དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་འཇུག་པའི་གཏམ་《ལག་ལེན་དང་འཚོལ་ཞིབ》ཅེས་པ་པར་དུ་བསྐྲུན་པ།
ཉེ་ཆར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་འཇུག་པའི་གཏམ་《ལག་ལེན་དང་འཚོལ་ཞིབ》ཅེས་པ་པར་དུ་བསྐྲུན་འདུག ། དཔེ་དེབ་འདི་ནི་སྙེ་གཞུང་ནོར་བཟང་གིས་ཉེ་བའི་ལོ་འགའི་ནང་དུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་ཀ་དངོས་ལ་ཞུགས་ནས་ཐོབ་པའི་ཉམས་མྱོང་ཕྱོགས་བསྡུས་གནང་བའི་དཔེ་དེབ་ཅིག་ཡིན།དེབ་འདིའི་ནང་བསྡུས་པའི་རྩོམ་ཡིག་ཕལ་ཆེ་བ་རྩོམ་པ་པོས་ལོ་ཤས་རིང་རང་ལྗོངས་ཀྱི་ས་ཆ་མི་ཉུང་བ་ཞིག་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་འཆད་ཁྲིད་ཀྱི་མ་ཟིན་རྨང་གཞིའི་ཐོག་ཏུ་བྲིས་པ་ཞིག་ཡིན།
རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ཡོད་པའི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་བརྒྱུད་འཛིན་པ་གཙོ་བོར་གྱུར་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གོ་རྟོགས་མཐོ་ཏུ་གཏོང་བ་དང་། དེའི་སྐོར་གྱི་ཤེས་བྱ་ངོ་སྤྲོད། དངོས་མིན་རིག་གནས་ཤུལ་བཞག་ཞེས་པའི་རིག་ཚན་འདིར་གོ་བ་ཡང་དག་ལེན་ཐུབ་ཅིང་དེའི་ངོ་རྟགས་ཆོད་པ།དེ་བཞིན་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་ཀ་ཁག་རྣག་ཐོག་གཙག་འཁེལ་ཡོང་རྒྱུ་རྩོམ་འབྲིའི་དམིགས་ཡུལ་དུ་བཟུང་ནས་བྲིས་ཡོད།
དཔེ་དེབ་འདིའི་ནང་འཁོད་པའི《དཔེ་མཚོན་རང་བཞིན་ལ་དོ་སྣང་མི་བྱེད་པ་ནི་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་གནད་འགག་འགོ་མ་འཚོས་པའི་རྟགས་ཡིན》ཟེར་བ་ལྟ་བུའི་རྩོམ་ཡིག་གི་ནང་དུ་སྲོལ་རྒྱུན་ཡོད་ཚད་དངོས་མིན་རིག་གནས་ཤུལ་བཞག་ལ་བརྩི་མི་རུང་བར་གནའ་བོའི་དུས་སུ་བཟང་ཞིང་དེང་སྐབས་ཀྱི་སྤྱི་ཚོགས་ནང་རྒྱུན་བསྲིང་འཕེལ་རྒྱས་གཏོང་རིན་ལྡན་པའི་ཕུལ་བྱུང་ཤུལ་བཞག་ཁག་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་གཏོགས་པ་དང་།བརྒྱུད་འཛིན་པ་ནི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་མི་སྤྱིར་བཏང་བ་ཞིག་ལ་མི་གོ་བར་དེ་ནི་ད་ཡོད་ཤུལ་འཛིན་པ་མང་པོའི་ནང་ནས་རྒྱུན་འཛིན་གྱི་གདུང་རབས་ཁ་གསལ་སྟོན་རྒྱུ་ཡོད་ལ། ཀུན་སྤྱོད་གཙང་བ། རྩལ་ནུས་བཟང་བ། མི་ཀུན་གྱིས་ཆ་འཇོག་གམ་མིག་དཔེ་ལྟ་ཡུལ་གྱི་ཚད་གཞིར་གྱུར་བ། རིག་གནས་ཤུལ་བཞག་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱ་གཞག་ནང་དམིགས་བསལ་གྱི་ནུས་པ་དང་། གྲུབ་འབྲས་ངེས་ཅན་ཡོད་པའི་དཔེ་བཟང་ཅན་ཁོ་ནར་གོ་དགོས་པའི་ལྟ་བ་གསལ་བཤད་ཞུས་པ།《ལྕང་རྩ་མ་བརྟན་ན།སྡོང་པོ་ག་ལ་བརྟན》ཞེས་པའི་རྩོམ་ཡིག་ནང་རང་ལྗོངས་སུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གཞི་ཚུགས་ཚུན་གང་དེ་ལ་དོ་སྣང་བྱེད་མཁན་ལོ་རེར་མང་དུ་འགྲོ་བཞིན་པའི་རྣམ་པ་བཟང་པོ་ཐོན་བཞིན་ཡོད་ནའང་མི་མང་པོས་སྙན་ཞུའི་དམིགས་ཡུལ་མགོ་མ་འཚོས་པ་དང་།སྙན་ཞུ་འབྲི་སྟངས་མ་ཤེས་པ།ཡང་ན་སྙན་ཞུའི་ནང་དོན་རུ་ངར་པོ་མེད་པའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་སྙན་ཞུའི་དམིགས་ཡུལ་དང་སྤང་བླང་། འབྲི་སྟངས།འཆར་འགོད་སྐོར་བརྗོད་པ། དེ་བཞིན《ཐོ་རྗེས་ཟིན་ནས་ལས་རྗེས་ཟིན་དགོས》ཞེས་པའི་རྩོམ་ཡིག་ནང་དུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཁྲོད་ཀྱི་སྲུང་སྐྱོབ་ཅེས་པའི་ཐ་སྙད་ལ་གོ་བ་ལེན་ཚུལ་དང་སྲུང་སྐྱོབ་བྱེད་ཐབས་གང་དག་ཡོད་ཚུལ།ལས་དོན་དངོས་ལ་འཇུག་སྐབས་སྲུང་སྐྱོབ་བྱེད་ཐབས་ཁག་བེད་སྤྱོད་ཇི་ལྟར་གཏོང་དགོས་ཚུལ།བོད་ཡུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་རྒྱུན་གཏན་གྱི་བྱ་ཐབས་ཁག་གི་ནང་དུ་རྟོགས་ཞིབ་དང་ངོས་བཟུང་། ཡིག་སྒྱུར་བཅས་ཁ་སྣོན་བྱེད་པའི་དགོས་པ།ལྷག་པར་དུ་དེའི་ནང་རྒྱ་བོད་ལོ་ཙཱ་ནི་རང་ལྗོངས་སུ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀ་སྤེལ་བར་མེད་དུ་མི་རུང་བའི་བྱ་ཐབས་ཤིག་ཡིན་ཚུལ་བསྟན་པ། རྩོམ་ཡིག་གཞན་དག་གི་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་དངོས་མིན་རིག་གནས་ཤུལ་བཞག་གི་གོ་དོན་དང་ཁྱད་ཆོས། དངོས་མིན་རིག་གནས་ཤུལ་བཞག་གི་དངོས་ལ་ད་དངོས་སྦྱར་དགོས་པའི་རྒྱུ་མཚན། ད་ལྟའི་དཔེ་མཚོན་བརྒྱུད་འཛིན་པའི་བརྒྱུད་ལ་སྔོན་འཇུག་བ་ཞུགས་པའི་བརྒྱུད་འབྲི་ན་འཚམ་པ་ཡོད་ལུགས་སོགས་ཟུར་དུ་གསེད་དཀྲོལ་ཞུས་འདུག་པས་དེབ་འདིའི་ནང་ཀློག་པ་པོ་ཚོས་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱུས་མངའ་ཤེས་རྟོགས་བྱེད་པ་དང་།དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ལ་རིག་གཞུང་གི་ལམ་ནས་བློ་སྒོ་འབྱེད་པ་དང་། ཁ་ཕྱོགས་སྟོན་པའི་རིན་ཐང་ངེས་ཅན་ལྡན།ལྷག་པར་དུ་དེབ་འདི་རུ་འཁོད་པའི་རྩོམ་ཡིག་རྣམས་མངོན་བརྗོད་དང་ཚིག་རྒྱན་གྱིས་མ་བཅིངས་པར་གོ་བདེ་བར་བྲིས་ཡོད་པ་གང་ཞིག་དངོས་མིན་རིག་གནས་ཤུལ་བཞག་གི་ལས་ཀའི་ཉམས་མྱོང་ལས་བྱུང་བས་དོན་དངོས་དང་འཚམ་ཞིང་ལས་ཀ་དངོས་ནང་བེད་སྤྱོད་ཆེ་བས་རིག་གནས་ཤུལ་བཞག་གི་ལས་དོན་པ་དང་རྒྱུན་འཛིན་པ་རྣམས་ལ་མཁོ་བའི་དཔེ་དེབ་གོ་ཆོད་པོ་ཞིག་ཡིན།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

