གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག་དང་མི་རབས་གསུམ་པ་བ་ཚོར་སྨྲས་པ།

2011-06-27 22:35:00 གཉན་པོ། ཀློག་གྲངས། མཆན ཡོད།

   ཉིན་ཤས་སྔོན་དུ་མཆོད་མེ་དྲ་བ་ལས“མདའ་བཙན་པོ་སོགས་མི་རབས་གསུམ་པ་ནས་བུད”ཅེས་པའི་གསར་འགྱུར་དེ་མཐོང་བ་དང་།   དེ་རུ་མདའ་བཙན་པོ་དང་སྐྱབས་ཆེན་བདེ་གྲོལ།  མཚོ་བུ་དགའ་བདེ།  རྨོག་ རུ་ཤེས་རབ་རྡོ་རྗེ། བསྒྲལ་རྡོ་སོགས་མི་རབས་གསུམ་པའི་ཚོགས་ཁོངས་ནས་བུད་པ་དང་སྙན་ངག་པ་གཅན་མེ་ སྟག་མི་རབས་གསུམ་པར་ཞུགས་ཞེས་པ་སོགས་མཐོང་འཕྲལ་རང་གི་མིག་ལ་ཡང་ཡིད་མི་ཆེས་ པ་འདྲ་ཞིག་བྱུང་སོང་ན་ཡང་དེ་ནི་དོན་ངེས་ཡིན་འདུག   གསར་འགྱུར་དེ་ནི་ཤིན་ཏུ་བསྡུས་པས་ན་ཁོ་ཚོ་ཚོགས་ཁོངས་ནས་ཕྱིར་འབུད་བགྱིས་པའི་གནས་ཚུལ་ཞིབ་རྒྱས་ཤིག་བཀོད་མེད་ན་ཡང་། དེ་རུ་གསལ་བ་ནི་མི་རབས་གསུམ་པ་བ་ཚོའི་སྙན་ངག་གི་ཁ་ཕྱོགས་སམ་ལྟ་གྲུབ་མ་མཐུན་པས་འགའ་ཞིག་ཚོགས་པ་ལས་ཕྱིར་བུད་ཡོད་ན་ཡང་།    ཁོ་ཚོར་ད་དུང་སྔར་བཞིན་གྲོགས་པོའི་འདུ་ཤེས་ཡོད་ཚུལ་བཅས་བྲིས་འདུག  ཁོ་ ཚོར་དེ་འདྲའི་དོན་དག་མི་ལེགས་པ་ཞིག་བྱུང་བར་ང་ལ་མཚོན་ན་ཤིན་ཏུ་བློ་ཕམ་པ་ ཞིག་རེད་ལ་འུ་ཚོའི་རིག་གནས་པའི་ཁྲོད་ཀྱི་སྣང་ཚུལ་ངན་པ་ཞིག་ཏུ་མཐོང་སོང་། །  སྤྱིར་རང་ཉིད་སྙན་ངག་ལ་དུངས་མཁན་ཞིག་ཡིན་པའི་ཆ་ནས་སྙན་ངག་པ་ངོ་མའམ་སྙན་ངག་རྣལ་མ་འབྲི་མཁན་དག་ལ་ཤིན་ཏུ་དགའ་ཞིང་།   དེ་བཞིན་ཏུ།  བོད་ཀྱི་སྙན་ངག་གི་དཔུང་སྡེ་མི་རབས་གསུམ་པར་འབོད་པའི་ཤོག་ཁ་འདི་ལའང་ང་རང་ཤིན་ཏུ་དགའ་བ་ཡིན།   ཁོ་ཚོ་བལྟས་འཇོག་གིས་བོད་ཀྱི་སྙན་ངག་པ་ལེགས་པོ་འགའ་ཞིག་ཡིན་པའི་འདུ་ཤེས་ཤིག་ང་ལ་ཡོད།  སྤྱིར་མི་རབས་གསུམ་པ་ཕྱི་རུ་ཐོར་བ་དང་གཅན་མེ་སྟག་ནང་དུ་འཛུལ་བ་སོགས་ནི་ང་ལྟ་བུ་ལ་བབ་མེད་པའི་ལས་ཞིག་ཡིན་ན་ཡང་། ཚོགས་པ་འདི་ནི་བོད་ཀྱི་སྙན་ངག་གསར་བའི་གནམ་འདེགས་ཀ་བ་ལྟ་བུ་ཞིག་དང་ ཚོགས་པ་འདིའི་ལས་དོན་བྱེད་ཕྱོགས་འགའ་ཞིག་ཏུ་རེ་བའི་མེ་འོད་རེ་མཐོང་རྒྱུ་ འདུག་བསམ་པ་བཅས་ཀྱིས་བདག་གིས་ཚོགས་པ་འདི་ལ་རྩིས་འདང་ཞིག་བཞག་མྱོང་། ལྷག་པར་དུ་མདའ་བཙན་པོ་སོགས་དེ་འདྲའི་ལས་སླ་མོའི་ངང་ནས་ཕྱིར་འབུད་བྱས་པར་འདང་མ་ཕོག་ཅིང་།  གཅན་མེ་སྟག་ཧོལ་འཛུལ་བྱས་པར་ཡང་ཤིན་ཏུ་མ་དགའ།  ཕྱོགས་གཅིག་ནས་གླེང་ན་ཁོ་ཚོས་སྙན་ངག་ལ་འགན་འཁྲི་བཞག་མི་ཆོག་ཟེར་བ་བཞིན་རང་ཉིད་དང་ཚོགས་པ།   ཐ་ན་ཡོད་ཚད་ལ་འགན་མ་འཁུར་བའི་བྱ་སྤྱོད་ཅིག་བསྟན་སོང་བ་རེད་ལ།  གཞན་དུ་ན་ཁོ་ཚོས་སྙན་ངག་འབྲི་བ་ལ་ཚོགས་པ་དགོས་དོན་མེད་ཟེར་ན་ཐང་མོད་།   དེས་ན་ཅིས་ཕྱིར་ལོ་ཁ་ཤས་ཀྱི་ཡར་སྔོན་དུ་ཚ་ཚ་འུར་འུར་གྱིས་མི་རབས་གསུམ་པ་ཤོག་ཁ་ཞིག་ཏུ་བཙུགས་པ་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་པ་ཡིན།  གང་ལྟར་སྙན་ངག་ལ་འགན་འཁྲི་མི་དགོས་པའམ།  ཡང་ན་སྙན་ངག་འབྲི་བར་ཚོགས་པ་དགོས་དོན་མེད་ན་ཡང་།   མི་ཞིག་གིས་ཚོགས་པ་ཞིག་ལ་འགན་ཁུར་སྟངས་འདི་འདྲ་ཞིག་ཡིན་མི་སྲིད་ལ།   ཚོགས་པ་ནི་རྩེད་མོ་རྩེད་ས་ཞིག་དེ་བས་ཀྱང་ཡིན་མི་འོས།  དེ་བས་གཅན་མེ་སྟག་ཟེར་བ་དེ་ཡང་གློ་བུར་དུ་མི་རབས་གསུམ་པའི་གྲས་སུ་འཚང་ནས་ཡོང་བར་ཅིས་ཀྱང་ལེགས་སོ་ཟེར་མི་འདོད་ཅིང་།  དོན་ དག་འདི་མུས་ཕྱིན་ཚེ་རིང་སྐྱིད་ཀྱིས་མི་རབས་གསུམ་པ་ལས་འབུད་རྒྱུའི་གསལ་ བསྒྲགས་བྱས་པ་བཞིན་ཚོགས་མི་གཞན་དག་གི་ངོས་ནས་ཀྱང་གནས་ཚུལ་འབྱུང་མི་སྲིད་པ་ མིན་པས་ན།  ད་ནི་ཤུལ་སྡོད་ཚོགས་མི་དག་གིས་ཚོགས་པ་ འདི་སྔར་བཞིན་གནས་པའམ་ཡང་ན་ཕྱིར་འབུད་བྱས་ཟིན་པའི་ཚོགས་མི་དག་བསྐྱར་འཛོམས་ བྱེད་པའི་ཐབས་སུ་གོ་བསྡུར་ཏེ་བགྱི་བ་རྩོམ་དགོས་པ་དང་།  མཁས་བླུན་དག་གིས་ཅི་བཤད་ཀྱང་སྙན་ངག་གི་ཁ་ཕྱོགས་དང་སྙན་ངག་པའི་ལངས་ཕྱོགས་དམིགས་བསལ་བ་ཡོད་པའི “མི་རབས་གསུམ་པའི་རྩྭ་ཐང”སྔར་བཞིན་ཡངས་བའི་ཐབས་ལམ་ཞིག་ཅིས་ཀྱང་འཚོལ་དགོས་པ་དང་གཅན་མེ་སྟག་སོགས་ཀྱིས་ཀྱང་བསམ་གཞིག་ཞིབ་མོར་གཏོང་རྒྱུ་ནི་བདག་གི་སྙིང་ཁོང་རུས་པའི་གཏིང་གི་རེ་བ་ཉག་གཅིག་ཡིན་ནོ།   
                   ཞེས་གཉན་པོ་ནས།    2011  06  24  ཉིན་གྱི་མཚན་གུང་དུ་བྲིས།

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།