ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ་དེབ་གསར་《ལང་ཚོའི་ཕྱིར་རྟོག》པར་སྐྲུན་འགྲེམ་སྤེལ་བྱས་ཤིང་དེར་གྲགས་ཅན་རྩོམ་པ་པོ་དག་གིས་ཤིས་ཚིག་གནང་།

དེབ་འདི་ནི་རྩོམ་པ་པོས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བྲིས་པའི་ལྷུག་རྩོམ་རྣམས་ལས་ལེགས་བཏུས་བྱས་པ་ཞིག་སྟེ། དེ་དག་ལས་མང་པོ་ཞིག《མི་རིགས་ཀྱི་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་ལྗོངས་ཉི་གཞོན》《མི་རིགས》སོགས་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་མྱོང་བ་དང་།བརྗོད་བྱའི་ནང་དོན་གྱི་ཆ་ནས་གཙོ་བོར་རྩོམ་པ་པོ་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་དང་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་བཅངས་པའི་བརྩེ་སེམས་ལྷད་མེད་མཚོན་པར་བྱས་ཡོད།

ཀུན་བཟང་རྣམ་རྒྱལ་གྱིས་བརྩམས་པའི་དེབ《ལང་ཚོའི་ཕྱིར་རྟོག》ཅེས་པ་འདི་ནི་ལྷུག་རྩོམ་བསྡུས་དེབ་ཅིག་སྟེ། རྩོམ་པ་པོས་ཉེ་བའི་ལོ་ངོ་འདི་དག་ལ་བྲིས་པ་རྣམས་ལས་ཡག་ཤོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་རེད། སྤྱིར་ན་ཀུན་བཟང་རྣམ་རྒྱལ་ལགས་ནི་རྩོམ་ལུས་སྣ་ཚོགས་ལ་འཇུག་མཁན་ཞིག་སྟེ། ཁོང་གི་བརྩམས་ཆོས་ཁྲོད་དུ་ལྷུག་རྩོམ་དང་བྱིས་སྒྲུང་ཡོད་པར་མ་ཟད། ད་དུང་ལྷུག་རྩོམ་གྱི་ལུས་ལ་འདའ་འགོངས་བྱས་པ་ཅན་ཡང་ཡོད། དེ་མིན་གསར་རྩོམ་ཡོད་པར་མ་ཟད། ལོ་ཙཱའི་རྩོམ་དང་། དམངས་རྩོམ་གྱི་འཚོལ་སྡུད་དམ་བཅོས་སྒྲིག་ཀྱང་འདུག། ནང་དོན་གྱི་ཐད་ནས་ཀྱང་དེ་བཞིན་སྣ་མང་ཕུན་ཚོགས་སུ་མཆིས།
ཡིན་ན་ཡང་།དེབ་འདིར་བསྡུས་པ་དག་ནི་རང་རྩོམ་འབའ་ཞིག་སྟེ། ནང་དོན་ལ་སྤྱིའི་བརྗོད་སྙིང་གཙོ་བོ་ཞིག་ཡོད་དེ།དེ་ནི་དུས་ཀྱི་འགྱུར་བའོ།།རྩོ མ་ཕལ་ཆེར་བས་བྱིས་པའི་མཐོང་སྣེ་སྤྱད་དེ་ད་ལྟའི་དུས་ཚོད་ཀྱི་ངོས་ནས་འདས་དུས་ཀྱི་འཚོ་བར་ཕྱིར་དྲན་བྱས་ཏེ་བྲིས་པ་ལ། བོད་ཀྱི་དེང་རབས་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕོ་འགྱུར་ཚུར་སྣང་བྱེད་པའི་སྤྱི་ཚོགས་ལོ་རྒྱུས་ཤེས་རྟོགས་ཀྱི་རིན་ཐང་ཡོད། རྩོམ་གྱིས་དེང་རབས་བོད་ཀྱི་ལོ་ངོ་སུམ་ཅུ་བཞི་བཅུ་ལྷག་གི་ལོ་རྒྱུས་ཀྱི་འགྱུར་བ་ལ་དཔང་པོ་མཛད་ནས་ཡོད། དེར་མ་ཟད། མཛེས་རིག་གི་ཆ་ནས་བཤད་ན། ཕྱིར་དྲན་ཁྲོད་ཀྱི་འདས་དུས་ཀྱི་འཚོ་བ་དེ་ནི་དྭངས་གཙང་ཅན་དང་། བབ་ཆགས་ཅན་དང་། ལྷད་མེད་ཅིག་ཏུ་བྱས་ཡོད། ང་ཚོ་ཀློག་པ་པོ་དག་གིས་རྩོམ་དེ་དག་ཀློག་པའི་མོད་ལ་རང་སོ་སོའི་འདས་དོན་གྱི་དོན་སྤྱི་རེ་རེའི་དྲན་སློང་ལ། དེའི་མྱོང་རོལ་གྱི་ཁྲོད་ནས་ཡང་བསྐྱར་བྱིས་པའི་འཚོ་བ་རྣམ་དག་ཅིག་ལ་རོལ་ཐུབ།དེང་གི་ཡོ་ལང་རྒོད་པའི་སྤྱི་ཚོགས་ནས་ལུས་སེམས་ངལ་དུབ་ཀྱིས་མནར་དུས་འདིར།ཁོའི་རྩོམ་གྱིས་བྱིན་པའི་ལྷོད་བག་དང་སྟབས་བདེ་འདིས་ཀློག་པ་པོའི་སེམས་ལ་མཛེས་རྟོག་གི་དབུགས་དབྱུང་སྟེར་ཡོང་།
ཁོའི་དེབ་འདིར་བསྡུས་པའི་གསར་རྩོམ་གྱི་རྩོམ་དང་དུས་དེབ་སོགས་གཞན་དུ་བཀོད་པའི་ལོ་ཙཱའི་རྩོམ་གཉིས་གཤིབ་བསྡུར་གྱིས་བཀླགས་ཚེ། རྩོམ་འབྲི་བར་དགའ་བའི་ཀློག་པ་པོ་དག་ལ་ལྷུག་རྩོམ་གྱི་འབྲི་ཐབས་ཀྱི་ཐད་ནས་བློ་བསྐྱེད་ལེགས་པོ་སྟེར་སྲིད།ལོ་ཙཱའི་རྩོམ་གྱི་འབྲི་ཐབས་ལ་ཞིབ་ཚགས་དང་ཕྲ་རབ་ཀྱི་མཛེས་པ་ཆེས་ཆེར་ལྡན་ནས་འདུག། དེ་ནི་ང་ཚོ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་གོང་མཐོར་འདེགས་བྱེད་ཅིག་དང་། སྐྱོན་ལ་ཡོ་བསྲང་བཟོ་བྱེད་གལ་ཆེན་ཞིག་རེད་སྙམ།
དེབ་འདིའི་རྩོམ་རིག་གི་ཆུ་ཚད་དེ་འདྲའི་ཡ་མཚན་མཐོན་པོ་ཞིག་ཏུ་སླེབས་ཡོད་པར་བཤད་ན་ནི་དངོས་ཡོད་གནས་ཚུལ་ལས་འདས་པའི་འུར་བརྗོད་དང་། ཀློག་པ་པོར་འགན་མ་ཁུར་བ་ཞིག་ཏུ་འགྲོ། ཡིན་ཡང་། ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་བཞིན་བོད་ཀྱི་རྩོམ་རིག་གི་ཆུ་ཚད་ཀྱི་ཚད་ནས་བཤད་ན། དེབ་འདིར་རྩོམ་རིག་གི་རིན་ཐང་ཡོད་པ་ལ་ནི་སུ་ཡིས་ཀྱང་བསྙོན་འདིང་མི་ནུས་སོ།།
---བདུད་ལྷ་རྒྱལ་གྱིས།
ཀུན་བཟང་རྣམ་རྒྱལ་ལགས་ཀྱི་ལྷུག་རྩོམ་དེབ《ལང་ཚོའི་ཕྱིར་རྟོག》ཀློག་མཁན་གྱི་སྤྱན་སྔར་འབུལ་རྒྱུ་བྱུང་བའི་དུས་ཚེས་བཟང་པོ་འདི་དང་འབྲེལ་ནས་ཕྲན་གྱིས་ཁོང་གི་དེབ་འདིའི་ཁྱད་ཆོས་འགའ་ཞིག་གླེང་བར་འདོད་དེ། དེབ་འདིར་བཀོད་པའི་ལྷུག་རྩོམ་གང་ཡིན་ཀྱང་ཁ་གསལ་ཞིང་གོ་བདེ་བ་དང་། བརྗོད་བྱ་གཙོ་ཕལ་གྱི་དབྱེ་བ་གསལ་བ།བསྟན་བྱའི་དོན་གཙོ་བོ་ལྷང་ངེར་མངོན་པ་ཞིག་ཏུ་གྲུབ་འདུག