར་སྐུལ་མ་བཏང་ཞིང་། རྩོམ་ཆོས(text)ཀྱི་མཐོང་ཚོར་དང་འཁྲབ་སྟོན་གྱི་ཕྱོགས་ལ་མཉམ་འཇོག་པ་དང་། གནའ་བོའི་ཤེས་རབ་དང་དེང་རབས་ཀྱི་གནད་དོན་བར་ལ་གཏམ་གླེང་ཐུབ་ཐབས་ཀྱི་ལམ་ཀ་གསར་པ་ཞིག་ཕྱེ་ཡོད། ཁོང་མོའི་ལོ་ཙཱའི་ལྟ་སྟངས་ཀྱིས་ཞིབ་འཇུག་པ་དང་སྙན་ངག་མཁན་ཚོར་དུམ་བུར་གྱུར་པ་དང་གོ་དཀའ་བའི་རྩོམ་ཆོས་ལ་ཇི་ལྟར་འཇུག་པའི་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

ད་ལྟའི་བར་དུ་ཁཱར་སོན་མཆོག་ནི་རིག་གཞུང་དང་རྩོམ་རིག་གཉིས་ཀའི་ཁྱབ་ཁོངས་སུ་ནུས་པ་ཐོན་ཞིང་ཤུགས་རྐྱེན་ཆེ་བའི་མི་སྣར་གནས་ཡོད། མོའི་གསར་རྩོམ་གྱི་གོམ་འགྲོས་ལ་ལྷོད་པ་མེད་ཅིང་ཉེ་དུས་མོས་མཐོང་ཚོར་སྒྱུ་རྩལ་དང་འཁྲབ་སྟོན། ཡི་གེ་བཅས་ཀྱི་བར་གྱི་འབྲེལ་མཚམས་གསར་པ་ཞིག་འཚོལ་གྱིན་ཡོད། མོ་དགུང་གྲངས་76ལ་སོན་ཡང་སློབ་ཁྲིད་དང་གསར་རྩོམ་གྱིས་མི་ཚེ་སྐྱེལ་བཞིན་རྩོམ་རིག་སླེབ་ཐུབ་སའི་གནས་ཐ་མ་དེ་འཚོལ་གྱིན་ཡོད།
མོའི་ཤུགས་རྐྱེན་ནི་དེང་རབས་ཀྱི་སྙན་ངག་མཁན་མང་པོའི་བརྩམས་ཆོས་ལས་ཀྱང་མཐོང་ཐུབ། མོ་ནི་སྙན་ངག་མཁན་ཡིན་པའི་མཁས་དབང་ཞིག་སྟེ། མོའི་བརྩམས་ཆོས་ཀྱིས་བརྩེ་བ་དང་། ཐོབ་ཤོར། རྒྱུས་ལོན། འདོད་པ་སོགས་མིའི་རིགས་ཀྱི་མྱོང་བ་ཟབ་མོ་དག་ནི་གནའ་དུས་དང་དེང་རབས་གང་ལའང་མི་གཏོགས་པར་རྟག་ཏུ་གནས་པས་མི་རབས་རེ་རེའི་ཐུན་མིན་གྱི་སྐད་བརྡའི་ཁྲོད་ནས་ཡང་ཡང་འབྱུང་སྲིད་པ་ར་གསལ་པོར་སྤྲད་ཡོད།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