གང་ལ་གང་འཚམས་ཀྱིས་དཔེ་དང་ཚིག་རྒྱན་ལེགས་པར་བཀོལ་ཅིང་དེ་ཉིད་འགྱུར་ཁུག་དང་གདེགས་འཇོག་གིས་ཕྱུག་པ་ཞིག་ཏུ་བཟོས་ཡོད། དེ་བཞིན་ལྷུག་རྩོམ་རེ་རེའི་སྒྲོམ་གཞི་ཚགས་དམ་པ་རིན་པོ་ཆེའི་སྒྲོམ་བུ་ལྟ་བུར་གྲུབ་འདུག་སྟེ། དབུ་ཇི་ལྟར་བསླངས་པ་དེས་གཞུང་བསྲིངས་ཤིང་བརྗོད་བྱའི་གནད་བསྟན་པ་དང་མཐར་མཇུག་བསྡུས་ཏེ་འགོ་མཇུག་བར་གསུམ་ཚང་མ་ཕན་ཚུན་འབྲེལ་ཆགས་པར་བྱས་འདུག
རྩོམ་པ་པོས་ཞོགས་པའི་ཉི་འོད་དང་། ཁུ་བྱུག་གི་གསུང་སྐད། ཁྱི་རྒན་གྱི་ཟུག་སྐད་བཅས་བརྒྱུད་ནས་མཐོ་སྒང་གི་ཁོ་ར་ཁོར་ཡུག་ཧ་ཅང་གསོན་ཉམས་ལྡན་པར་བཀོད་པ་དང་། ཁོ་རང་བྱིས་པ་སྣབས་ལུག་ཅིག་ཡིན་པའི་དྲན་པ་སོས་ཏེ་མཐོ་སྒང་གི་བྱིས་པ་རྣམས་ཀྱི་འཚོ་བའི་གནས་སྟངས་དངོས་མཚོན་པ་དཔེར་དྲངས་ཚེ་དེབ་འདིས་བཞེངས་པའི་སྣང་བརྙན་མང་པོ་ནང་གི་གཅིག་མཐོང་ཐུབ་སྟེ།ཁོང་གིས“སྐབས་དེའི་ང་རང་ནི། ས་ཆེན་འདིའི་སྟེང་གི་བྱིས་པ་སྣབས་ལུག་ཅིག་དང་། སྐབས་དེའི་མཐོ་སྒང་གི་བྱིས་པ་སྤྱི་དང་འདྲ་བར་རྐང་མགོ་ན་ལྷམ་མེད་པའི་བྱིས་པ་སྣབས་ལུག་ཅིག་སྟེ། ནམ་རྒྱུན་ཁྱིམ་མཚེས་གྲོང་རོགས་ཀྱི་རྫི་རོགས་ཚོ་དང་མཉམ་དུ་ནོར་ལུག་འཚོ་བར་འགྲོ་བཞིན་ཡོད”ཅེས་བྲིས་འདུག འདི་འདྲའི་སྣང་བརྙན་གྱི་ཚོགས་པ་དག་ལོངས་སུ་སྤྱད་འདོད་ན་ཁྱེད་ཀྱིས་རིན་པ་སྤྲད་ནས་དེབ་འདི་ཁྱིམ་ནང་དུ་འཁྱེར་བ་ནི་གདམ་ཀ་ལེགས་ཤོས་ཡིན་ནོ།།
མདོར་ན་བབ་ཆགས་པའི་སྣང་བརྙན་འདི་དག་ཀུན་བཟང་རྣམ་རྒྱལ་གྱི་སྨྱུག་ཁ་ནས་སྣུམ་ཚོན་རི་མོ་བཞིན་ལུད་པ་དེས་ཀློག་མཁན་ཁྱོད་ཀྱི་སེམས་ངལ་ཡང་ཡང་སོས་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་དེབ་འདི་ཅུང་མདོར་བསྡུས་སུ་ངོ་སྤྲོད་པའི་ཚིག་ཏུ་སྐྱབས་ཆེན་བདེ་གྲོལ་ལམ་པིར་མིང་ལ་སྐྱ་བོར་འབོད་པས་བྲིས་པ་དགེའོ།།
---སྐྱབས་ཆེན་བདེ་གྲོལ་གྱིས།
མི་དང་སེམས་ཅན་གཞན་དག་དབར་གྱི་ཁྱད་པར་གཙོ་བོ་ནི་དྲན་ཤེས་ཡོད་པ་གང་ཞིག་བསམ་གཞིག་དང་ཕྱིར་དྲན་ཤེས་པ་དེ་ཡིན། རྣམ་རྒྱལ་གྱི་ལྷུག་རྩོམ《ལང་ཚོའི་ཕྱིར་རྟོག》ནང་ཕ་ཡུལ་དང་། འབྲོག་ས། བྱིས་དུས། རང་ངོས་བཅས་ཀྱི་ཕྱིར་དྲན་ཉིན་ཐོ་དང་འདྲ་བར།ནང་དོན་བསྡུས་ཀྱང་བསམ་གཞིགས་མང་ལ་བརྩེ་དུང་ཟབ་པ་ཞིག་ཡོད། ཁོང་གིས་ལྷུག་རྩོམ་རེ་རེའི་ནང་ཡིག་འབྲུ་ཉུང་ཉུང་ཞིག་གིས་འབྲོག་པའི་འཚོ་བའི་རིག་གནས། བྱིས་པའི་ལྷད་མེད་ཀྱི་ལྷག་བསམ།འབྲོག་པའི་རིག་གནས་དང་གྲོང་ཁྱེར་འཚོ་བའི་བར་གྱི་གདོང་ཐུག་ལ་སོགས་པ་བརྗོད་གཞི་སྣ་ཚོགས་པར་ཤེས་ཡོན་ཅན་ཞིག་གི་ལང་ཕྱོགས་ནས་བསམ་གཞིགས་གནང་འདུགཁོང་གི་འཚོ་བའི་ནང་ཕེབས་མྱོང་བའི་ཁ་བའི་མེ་ཏོག་དང་རང་གྲོལ་ལ་སོགས་པ་ནི་འཚོ་བར་དགའ་ཞེན་ཡོད་བཞིན་དུ་འཁོར་བ་ལས་གྲོལ་ཐབས་བྲལ་བ་ཞིག་ཡིན་པ་དང་། ཁོང་གིས་སྐབས་ཤིག་བྲལ་ཡང་ཟུངས་ཁྲག་ཏུ་ཐིམ་ཟིན་པའི་ཕ་ཡུལ་དང་མཐོ་སྒང་ནི་ཁོང་གི་དགའ་སྐྱོ་ཀུན་གྱི་འབྱུང་ཁུངས་ཡིན། དེ་བཞིན། རྣམ་རྒྱལ་གྱི་ལྷུག་རྩོམ་ལས་དགའ་སྐྱོ་གཉིས་འདྲེས་ཀྱི་བརྩེ་དུང་ཞིག་ངམ་ངམ་ཤུགས་ཀྱིས་འཕྱུར་བ་དང་སྐྱོ་གར་རང་བཞིན་དང་དུང་སེམས་ཀྱིས་ཕྱུག་པ་ཞིག་རེད་འདུག འོན་ཀྱང་བརྩེ་དུང་གིས་ཕྱུག་པ་གང་ཞིག་རྒྱ་མཚོའི་རྦ་རླབས་ལྟར་ཐད་ཀར་ཀློག་པ་པོ་སྐྱོམ་པ་མིན་པར་ལྷུག་རྩོམ་གྱི་དོན་བརྗོད་ཐབས་ནི་མཐོ་སྒང་གི་གངས་རི་ལྟར་ལྷིང་ལ།གངས་ཆུ་བཞིན་དལ་ལ་ཆུ་རྒྱུན་རིང་བ་ཞིག་རེད། དེའི་རྐྱེན་རྣམ་རྒྱལ་གྱི་ལྷུག་རྩོམ་ཀློག་དུས་ཉི་མ་དྲོ་བའི་དུས་ཤིག་ལ་གྲོགས་པོས་རང་ལ་རྒྱང་རིང་གི་ལོ་ཟླ་གླེང་བའི་སྣང་བ་ཞིག་སྦྱིན་ནོ།།
---ཚེ་རིང་དབྱངས་སྐྱིད་ཀྱིས།
སྐུ་ཞབས་ཀུན་བཟང་རྣམ་རྒྱལ་མཆོག་གིས་བརྩམས་པའི་རྩོམ་ལུས་སྣ་འཛོམས་ཀྱི་དེབ་ཆུང་འདིར། འཚོ་བའི་གྲུ་ག་ཆུང་ཆུང་རེ་རེ་ན་མངོན་ཆུང་ངམ་གླེང་རིན་མེད་པའི་ཟོལ་གྱིས་ཡོད་པའི་མི་སྣ་ཕལ་བ་རེ་རེའམ་དོན་བྱ་ཕྲན་ཚེགས་རེ་རེ་ཡིག་འབྲུའི་ཕྲེང་རྡོག་ལ་བརྒྱུས་འདུག དེ་བས་ཀྱང་གཙིགས་ཆེ་བ་ནི་རྩོམ་མཁན་གྱི་བརྩེ་བ་རྣལ་མ་ཞིག་དང་ཚོར་བ་རྣོན་པོ་ཞིགད་དུང་འགན་ཁུར་ཆེན་པོ་ཞིག་བསང་དུད་བཞིན་རྩོམ་ཡོངས་ཀྱི་མཁའ་དབུགས་སུ་གཏིབས་འདུག་པ་དེ་རེད་སྙམ།
----ལྷ་བྱམས་རྒྱལ་གྱིས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

